མདུན་ཤོག

ལོ་རྒྱུས་མི་སྣ། - བཻ་རོ་ཙ་ན་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས།

བཻ་རོ་ཙ་ན་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས།

 


2017-3-6 10:08:09 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 2211.jpg

རྩོམ་པ་པོ་མཁན་པོ་ཚེ་རིང་ནོར་བུ།

   བཻ་རོ་ཙ་ན་ནི་སངས་སུ་ཏའི་སྐད་ཡིན་པ་དང་། བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཞེས་པའི་དོན་ཡིན། བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་སྐད་གྲགས་ཤིན་ཏུ་ཆེ། བཻ་རོའི་འཁྲུངས་ཡུལ་ནི་ལྷ་སའི་སྙེ་མོ་ཐང་སྟེ་ད་ལྟ་སྙེ་མོ་རྫོང་ཟངས་རི་ཆུས་བ་གོར་གྲོང་བའི་ཁོངས་སུ་གཏོགས། ཡབ་ལ་བ་གོར་ཧེ་འདོད་དམ་གན་ཇག་བ་གོར་ཡང་ཟེར།བོན་གྱི་དཔེ་ཆ་རྣམས་སུ་བ་གོར་དོད་དེ་རྒྱལ་བ་ཟེར། དེ་དང་ཡུམ་བྲམ་ཟེ་དཀར་སྐྱིད་དམ་བྲམ་ཟེ་ཀ་བཟའ་སྒྲོན་མ་གཉིས་ཀྱི་སྲས་སུ་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཙམ་ལ་སྐུ་འཁྲུངས། ཆུང་དུས་ཀྱི་མིང་ལ་གན་ཇག་ཐང་ཏའམ་བ་གོར་རིན་ཆེན་བློ་གསལ་ཞེས་འབོད།རྗེ་སུ་རྒྱལ་པོ་ཁྲི་སྲོང་དང་འགྲོགས་ཏེ་བསམ་ཡས་ལོ་ཙཱའི་གླིང་དུ་ཕེབས་ཏེ་ལོ་ཙ་དང་ཆོས་ཕྱོགས་ལ་སྦྱང་བ་མཛད་པས་མཚན་ལ་བཻ་རོ་ཙ་ན་ཞེས་གྲགས་ཏེ། བོད་ཀྱི་རྒྱལ་པོའི་བུ་ཚབ་བྱས། དཔེར་ན་རྡོ་རྗེ་གླིང་པའི་གཏེར་བོན་བཻ་རོའི་རྣམ་ཐར་ལས།ཡབ་ནི་བ་གོར་དོད་དེ་རྒྱལ་བ་དང་།།ཡུམ་ནི་བྲམ་ཟེ་ཀ་བཟའ་གསལ་སྒྲོན་གཉིས།།སྲས་ནི་བ་གོར་རིན་ཆེན་བློ་གསལ་བཏགས།།དང་པོ་ཞང་ཞུང་གཡུང་དྲུང་བོན་ལ་སྤྱད།། བར་དུ་རྒྱ་གར་དམ་པའི་ཆོས་སྒོར་ཞུགས།།ཐ་མ་བོད་ཀྱི་རྒྱལ་པོའི་མཆོད་གནས་བཀུར།།བཻ་རོ་ཙ་ན་བོན་ཆོས་ཕུང་པོར་གྲགས།། དེ་བཞིན་ཏུ་ཨོ་རྒྱན་པའི་བཀའ་ཐང་ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར།། བོན་བསྒྱུར་ནང་ཏུ་གན་ཇག་ཀང་ཏ་བྲིས།།ཞེས་མདོ་བསྒྱུར་བའི་སྐབས་སུ་ཞང་ཡེ་ཤེས་སྡེ་དང་། རྫོགས་ཆེན་བསྒྱུར་བའི་སྐབས་སུ་བཻ་ར་ཙ་ནར་འབོད།སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་དང་།རྩིས་བསྒྱུར་ནང་དུ་ཨིན་དྲ་བཻ་རོ་འབོད།བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་འབོད། ཞེས་ཁོང་ལ་མཚན་མི་འདྲ་བ་ཁ་ཤས་ཡོད་པར་མ་ཟད་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་སྐད་གྲགས་ཤིན་ཏུ་ཆེའོ།། དེས་འདིར་བོན་དང་འབྲེལ་བའི་བཻ་རོའི་ལོ་རྒྱུས་ངོ་སྤྲོད་དང་ཆོས་སམ་བན་དེ་དང་འབྲེལ་བའི་བཻ་རོའི་ལོ་རྒྱུས་མདོ་བསྡུས། བན་བོན་རྫོགས་ཆེན་བར་གྱི་འབྲེལ་བ་ལ་དཔྱད་པ་མདོར་བསྡུས།

༡་ བོན་དང་འབྲེལ་བའི་བཻ་རོའི་ལོ་རྒྱུས་འགའ་རེ་ཞུ་བ་ལ།

   དེའང་དཔལ་ལྡན་ཇོ་བོ་རྗེ་ཨ་ཏི་ཤས་བསམ་ཡས་ཀ་བ་བུ་མ་ཅན་ནས་གཏེར་ལས་དྲངས་པའི་བཀའ་ཆེམས་ཀ་ཁོལ་མ་དང་བཞེད་སྟོན་དངོས་གྲུབ་གྲགས་པས་ལྷོ་བྲག་ཁོམ་ཐང་ལྷ་ཁང་ནས་གཏེར་དུ་དྲངས་བའི་མ་ཎི་བཀའ་འབུམ་སོགས་ལ་གཞིར་བཟུང་ནས། ཕྱིས་བྱོན་བོད་ཀྱི་ལོ་རྒྱུས་དང་དེབ་ཐར་རྣམས་སུ་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བློན་ཆེན་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་གིས་ལྷ་ཐོ་ཐོ་རིའི་དུས་སུ་གནམ་བབས་སུ་བྱུང་བའི་ཐུགས་རྗེ་ཆེན་པོའི་རྒྱུད་སྐོར་རྣམས་བོད་སྐད་དུ་བསྒྱུར་ཏེ་དར་ཚུལ་བཤད་ཡོད་པར་མ་ཟད། སྲོང་བཙན་ཉིད་ཐུགས་རྗེ་ཆེན་པོའི་སྤྲུལ་བ་ཡིན་པ་དང་།རྒྱ་བཟའ་དང་བལ་བཟའ་སོགས་སྒྲོན་མ་དཀར་སྔོན་གཉིས་ཀྱི་སྤྲུལ་བ་ཡིན་ཚུལ་སོགས་ལོ་རྒྱུས་འདྲ་ཆགས་པ་མང་པོ་བཤད་ཡོད་ཀྱང་། ཏུན་ཧོང་ཡིག་རྙིང་སོགས་ལས་སྲོང་བཙན་གྱི་བློན་པོ་དང་བཙུན་མོ་ཐ་ན་གཡོག་མོ་ཚུན་ཆད་ངོ་སྤྲོད་ཞིབ་ཆ་བྱས་ཡོད་པ་ལ་ཐོན་མི་སམ་བྷོ་ཊ་ཟེར་བའི་མིང་ཙམ་ཡང་མེད་པས་ཐུགས་རྗེ་ཆེན་པོའི་རྒྱུད་རྣམས་ཀྱང་དུས་རབས་བཅུ་གཅིག་པའི་འགོ་ཙམ་ལ་བོད་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་འཕེལ་རྒྱས་སོང་བར་གསལ་བ་དང་། དཔེར་ན་སྲོང་བཙན་དུས་ནས་བཟུང་ ཞང་ཞུང་དང་གྲུ་གུ འ་ཞ་དང་མི་ཉག འཇང་དང་སུམ་པ་སོགས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་དམག་དྲངས་ནས་དབང་དུ་བསྡུས་བ་དང་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་སོགས་སྲིད་ཀྱི་བྱ་བ་ཁོ་ན་ལས། ཆོས་ཕྱོགས་ཀྱི་མཛད་པ་དེ་འདྲ་གནང་མེད་པ་དང་།དཔེར་ན་བོད་ཀྱི་ལོ་རྒྱུས་རྣམས་སུ་ར་ས་འཕྲུལ་སྣང་སོགས་དམ་ཆོས་སྒྲུབ་པའི་ལྷ་ཁང་ཁོ་ན་ཡིན་པར་བཤད་ཀྱང་། དེ་ནི་རྒྱལ་བོས་བཙུན་མོ་ལ་བཞེངས་པའི་ཕོ་བྲང་ཡིན་པ་ལས་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་ས་ཁོ་ན་མ་ཡིན་པས་བཤད་ཚུལ་དེ་དག་ཀྱང་རྗེས་སུ་ཆོས་ལུགས་པས་ཤན་ཞུགས་ཐེབས་པར་ཤིན་ཏུ་གསལ།
   སྤྱིར་དུས་རབས་བརྒྱད་པའི་ཡར་སྔོན་ན་བོད་ཀྱི་ཡུལ་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་ཡོད། དུས་རབས་བརྒྱད་པ་ནས་རྒྱ་གར་ནས་དབུ་མ་ལ་སོགས་རྒྱ་གར་རིག་གནས་རྣམས་བོད་དུ་དར་བའི་དབུ་བརྙེས་པས། བོན་དང་ཆོས་ཀྱི་གྲུབ་མཐའ་དང་རིག་གཞུང་རྣམས་ཕན་ཚུན་བསྒྱུར་རེ་དང་བསྣུབས་བཅོས་ཀྱི་ལས་མཛད་པར་མ་ཟད་བོད་ཀྱི་ཆོས་སྲིད་རིག་དཔལ་ལ་སོགས་ཕྱོགས་གང་ཐད་ཐད་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དུས་ཤིག་ཀྱང་རེད། བཻ་རོ་ཙ་ན་ནི་དེའི་སྐབས་སུ་བྱོན་པའི་བན་བོན་གཉིས་ཀའི་ལོ་རྒྱུས་ནང་སྐད་གྲགས་ཆེ་བའི་མི་སྣ་ཞིག་ཡིན་ནའང་བན་བོན་འཐབ་རྩོད་ཁྲོད་དུ་ཁོང་གི་རྣམ་ཐར་ཡང་ཁ་མི་ཚང་བ་དེ་ལྟ་བུ་སྟེ། དཔེར་ན་གཡུ་སྒྲ་སྙིང་པོས་མཛད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡིག་ཐོག་ཏུ་ཕབ་ཅིང་དུས་རབས་བཅུ་བཞི་པའི་སྐབས་སུ་གཏེར་སྟོན་རྡོ་རྗེ་གླིང་པའམ་བོན་ཞིག་གཡུང་དྲུང་གླིང་པས་གཏེར་ནས་དྲངས་ཟེར་བའི་དཔེ་ཆ་བཻ་རོ་འདྲ་འབག་ཆེན་པོ་ཞེས་པའི་ནང་དུ་བཻ་རོ་ཙ་ནའི་བན་ཁ་ཕྱོགས་ཀྱི་ལོ་རྒྱུས་ཞིབ་རྒྱས་བསྟན་པ་ལས་བོན་ཕྱོགས་ཀྱི་ལོ་རྒྱུས་བསྟན་མེད་པ་དང་། ཡང་གཏེར་སྟོན་རྡོ་རྗེའི་གླིང་པས་བྱང་གི་ཤ་བ་རི་ནས་གཏེར་དུ་དྲངས་བའི་བཻ་རོ་ཙ་ནའི་རྣམ་ཐར་ཞེས་པ་ཞིག་ཡོད་པའི་ནང་ཏུ་བན་བོན་གཉིས་ཀའི་ལོ་རྒྱུས་ཡོད་ཅིང་གཙོ་བོ་བོན་ཕྱོགས་ཀྱི་ལོ་རྒྱུས་བསྟན་མོད། འོན་ཀྱང་ཕྲན་རང་ནས་གཏེར་ཡིག་ལས་དྲངས་བའི་ལུང་ཁ་ཤས་མ་གཏོགས་དཔེ་ཆ་དེ་ད་ཕན་མཐོང་མ་ཐུབ། གང་ལྟར་བན་བོན་ཕྱོགས་རིས་ཁྲོད་དུ་བཻ་རོ་ཙ་ནའི་ལོ་རྒྱུས་ཡོངས་རྫོགས་བཤད་དགོས་ན་ཧ་ཅང་དཀའ་ཁག་ཆེ་བ་དེ་ལྟ་བུ་རེད། དེས་ན་བོན་གྱི་ཡིག་ཆ་རྙིང་པ་སྟོན་པ་གཤེན་རབ་ཀྱིས་བརྩམས་ཞེས། དུས་རབས་བརྒྱད་པའི་དུས་སུ་བཻ་རོ་ཙ་ནས་བྲུ་ཤའི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བོན་གཞུང་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་མཇུག་ཏུ། བདག་འདྲ་བཻ་རོ་ཙ་ན་ཡིས།།དཀའ་བ་སྲོག་དང་བསྡོས་ཏེ་གཡུང་དྲུང་བོན་ཆེན་བསྒྱུར། མངའ་བདག་རྗེ་ལ་གཏད། །ཅེས་པ་སོགས་སུ་དཔྱད་ན་བཻ་རོས་བོན་ཕྱོགས་ལའང་བཀའ་དྲིན་ཆེ་བར་སྨོས་མ་དགོས། དཔེར་ན་བོན་ཆོས་དབྱེར་མེད་བཻ་རོ་ཙ་པ་ཡིན།།ཞེས་པས་ཀྱང་ཤེས་ཐུབ། དཔེ་ཆ་དེ་རྣམས་དང་པོ་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་ནས་རྒྱ་གར་སྐད་དུ་བསྒྱུར། དེ་ནས་བྲུ་ཤ་ལ་དར། དེ་ནས་བཻ་རོ་ཙ་ནས་བོད་སྐད་དུ་བསྒྱུར་ཚུལ་བཤད།
དེ་བཞིན་ཏུ་བོན་གྱི་གཏེར་ཡིག་ནང་ཏུ་ཡར་བའི་བོན་སྐོར་རམ་རྒྱ་གར་བོན་སྐོར་ཟེར་བའི་ཡིག་ཆ་མང་པོ་ཞིག་ཡོད།དེ་ལས་བྱུང་བའི་དཔེ་ཆ་བོན་ཉིད་སྙིང་པོའི་བརྡལ་འབུམ་པོད་བཅུ་གཉིས། མངོན་རྟོགས་རིག་པའི་རྩེ་འབུམ་པོད་བཅུ། གཞན་ཡང་ཐེག་པ་རིམ་པ་མངོན་ཏུ་བཤད་པའི་མདོ་རྒྱུད། དེ་འགྲེལ་བ་མེ་ལོང་དགུ་སྐོར། ཚད་མ་སྨྲ་བའི་སེང་གེ། མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་མདོ་སོགས་ཤིན་ཏུ་མང་ལ། དེ་ལས་ཕལ་ཆེ་བ་ད་ལྟ་བོན་ལུགས་བཀའ་འགྱུར་གྱི་གྲས་སུ་བཞུགས་ཡོད་པ་དེ་དག་བཻ་རོ་ཙ་ན་དང་དྲན་པ་ཡེ་ཤེས་སམ་དྲན་པ་ནམ་མཁའ་གཉིས་ཀྱིས་ལྷ་སའི་ཡར་བའི་བྲག་ལ་གཏེར་དུ་སྦས་པར་བཤད།རྗེས་སུ་དུས་རབས་བཅུ་པའི་སྟོད་ཙམ་ལ་བན་དེ་མི་གསུམ་གྱིས་གཏེར་ནས་དྲངས་ཏེ་ཚ་བོ་གཟེ་སྒུར་ལ་བསྟན། དེ་ནས་རིམ་བཞིན་གཉན་སྟོན་ལ་བརྒྱུད། གཉན་སྟོན་གྱིས་གྱེར་སྟོན་ཁྲོ་གསས་ལ་བརྒྱུད། དེས་སྤྱི་ལོ་༡༠༨༨པ་ལ་སྤྲུལ་སྐུ་ལུང་བོན་ལྷ་གཉེན་ལ་བརྒྱུད་པ་ལ་རྒྱ་གར་བོན་སྐོར་དུ་གྲགས། གོང་ཞུས་ཀྱི་དཔེ་ཆ་ཕལ་ཆེ་བ་ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་ཅིང་གཏེར་དུ་སྦས་པར་བཤད་པར་མ་ཟད་བོན་ནམ་བོད་ཀྱི་ཡིག་ཆ་ནང་ནས་ཀྱང་སྔ་ཤོས་ཡིན་པར་ཤེས་དགོས།དེའི་ནང་ན་རྫོགས་ཆེན་གྱི་བོན་གཞུང་ཡང་ཤིན་ཏུ་མང་།དེ་ལས་འགའ་ཞིག་ནི་རྒྱ་གར་ནས་བོད་དུ་བསྒྱུར། ཡང་འགའ་ཞིག་ནི་བྲུ་ཤ་སྟེ་ད་ལྟ་པ་ཀི་སི་ཐན་བྱང་ཤར་ཕྱོགས་སུ་ངོས་བཟུང་ཡོད་པ་དེ་ནས་བསྒྱུར། ལ་ལ་ཞང་ཞུང་ནས་བསྒྱུར་(ཞང་ཞུང་དང་བྲུ་ཤ་གཉིས་ཕལ་ཆེར་ཡུལ་ལུང་གཅིག་ཏུ་ཆགས་ཡོད་པ་)ཞེས་བཤད།གཞན་ཡང་བསམ་ཡས་ཅ་ཏི་མ་ཞེས་པའི་བོན་གྱི་གཏེར་ཡིག་རྣམས་བོན་གྱི་མཁས་པ་ཆེན་པོ་གཉན་ཆེན་ལི་ཤུ་སྟག་རིང་དང་བཻ་རོ་ཙ་ན་གཉིས་ཀྱིས་ཕྱོགས་བསྒྲིགས་མཛད་ཅིང་གཏེར་དུ་སྦས་པར་བཤད་པ་དང་། དེ་ལས་མདོ་སྔགས་རྫོགས་གསུམ་གྱི་དཔེ་ཆ་ཤིན་ཏུ་མང་།དཔེ་ཆ་དེ་རྣམས་ཀྱང་བཀོར་གཉེར་བ་གཉིས་ཀྱིས་རྙེད་པར་བཤད།དེ་བཞིན་ཏུ་དྲང་ང་མའི་ལོ་རྒྱུས་ནང་དུའང་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག་སོགས་བོན་གྱི་དཔེ་ཆ་རྩ་ཆེན་མང་པོ་ཞིག་ཡོད།ཤོད་ཚུལ་ལ་དུས་རབས་བརྒྱད་པའི་སྐབས་སུ་བཻ་རོ་ཙ་ནས་ཞང་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་རྒྱལ་པོ་ལ་གཏད། རྒྱལ་པོས་རྒྱས་པ་མ་སྤྱོད་ཅིང་མཆོད་ཁང་དུ་གསང་བ་བྱས་ནས་བཞག དེ་ནས་རིམ་བཞིན་བོད་ཀྱི་བཙན་པོ་རིམ་པ་ལ་བརྒྱུད་དེ་གླང་དར་སྐབས་སུ་ཁོང་གི་སྲས་གཉིས་མ་མཐུན་ནས་དཔེ་ཆ་འདི་དག་ཀྱང་དྲང་ང་དཔལ་གྱི་དབང་ཕྱུག་ལ་གནང་ཏེ་དར་ཚུལ་ཞིབ་རྒྱས་བཤད་ཡོད།དེ་ནས་མི་རབས་ཙམ་གྱི་རིང་ལ་དྲང་ང་ཚང་གི་མཆོད་ཁང་དུ་མཆོད་པའི་ཞིང་དང་བཀུར་བའི་རྟེན་དུ་གྱུར། དྲང་ང་ལ་མདོའི་དང་དུས་མཉམ་ཙམ་ལ་དྲང་རྗེ་བཙུན་པ་གསེར་མིག་བྱོན་ནས་བོན་གཞུང་དེ་དག་འཕེལ་རྒྱས་བཏང་། གཞན་ཡང་བཻ་རོ་ཙ་ན་ཉིད་དབུས་ཕྱོགས་ནས་རྒྱལ་མོ་རོང་དུ་རྒྱང་ཕུད་བྱེད་སྐབས་ལྷ་སའི་སེ་བོ་རི་ལ་གཏེར་དུ་སྦས་པ་ལ་སེམས་ཕྱོགས་མན་ངག་བཅོ་བརྒྱད་དང་ཉམས་མྱོང་དྲོད་རྟགས་ཀྱི་མན་ངག འཕོ་བ་ཉམས་ང་མེད་པའི་མན་ངག་སོགས་ཤིན་ཏུ་མང་།དེ་དག་བཻ་རོས་སྦས་པའི་བོན་གཏེར་སྔ་ཤོས་ཏེ་དུས་རབས་བཅུ་པའི་འགོ་དང་དཀྱིལ་ཡས་མས་སུ་ཐོན་པའི་དཔེ་ཆ་ཁོ་ན་རེད། དེ་བཞིན་ཏུ་སྤྱི་ལོ་༡༢༥༠པ་ལ་བོན་ཞིག་གཡུང་དྲུང་གླིང་པའམ་རྙིང་མའི་གཏེར་སྟོན་རིགས་ལྔའི་ནང་ཚན་རྡོ་རྗེ་གླིང་པས་སྤ་གྲོ་སྟག་ཚང་ནས་བཻ་རོས་སྦས་པའི་གཏེར་བོན་རྫོགས་ཆེན་གསེར་གྱི་ཐུར་མ། དྲན་པ་ཡབ་སྲས་ཀྱི་སྒྲུབ་ཐབས་ཆ་ལག་བཅས། བཻ་རོ་ཙ་ནའི་རྣམ་ཐར། ཉང་སྟོན་ཕྱུག་མོ་ནས་ཚེ་དབང་བོད་ཡུལ་མ་སོགས་དང་།བྱང་ཤ་བ་རི་ནས་བོན་སྐུ་ཀུན་བཟང་སྒྲུབ་ཐབས་སོགས་བོན་གཏེར་མང་པོ་ཡོད་པ་དང།གཞན་ཡང་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱིས་སྤྱི་ལོ་༡༣༠༡ཙམ་ལ་ཁམས་རྟའུ་སྦ་ཞབས་བྲག་དཀར་ནས་བཻ་རོས་སྦས་པའི་གཏེར་ཡིག་སྲིད་པ་རྒྱུད་ཀྱི་ཁ་བྱང་། མཁའ་འགྲོ་མོ་བྱང་། བཻ་རོའི་རྫོགས་ཆེན་ཡང་ཏིག་བསྡུས་པ་སོགས་ཤིན་ཏུ་མང་བ་རྣམས་ལ་བརྟག་ན་བཻ་རོ་ཙ་ནས་བོན་གྱི་དཔེ་ཆ་རྣམས་གཏེར་དུ་སྦས་པ་དང་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བ་སོགས་མཛད་རྗེས་བླ་ན་མེད་པར་གནང་ཡོད་པར་མ་ཟད།སྐབས་དེར་བན་བོན་གཉིས་ཕན་ཚུན་བསྒྱུར་བཅོས་དང་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པའང་གསལ་བྱེད་བྱ་ཐུབ་མོད།
   སྤྱིར་རྙིང་མའི་ལོ་རྒྱུས་ལྟར་ན་བཻ་རོ་ཙ་ན་རྒྱ་གར་དུ་ཕེབས་ཏེ་ཤྲི་སང་ཧ་ཞེས་པའི་བླ་མ་དང་འཕྲད་ནས་རྫོགས་ཆེན་གྱི་ཆོས་མང་པོ་བོད་སྐད་དུ་བསྒྱུར་ཏེ་བོད་ལ་ཕེབས་མོད་ཀྱང་།བོད་ལ་རྫོགས་པ་ཆེན་པོའི་ཆོས་མ་གསུངས་བའི་གོང་ནས་རྒྱ་གར་བའི་རང་གི་དཔེ་མཛོད་ཁང་ནས་དཔེ་ཆ་འགའ་རེ་མེད་པར་ཤེས་པ་དང་རྒྱལ་པོའི་བཀའ་ལྟར་མི་གཉིས་བོད་དུ་ཕེབས་ཤིང་བཻ་རོ་ཙ་ནས་བསྒྱུར་བའི་ཆོས་རྣམས་རྫོགས་ཆེན་མ་ཡིན་ཞིང་ཕྱི་རོལ་མུ་སྟེགས་རིགས་བྱེད་ཀྱིང་ཆོས་ཡིན་ཞེས་གསལ་བསྒྲགས་མཛད་པས་བཻ་རོའང་རྒྱལ་པོའི་བཀའ་ཆད་ཕོགས་ཏེ་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པར་བཤད་པ་དང་། ལ་ལས་བོན་པོས་རྒྱང་ཕུད་བྱེད་པར་བཤད་མོད་ཀྱང་དེ་ནི་གྲུབ་མཐའ་ཆགས་སྡང་གི་གཏམ་དུ་ངེས་ཏེ། ཁོང་ལྷ་ས་ནས་རྒྱང་ཕུད་བྱེད་ཁ་ད་དུང་བོན་པོའི་དཔེ་ཆ་རྣམས་སེ་བོ་རི་སོགས་ལ་གཏེར་དུ་སྦས་པ་དང་ཉེར་ཚགས་བྱེད་པས་དེའི་སྐབས་སུ་བོན་གྱི་ཡིག་ཆ་མང་པོ་གཏོར་བརླགས་སུ་འགྲོ་བཞིན་ཡོད་རྣམས་བཻ་རོ་ཙ་ནས་སེམས་མ་བཟོད་ནས་གཏེར་དུ་སྦས་པར་གསལ་ལོ།།བཻ་རོ་ས་མཐར་སྤྱུགས་པའང་རྒྱ་གར་བས་ཕྲ་མ་བྱེད་པས་མ་ཡིན་ཞིང་བོན་གྱི་བྱ་བ་མཛད་ཆེས་བས་རྒྱལ་བློན་རྣམས་ལ་ཕོག་ཐུག་སོང་བར་གསལ། དཔེར་ན་དྲང་ང་མའི་ཡིག་ཆ་སོགས་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། ཐེག་འགྲེལ་མེ་ལོང་སོགས་བྲུ་ཤའི་སྐད་ནས་བོད་སྐད་དུ་བསྒྱུར་བ་སོགས་བྱ་བ་མང་པོ་མཛད་ཡོད་པ་དང་།དེ་རྐྱེན་གྱིས་ཁོང་རང་ཡང་དགུང་ལོ་ལྔ་བཅུ་ང་བདུན་པ་ལ་ཚ་བ་རོང་དུ་སྤྱུགས་ཤིང་། རྒྱལ་པོ་སྐུ་མ་འདས་བར་བོད་དུ་ཕྱིར་ཕེབས་ཐུབ་མེད་པ་དང་རྒྱལ་པོ་སྐུ་གཤེགས་པ་དང་ཁོང་ཡང་དབུས་ཕྱོགས་སུ་ཕེབས་ཏེ་མུ་མཐུད་དུ་བན་བོན་གཉིས་ཀྱི་བྱ་བ་མཛད་ཡོད་པ་སོགས་ཀྱིས་ཤེས་ཐུབ། དེའང་ཁོང་གི་བསྒྱུར་ཡིག་དང་བརྩམས་ཆོས་རྣམས་ཐོག་མར་རྒྱལ་རོང་ངམ་ཁམས་ཕྱོགས་ནས་འཕེལ་རྒྱས་སུ་སོང་བར་བཤད། དེ་ནས་ཁོང་གི་སློབ་མ་གཡུ་སྒྲ་སྙིང་པོ་དབུས་ཕྱོགས་སུ་ཕེབས་ཏེ་དེར་ཡོད་པའི་མི་རྣམས་དང་མཇལ་ཞིང་ལོ་རྒྱུས་བཤད་པ་དང་ཆབས་ཅིག་ཏུ་ཁོང་ཡང་དབུས་ཕྱོགས་སུ་གདན་འདྲེན་ཞུས་ཏེ་ཡིག་བསྒྱུར་བྱེད་པའི་ལོ་ཙྰ་བ་ཆེན་པོར་གྱུར་བར་བཤད།
   དེ་ལྟར་ན་བོན་ལུགས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་ལས་འཇའ་ལུས་འཕོ་ཆེན་ཉེར་དྲུག་གི་ནང་ཚན་བཅུ་གཉིས་པ་སུམ་པའི་བོན་པོ་ཨ་བ་ལྡོང་དང་། བཅུ་གསུམ་པ་རྒྱ་བོན་གསལ་བ་འོད་ལྡན། བཅུ་བཞི་པ་ཇག་རོང་གསས་མཁར་སོགས་ནི་སུམ་པ་དང་རྒྱ་ནག་གི་མི་ཡིན་པར་མ་ཟད་དུས་རབས་བདུན་པའི་སྔོན་གྱི་མི་ཁོ་ན་ཡིན་པ་དང་། འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་དྲུག་གི་གྲས་སུའང་ཁོ་ཚོ་ཡོད་ཚུལ་ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་རྣམས་སུ་གསལ་བ་དེ་ལྟར་ན། དུས་རབས་བདུན་པའི་སྔོན་ཏུ་བོན་ལུགས་རྫོགས་པ་ཆེན་པོ་རྣམས་རྒྱལ་རོང་དང་མི་ཉག་རྒྱ་ནག་སོགས་སུ་དར་བར་ཤིན་ཏུ་གསལ། སྤྱིར་དུས་རབས་བརྒྱད་པའི་སྐབས་སུ་ཁམས་ཕྱོགས་ལ་བོན་གྱི་ཆོས་ལུགས་རྒྱ་ཆེན་པོ་དར་ཡོད་ནའང་།དེ་དག་གི་གནས་ཚུལ་དངོས་ཅི་ལྟ་བུ་ཞིག་ཡིན་ང་ཚོས་གསལ་བོ་བཤད་ཁག་པོ་རེད། འོན་ཀྱང་སྐབས་དེར་མཚོན་ན་བན་ཕྱོགས་ཀྱི་རིག་གནས་རྣམས་ཁམས་ཕྱོགས་ལ་དར་བར་ཕལ་ཞོག་དབུས་གཙང་ལའང་ད་དུང་གཞི་རྩ་བརྟན་པོ་ཆགས་མེད་པར་བཻ་རོ་རྒྱང་ཕུད་བྱས་པ་དང་བན་བོན་རྩོད་པ་བྱེད་ཚུལ་སོགས་ལ་བརྟག་ན་ཤེས་ཐུབ། གང་ལྟར་དུས་རབས་བརྒྱད་པའི་སྐབས་སུ་ཁམས་ཕྱོགས་ལ་བན་ཁའི་ཆོས་ལུགས་དེ་འདྲ་དར་མེད་པར་མ་ཟད། རྗེས་སུ་རྒྱལ་དབང་ལྔ་པའི་དུས་སུ་ད་དུང་བོན་པོའི་ཆོས་ལུགས་ཁོ་ན་སྤྱོད་ཀྱིན་ཡོད་པར་ལོ་རྒྱུས་རྣམས་སུ་གཟིགས་ན་ཤེས་ཐུབ། དེས་ན་བཻ་རོ་ཙ་ནས་བོན་ལུགས་ཀྱི་རྫོགས་ཆེན་གཞུང་ལུགས་མང་པོ་རྒྱ་གར་དང་བྲུ་ཤ་ཞང་ཞུང་སོགས་ནས་བསྒྱུར་བ་རྣམས་དུས་རབས་བཅུ་པའི་འགོ་ཙམ་ནས་བན་དེ་མི་གསུམ་གྱིས་གཏེར་ནས་དྲངས་བ་དང་། བན་དེ་མི་གསུམ་སོགས་ནི་བན་ཕྱོགས་ཀྱི་བླ་མ་ཡིན་པ་ལས་བོན་པོའང་མ་ཡིན་ཞིང་།དེ་ནས་དར་བའི་དཔེ་ཆ་རྣམས་ད་ལྟའང་བོན་གྱི་རིག་གཞུང་ཁྲོད་དུ་བཞུགས་ཡོད། བཻ་རོས་བསྒྱུར་བའི་རྙིང་མའི་རྫོགས་ཆེན་རྣམས་དུས་རབས་བཅུ་གཅིག་པ་ནས་བཟུང་དར་བའི་དབུ་བརྙེས་ཀྱང་འཕེལ་རྒྱས་ཆེར་སོང་མེད་པར་མ་ཟད་གཏེར་སྟོན་ཀྱང་ཕལ་ཆེར་བན་བོན་རིས་མེད་ཡིན། དེ་དང་བོན་ལུགས་རྫོགས་ཆེན་རྣམས་ལ་ནང་དོན་དང་ཉམས་སུ་ལེན་སྟངས་གཞུང་གི་རྩོམ་གཤིས་སོགས་གང་གི་ཐད་ནས་བཤད་ཀྱང་གཞི་གཅིག་ཏུ་གྲུབ་པ་དང་། དཔེར་ན་རྔོག་ལོ་ཙྰ་སོགས་ཀྱིས་བཻ་རོ་ཙ་ནའི་བསྒྱུར་རྩོམ་རྣམས་བོད་རང་གི་སྐད་ཡིག་ཐོག་ནས་བྲིས་པ་ནང་བཞིན་ལས་བསྒྱུར་ཡིག་གི་ཉམས་བཟོས་མེད་པས་བཻ་རོ་ཙ་ན་ནམ་མཁའི་ཉི་མ་འདྲ་ཞེས་བསྟོད་སྔགས་འཐེན་མོད་ཀྱང་དོན་དུ་བསྒྱུར་ཡིག་མིན་པར་ར་སྤྲོད་ཐུབ་པ་དང་། བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ།བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར།། ཞེས་བོན་དང་ཆོས་ཀྱི་གཞུང་ལུགས་རྣམས་ཕན་ཚུན་བསྒྱུར་བཅོས་བྱས་པ་ལས་རྒྱ་གར་ནས་བསྒྱུར་བ་ཞིག་མ་ཡིན་པར་བཤད་པ་དེ་ལྟར་ན། རྙིང་མའི་རྫོགས་ཆེན་དང་བོན་པོའི་རྫོགས་ཆེན་གཉིས་གཞི་ཕུགས་གཅིག་ཏུ་གྲུབ། དཔེར་ན་ད་ལྟ་རྙིང་མའི་དགོན་པ་རྣམས་སུ་བོན་པོའི་ཆོ་ཀ་དུ་མའི་འདོན་བཞིན་ཡོད་པ་དང་།དཔེ་ཆ་དེ་དག་གི་དབུ་ན་ཞང་སྐད་ཡོད་པ་དང་།ནང་གི་ལྷ་རྣམས་ཀྱང་དཔེར་ན་སྟོན་པ་གཤེན་རབ་དང་གཤེན་གསས་ཀོང་ཙེ་འཕྲུལ་རྒྱལ་སོགས་མཚན་ཀྱང་རང་སོར་བཞག་ཡོད་པ་རང་གི་མངོན་སུམ་མཐོང་མྱོང་། མདོར་ན་བཻ་རོ་ཙ་ན་ནི་བོན་པོ་ཞིག་ཡིན་པ་དང་རྗེས་སུ་བན་བོན་རིས་མེད་ཀྱི་བྱ་བ་དུ་མ་མཛད་པས་བོན་ལུགས་ཡིག་ཆ་རྣམས་ད་ལྟའི་བར་དུ་ལུས་ཐུབ་པར་བྱུང་། ཁོང་དང་ཁོང་ལྟ་བུའི་བླ་མ་མང་པོས་བན་བོན་ཆོས་གཞུང་རྣམས་ཕན་ཚུན་བསྒྱུར་བཅོས་དང་ཁ་གསེབ་སོགས་དུ་མ་བྱས་ཏེ་ད་ལྟའི་བོད་བརྒྱུད་ནང་བསྟན་འདི་དར་བའི་གཞི་མར་ཆགས་ཡོད་པར་ཤིན་ཏུ་གསལ། དཔེར་ན་བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོའང་རྒྱལ་རོང་གི་མི་ཡིན་པར་མ་ཟད་ལྟ་རྒྱལ་རོང་ཕྱོགས་སུ་ཁོང་གི་སྒྲུབ་ཁང་དང་ཞབས་རྗེས་སོགས་མཇལ་དུ་ཡོད་པ་དང་།བོན་པོའི་བླ་མ་དག་གི་སྐྱེས་རབས་རྣམ་ཐར་འབྲི་སྐབས་གཡུ་སྒྲ་སྙིང་པོ་དང་བཻ་རོ་ཙ་ན་སོགས་སྐྱེས་རབས་རྣམས་སུ་མང་པོ་མཐོང་དུ་ཡོད་པས་བན་བོན་རིས་མེད་ཀྱི་དད་པ་བྱེད་ས་ཞིག་ཡིན་པ་སྨོས་མ་དགོས།ད་ལྟ་རྒྱལ་རོང་དུ་སོང་ན་བཻ་རོ་སྒྲུབ་ཕུག་ལའང་བོན་པོ་སྒྲུབ་ཕུག་བན་དེའི་སྒྲུབ་ཕུག་གཉིས་ཡོད་པར་མ་ཟད།ས་དེ་ཀའི་མི་རྣམས་ཀྱིས་བོན་ཕྱོགས་སུ་ཡོད་པ་དེ་བཻ་རོའི་སྒྲུབ་ཕུག་ངོ་མ་ཡིན་པར་བཤད་པ་དེ་ལྟར་ན་རྗེས་སུ་གྲུབ་མཐའ་ཆགས་སྡང་ནང་བཻ་རོའི་རྣམ་ཐར་ཀྱང་ཕྱོགས་རིས་ཅན་ཞིག་ཏུ་གྱུར་བར་མ་སྦས་རང་བྱུང་དུ་རྡོལ་བ་དེ་ལྟ་བུ་རེད།

༢་རྙིང་མ་དང་འབྲེལ་བའི་བཻ་རོ་ཙ་ནའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

    དེའང་རྙིང་མའི་ཕྱོགས་ཀྱི་བཻ་རོའི་རྣམ་ཐར་རྒྱས་བསྡུས་འགའ་རེ་ཡོད། བོན་ལུགས་ལའང་གཡུང་དྲུང་གླིང་པའི་གཏེར་ནས་དྲངས་བའི་བཻ་རོའི་རྣམ་ཐར་ཞིག་ཡོད་ཀྱང་མ་དཔེར་བཅོས་ཕོག་ཡོད་པར་བཤད། དེ་རྣམས་སུ་བཻ་རོ་ཉིད་དང་པོ་འཁྲུངས་ས་བོན་པོའི་ཁྱིམ་རྒྱུད་བ་གོར་ཟེར་བ་དེ་ཡིན་པ་དང་གྲོང་བ་ལའང་བ་གོར་ཞེས་རྒྱུན་འབྱམས་སུ་གྱུར། མཚན་ལ་གན་ཇག་ཐང་ཏའམ་རིན་ཆེན་བློ་གསལ་ཞེས་འབོད། དེ་ནས་དགུང་ལོ་བརྒྱད་ཙམ་ལ་སླེབས་པ་དང་བསམ་ཡས་སུ་གསར་དུ་བཙུགས་པའི་ལོ་ཙྰའི་གླིང་ཞིག་ཡོད་པས་དེར་ཞུགས་ཤིང་སངས་སི་ཏའི་སྐད་དང་ཆོས་ཕྱོགས་ལ་སྦྱང་བ་དཔྱིས་སུ་ཕྱིན་པས་མཚན་ལ་བཻ་རོ་ཙ་ན་ཞེས་བཏགས། ཁོང་གཙོས་པའི་མི་བདུན་མཁན་པོ་བྷོ་དྷི་ས་ཏྭའི་མདུན་ནས་རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི་གཙོ་བོར་གྱུར། བོད་ལ་རབ་བྱུང་གི་ཐོག་མ་དེ་ཡིན་པར་བཤད། དེ་ནས་དཀའ་བ་ཆེན་པོ་བཅུ་དྲུག་སྒོ་ནས་རྒྱ་གར་ལ་ཕེབས།བཎ་ཆེན་ཤྲི་སང་ཧ་ཞེས་པ་དང་མཇལ་ཏེ་ཟབ་མོ་རྫོགས་པ་ཆེན་པོའི་ཆོས་མང་པོ་བོད་སྐད་དུ་བསྒྱུར།དེ་ལ་རྒྱ་གར་རྒྱལ་པོས་ཕྲ་དོག་བྱས་པས་ཁོང་གིས་རྐང་མགྱོག་སྒྲུབ་ཅིང་མྱུར་མོའི་ངང་བོད་ལ་ཕྱིར་ཕེབས། ལོ་ཙྰ་བ་ཉི་ཟླ་གཉིས་ཀྱི་ནང་ནས་ཉི་མ་ལྟ་བུའི་ལོ་ཙྰ་ཞེས་ཡོངས་སུ་གྲགས་པ་དང་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ནང་ཚན་ཞང་ཡེ་ཤེས་སྡེ་ཟེར་བའང་ཁོང་ཡིན་པར་བཤད་དེ། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ། རྫོགས་ཆེན་ནང་དུ་བཻ་རོ་ཙ། བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ།།ཞེས་པས་སོ།།སྦ་གསལ་སྣང་གིས་གུ་རུའི་སློབ་མ་རྗེ་འབངས་ཉེར་ལྔའི་གྲས་སུའང་ཁོང་བཞག་ཡོད་ཀྱང་དཔེ་ཆ་དེ་རྗེས་སུ་ཁ་སྣོན་མང་པོ་རྒྱབ་ཡོད་པས་དག་མ་ཡིན་མིན་བཤད་དཀའོ། དེའང་རྔོག་ལོ་ཙྰ་བ་ནས་བཟུང་བོད་ཀྱི་ལོ་རྒྱུས་ནང་དུ་བཻ་རོ་ཙྰ་ན་ཞེས་ཡོངས་སུ་གྲགས་པར་གྱུར། རྗེས་སུ་དུས་རབས་བཅུ་བཞི་པ་ནས་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་པོ་སོགས་བྱུང་ནས་རྙིང་མའི་བླ་མ་གྲགས་ཆེན་ཞིག་གི་གྲས་སུ་རྩི་སྲོལ་བྱུང་། འཇིགས་མེད་གླིང་པའི་རྒྱུད་འབུམ་དཀར་ཆགས་སོགས་ལྟར་ན། རྙིང་མའི་རྫོགས་ཆེན་སེམས་སྡེ་ལ་མ་བུ་བསྡོམས་པའི་བཅོ་བརྒྱད་ཡོད་པ་ལས་ལྔ་བཻ་རོ་ཙ་ན་དང་བཅུ་གསུམ་བི་མ་ལ་མི་ཏྲས་བསྒྱུར་བར་བཤད། རྙིང་མའི་རྫོགས་ཆེན་སེམས་ཕྱོགས་སུ་གྲགས་པ་རྣམས་བཻ་རོ་དང་ཁོང་གི་སློབ་མ་གཡུ་སྒྲ་སྙིང་པོ་གཉིས་ལ་གཉགས་ཛྙ་ན་ཀུ་མ་རས་ཞུས་ཏེ་དར་བར་བཤད། དེ་ནས་བཟུང་རྙིང་མའི་རྫོགས་ཆེན་གྱི་ཁུངས་གཏུགས་ས་ཞིག་ཏུ་ཆགས་ཡོད། འོན་ཀྱང་རྙིང་མའི་ལོ་རྒྱུས་རྣམས་སུ། བཎ་ཆེན་ཤྲི་སང་ཧ་ཞེས་པ་དེའི་སྐབས་རེ་རྒྱ་གར་བ་ཞིག་ཡིན་པར་བཤད། འགའ་རེས་རྒྱ་ནག་ནས་ཡིན་པ་དང་། ཡང་ལ་ལས་རྒྱ་ནག་ནས་སྐུ་འཁྲུངས་བ་དང་རྗེས་སུ་རྒྱ་གར་དུ་ཕེབས་པར་བཤད་པ་དེ་ལྟར་ན། བཻ་རོ་རྒྱ་གར་དུ་ཕེབས་སྐབས་ཁོ་དང་ཞལ་འཕྲད་པར་འདོད་དགོས། འོན་ཏེ་རྙིང་མའི་གཏེར་སྟོན་གོང་འོག་གཉིས་སུ་གྲགས་པའི་ནང་ཚན་གཏེར་སྟོན་གོང་མ་ཉང་ཉི་མ་འོད་ཟེར་དང་ཀློང་ཆེན་པ་སོགས་ཀྱིས་ཤྲི་སང་ཉིད་རྒྱ་ནག་ནས་ཡིན་པར་གསལ་བོར་བཤད་ཡོད་པས་རྫོགས་ཆེན་གྱི་ཆོས་ཞུ་སའང་རྒྱ་ནག་ཡིན་པ་ལས་རྒྱ་གར་བ་མ་ཡིན་པ་སོགས་དོགས་གཞི་མང་པོ་འདུག་པས་མཁས་པ་རྣམས་ཀྱིས་དཔྱད་པར་ཞུ། བཻ་རོ་དང་ཤྲི་སང་ཧ་གཉིས་ལོ་ཚིགས་སྟེང་ནས་ཀྱང་བར་ཐག་ཧ་ཅང་རིང་པོ་ཡོད་པ། དཔེར་ན་བཎ་ཆེན་བི་མ་མི་ཏྲ་རྒྱ་གར་གྱི་པཎ་ཊྀ་ཏ་ལྔ་བརྒྱའི་གཙོ་བོ་ལྟ་བུ་ཆགས་ཡོད་པས་དུས་ཤིག་ན་རྡོ་རྗེ་སེམས་དཔས་ལུང་བསྟན་པ་ནས་རྒྱ་ནག་ཡུལ་དུ་ཤྲི་སང་ཧ་ཞེས་པ་ཞིག་ཡོད། དེའི་མདུན་ནས་རྩོལ་བྲལ་གྱི་ལྟ་བ་ཉམས་སུ་ལོངས་ཞེས་པ་སོགས་ལུང་བསྟན་པ་ལྟར་ཤྲི་སང་གི་སློབ་མར་གྱུར། ཁྲི་སྲོང་གི་དུས་སུ་ཁོང་དགུང་ལོ་ཉེས་བརྒྱ་ལྔ་བཅུ་ཡིན་ཅིང་སྐབས་དེར་བོད་ལ་ཕེབས་ནས་རྫོགས་ཆེན་གྱི་ལྟ་བ་སྤེལ་བར་བཤད་པ་དེ་ལྟར་ན་བཻ་རོ་སྐབས་ཁོང་དགུང་ལོ་སུམ་བརྒྱའམ་ཉིད་བརྒྱ་ལྷག་ཡིན་དགོས། དེ་ལ་དེང་དུས་ཀྱི་མཁས་པ་འགས་ཤྲི་སང་ཧ་ཞེས་པ་དེ་རྒྱལ་རོང་ནས་ཡིན་པར་བསམ་བློ་འདོན་མཁན་ཡོད། དེ་ནི་ཧ་ཅང་འཐད་པར་སེམས་ཏེ། གང་ཡིན་ཞེ་ན། བོན་པོ་རྫོགས་ཆེན་རྣམས་ཀྱང་དང་པོ་ཞང་བོད་ཡུལ་དུ་དར།དུས་རབས་ལྔ་འམ་དྲུག་པ་ཙམ་ནས་སུམ་པར་དར།དེ་ནས་རྒྱ་ནག་ཏུ་དར་བར་བཤད་པ་དེ་ལྟར་ན་རྒྱལ་རོང་ལ་དེའི་སྔོན་ནས་རྫོགས་ཆེན་དར་ཡོད་པ་ཤིན་ཏུ་གསལ་ལོ།།མ་རྒྱུད་ཕྱག་མཆོད་ལས་ཀྱང་།རྒྱ་ནག་ཡུལ་གྱི་རི་བོ་ལ།།མཚལ་ཕུག་ཉི་དབར་མདངས་ལེན་ན།།ཟིང་པ་མཐུ་ཆེན་དམར་མདངས་གསལ།།ཞེས་དང་། རྒྱ་ནག་ཡུལ་གྱི་རི་བོ་མཆོག། རྩེ་མང་མཚོ་ཡི་ཚལ་གསེབ་ན།།དོད་དེ་རྒྱ་ལྕམ་ཞེས་བྱ་བ།།ཞེས་དང་རྒྱ་ཡི་གུང་བུ་དམར་རུ་ལ་མོན་བོན་དགུ་དུས་གཅིག་སངས་རྒྱས་པར་བཤད་པ་སོགས་སུ་བརྟག་ན་རྒྱ་ནག་ཏུའང་བོན་ལུགས་ཀྱི་སྔགས་རྫོགས་རྣམས་གང་འདྲ་དར་ཡོད་ཤེས་ཐུབ།
   ཕྲན་རང་གི་བསམ་ཚུལ་ལ་བཻ་རོ་ཉིད་བྲུ་ཤར་སོང་ནས་བོན་ལུགས་རྫོགས་ཆེན་གྱི་གཞུང་འགའ་རེ་བོད་སྐད་དུ་བསྒྱུར་བ་ལ་རྒྱ་གར་དུ་སོང་ཞེས་ངོས་འཛིན་གནང་འདུག་སྙམ། རྒྱུ་མཚན་བཻ་རོས་བོན་གྱི་དཔེ་ཆ་མང་པོ་བྲུ་ཤ་དང་ཞང་སྐད་སོགས་ནས་བོད་སྐད་དུ་བསྒྱུར་ཡོད་པ་ད་ལྟའང་མཇལ་དུ་ཡོད་པས་སོ། དེ་ལ་རྒྱ་གར་ཞེས་པ་དེའང་ཕལ་ཆེར་ད་ལྟ་ཁུ་ནུ་སོགས་རྒྱ་གར་བྱང་ཕྱོགས་རྣམས་ལ་ངོས་འཛིན་དགོས་ཏེ། དེ་དག་སྔོན་ཆད་ཞང་ཞུང་གི་ས་ཡིན་ཀྱང་རྗེས་སུ་རྒྱ་གར་བས་བདག་བཟུང་བས་སོ། དུས་རབས་བརྒྱད་པའི་སྔོན་ལ་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་ཀྱང་རྗེས་སུ་བོད་ཀྱིས་དབང་བྱས་པ་ལྟ་བུའོ། བྲུ་ཤ་ཞེས་པའང་ད་ལྟ་པ་ཀི་སི་ཐན་གྱི་བྱང་ཤར་ཕྱོགས་བོད་དང་ཉེ་བའི་ས་རྣམས་ཡིན་པ་དང་། ཁོ་རང་ཚོས་ད་ལྟའང་བོད་མི་ཡིན་པར་ཁས་ལེན་ཞིང་བོད་ཡིག་སྦྱང་གི་ཡོད་པ་དེ་ལྟ་བུ་རེད། བོད་རྒྱལ་གླང་དར་དང་དུས་མཉམ་ཙམ་ལ་བྲུ་ཤའི་ལོ་ཙྰ་བ་འཚོ་མཛད་ཞེས་པ་ལ་སྲས་དགུ་འཁྲུངས། གཅན་ལྔ་བྲུ་ཤའི་ཡུལ་དུ་བཞུགས། གཅུང་བཞི་བཙན་པོའམ་རྒྱལ་པོ་རྩོད་སྡེ་ཞེས་པ་དང་མ་མཐུན་ཅིང་འཁྲུགས། མངའ་རིས་སུ་སྤྱན་དྲངས་ནས་མཆོད་གནས་སུ་བཀུར། མངའ་རིས་སྐོར་གསུམ་མན་ཆད་དབུས་གཙང་ཡན་ཆད་དབང་དུ་བསྡུས། གཅུང་བཞིའི་ཡ་གྱལ་གཡུང་དྲུང་རྒྱལ་མཚན་གཙང་དུ་བྱོན་ནས་ད་ལྟ་དབུས་གཙང་གི་རྒྱལ་རིགས་བྲུ་གདུང་རྒྱུད་རྣམས་ཆགས། གཡུང་དྲུང་རྒྱལ་མཚན་སྲས་གཉིས་ཡོད་པའི་ཆེ་བ་ཁྱུང་ནག་འཛིན་ཟེར། དེའི་སྲས་གཡུང་དྲུང་སེང་གེ དེའི་སྲས་གསུམ་ལས་ཆེ་བ་ནམ་མཁའ་གཡུང་དྲུང་ཉིད་ཡིན། ཁོང་ནི་སྤྱི་ལོ་༩༩༤པ་ལ་སྐུ་འཁྲུངས་ནས། བླ་མ་གཤེན་ཆེན་ཀླུ་དགའ་དང་མཇལ་ཞིང་སྲིད་པའི་མཛོད་ཕུགས་སོགས་ཞུས་ཏེ་བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ཁའི་དགོན་པ་བཏབ། གྲྭ་བ་སྟོང་ཕྲག་གསུམ་ནས་ཁྲི་བར་དུ་དར་བའི་འདུ་སྒོ་གསོ། བྲུ་ཤ་ནམ་མཁའ་གཡུང་དྲུང་ནས་སྤྱི་ལོ་དུས་རབས་བཅུ་བཞི་པ་ཙམ་ལ་བྱོན་པའི་མཁས་གྲུབ་རིན་ཆེན་བློ་གྲོས་བར་དུ་བོན་གྱི་བླ་མ་གཡས་རུ་སྟོན་པ་བཅོ་བརྒྱད་བྱོན་ནས་བོན་བསྟན་དར་ཞིང་རྒྱས་པར་མཛད་པ་དེ་ལྟར་ན་བྲུ་ཤ་ཞེས་པ་དེའང་བོད་ནས་ཐག་མི་རིང་བ་ཞིག་ཡིན་པར་ཤིན་ཏུ་གསལ། ཡང་དགེ་ལུགས་ཀྱི་བླ་མ་འགའ་རེས་བཻ་རོས་རྫོགས་ཆེན་ལེན་ས་རྒྱ་གར་མ་ཡིན་ཞིང་རྒྱ་ནག་ནས་ཡིན་པར་བསམ་བློ་བཏོང་མཁན་ཡོད་དེ། རྒྱུ་མཚན་ནི་ཤྲི་སང་ཧ་རྒྱ་ནག་གི་མི་ཡིན་པས་སོ་སོགས་ཟེར་མོད། འོན་ཀྱང་དེ་ནི་རྫོགས་ཆེན་གྱི་ཆོས་ཕུགས་འདི་རྒྱ་ནག་ཧ་ཤིང་ལ་ཁུངས་གཏད་པའི་སྒྲུབ་བྱེད་ཙམ་ཡིན་པ། དཔེར་ན་དུས་རབས་བདུན་པ་ནས་བརྒྱད་པ་ཙམ་ལ་རྒྱ་ནག་གི་བླ་མ་མང་པོ་བོད་དུ་སླེབས་ཤིང་ཅི་ཡང་ཡིད་ལ་མི་བྱེད་ཅིང་ཅི་ཡང་མ་ཡིན་པའོ་སོགས་ཟེར་ནས་ཅི་ཡང་མེད་ཀྱི་ལྟ་བ་བཏོད།དེ་དང་རྫོགས་ཆེན་གྱི་ལྟ་བ་རྣམས་གཅིག་ཏུ་འདོད་ཀྱང་། དེ་ནི་རྫོགས་ཆེན་ལྟ་བ་མ་ཤེས་པའི་སྐྱོན་ཡིན་པར་སེམས།དཔེར་ན་རྫོགས་པ་ཆེན་པོའི་ལྟ་བ་རྣམས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ཞིག་མ་ཡིན་ཏེ། སོ་སོར་རྟོགས་པ་སྔོན་སོང་གི་བསྒོམ་བྱང་ཡོད་པས་སོ། ཐབས་ལམ་ལ་བརྟེན་ནས་སེམས་དྭངས་སྙིགས་འབྱེད་པའི་ཐབས་ཤེས་ཡོད་པས་སོ། རྫོགས་ཆེན་ལུགས་ལ་སེམས་རིག་དབྱེ་བ་སྔོན་ཏུ་འགྲོ་བ་དང་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་བརྒལ་སོགས་ཡོད་པས་སོ། ཧ་ཤིང་གི་ལྟ་བ་ལ་དེ་ཡོད་དམ་མེད་བརྟག་ན་ཤེས་སླ།འོན་ཀྱང་རྫོགས་ཆེན་གྱི་ལྟ་བ་དང་ཧ་ཤིང་གི་ལྟ་བ་རྣམས་གཏན་ནས་འབྲེལ་བ་མེད་པ་ཞིག་ཀྱང་མ་ཡིན་ཏེ། ད་ལྟ་རྒྱ་ནག་ཏུ་དར་བའི་ཧ་ཤིང་གི་ལྟ་བ་དང་རྫོགས་ཆེན་གྱི་ལྟ་བ་གཉིས་འདྲ་ས་ཡོད་པས་སོ།། དེའང་དུས་རབས་བརྒྱད་པའི་སྐབས་སུ་ཁོ་ཚོ་བོད་དུ་བྱོན་པ་ནི་རྫོགས་ཆེན་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ལས་ཆོས་སྤེལ་བ་དང་སློབ་མ་སྐྱོང་བ་སོགས་ཀྱི་ལོ་རྒྱུས་གང་ཡང་མེད། དུས་རབས་བརྒྱད་པའི་ཙམ་ནས་དང་པོ་བོན་ལུགས་རྫོགས་ཆེན་དང་རྒྱ་གར་ནས་དར་བའི་དབུ་མ་གཉིས་རྩོད་པ་ཐུག དེ་ལ་ལོ་རྒྱུས་ཐོག་བན་བོན་རྩོད་པ་ཞེས་ཡོངས་སུ་གྲགས། བན་བོན་རྩོད་པའང་བོན་ཆོས་བསྣུབས་པའམ་ཞང་ཞུང་རིག་གནས་ཀྱི་ནུས་པ་རྩ་མེད་བཟོ་བའི་ཐབས་ཤེས་རིམ་པ་དང་པོ་ཡིན། རྫོགས་ཆེན་རྩོད་ཟིན་པ་དང་ཧ་ཤིང་གི་ལྟ་བ་ལ་བཀྱོན་ཕབ་ཏེ་རྒྱ་ནག་གི་ཡུལ་དུ་རྒྱང་ཕུད་བྱེད། དེའང་ཧ་ཤིང་གི་ལྟ་བ་ཉིད་རྫོགས་ཆེན་ལྟ་བ་ལ་བརྟེན་ནས་བྱུང་བ་ལས་ཧ་ཤིང་པའི་ལྟ་བས་རྫོགས་ཆེན་ལ་ཤུགས་རྐྱེན་ཐེབས་པ་ཞིག་མ་ཡིན་པར་སེམས་ཏེ། དཔེར་ན་དེའི་དུས་སུ་རྒྱ་ནག་གི་སློབ་མ་ཞིག་ལ་མཚོན་ན་རྒྱ་བོད་བར་གྱི་འགྲིམ་འབྲེལ་མི་བདེ་བ་དང་སྐད་བརྡ་མི་གོ་བ་སོགས་སྨོས་ཀྱང་ཅི་དགོས། དེའི་རྐྱེན་གྱིས་རྫོགས་ཆེན་ནང་ནས་སེམས་རིག་ཕྱེས་ཚུལ་དང་ཀ་དག་ཁྲེགས་ཆོད་ཐོད་བརྒལ་ལྷུན་གྲུབ་སོགས་མང་པོ་ཞིག་བོར་སོང་བ་ནི་ཧ་ལས་དགོས་ས་ཞིག་གཏན་ནས་མ་རེད།དཔེར་ན་བོད་མི་ཞིག་གིས་རྒྱའི་རིག་གནས་སྦྱང་ནའང་ཡོངས་རྫོགས་ཤེས་ཐུབ་ཁག་པོ་ཡིན་པས་སོ།།
   དེས་ན་བོད་ཀྱི་བན་བོན་ལོ་རྒྱུས་རྣམས་སུ་དུས་རབས་བརྒྱད་པའི་སྐབས་བོན་པོ་དང་བན་དེ་གཉིས་རང་རང་གི་གྲུབ་མཐའ་དཔུང་བཞག་ནས་རྩོད་པ་བྱེད་ཚུལ་མང་པོ་བཤད་ཡོད། རྩོད་པ་བྱེད་མྱོང་ཚུལ་བན་བོན་གཉིས་ཀའི་ལོ་རྒྱུས་སུ་གསལ་ཀྱང་རྩོད་པའི་མཐར་འབྲས་ཀྱི་སྡོམ་མི་འདྲ། བོན་པོ་རྣམས་ཀྱིས་བོན་རྒྱལ་ལ་བན་ཕམ་པར་བཤད། བན་དེ་རྣམས་ཀྱིས་བོན་ཕམ་ལ་བན་རྒྱལ་བར་བཤད། སྤྱིར་དུས་ནམ་ཡིན་ཡང་དྲང་བདེན་གྱི་ལོ་རྒྱུས་ཞེས་པ་ནི་རྒྱལ་ཁ་ཅན་གྱི་ཕྱོགས་སུ་ཡོད་པ་ལས། ཕམ་ཁ་ཅན་གྱིས་ལོ་རྒྱུས་དྲང་བདེན་ཞིག་ཡོད་ཀྱང་བཤད་དབང་མེད་པ་དེ་ལྟ་བུ་ལགས། དེས་ན་སྐབས་དེར་མཚན་ན་བན་བོན་གཉིས་སུ་རྒྱལ་སུ་ཕམ་རྒྱལ་པོས་ཐག་གཅོད་དགོས་པ་ལས་བན་བོན་གྲུབ་མཐའ་རང་རང་གིས་ཐག་བཅད་ཐུབ་པ་ཞིག་མ་རེད་སྙམ། རྒྱལ་པོས་ཀྱང་རང་དང་རྒྱལ་ཁབ་ལ་ཕན་ཐོགས་ཡོད་མེད་མ་གཏོགས་ཆོས་ལུགས་ཡང་དག་ཡིན་མིན་དང་དེར་ཐར་ལམ་ཡོད་མེད་ཙམ་གྱིས་ཐག་གཅོད་ཀྱི་མེད་པར་ཤེས་དགོས། རྒྱལ་པོས་བོན་བསྣུབས་པའང་བོན་ལ་ཐར་བ་ཡོད་མེད་ཀྱི་དོན་ཞིག་མ་ཡིན། དེ་ནི་བོན་གྱི་རྩ་བ་ཞང་ཞུང་རྒྱལ་པོ་དེ་མེད་པར་བཟོ་དགོས་པས་དོན་གྱིས་རེད། རྒྱུ་མཚན་ནི་ལོ་རྒྱུས་སྟེང་ཞང་བོད་གཉིས་དབོན་ཞང་གི་ཚུལ་དུ་རྒྱལ་རབས་མང་པོ་རིང་གནས་ཡོད་པ་དང་། དཔེར་ན་བོད་ཀྱི་རྒྱལ་པོ་ཁྲི་ལ་འཁོད་པ་དང་སྲིད་ལ་དབང་བསྒྱུར་དགོས་ཚེ་དང་པོ་ཞང་ཞུང་ནས་སྒྲུབ་གཤེན་དེ་ཚོ་ཕེབས་ནས་རྒྱལ་པོ་ལ་དབང་སྐུར་བ་དང་ཁྲུས་མཛད་པ། ཞང་སྐད་ཐོག་ནས་མཚན་བཏགས་པ་སོགས་ཆོ་ཀའི་གོ་རིམ་ངེས་ཅན་ཡོད་པར་བཤད། གཉའ་ཁྲིའི་དུས་ནས་སྲོལ་ལུགས་དེ་ཚོ་བོད་ཀྱི་སྲིད་དབང་རིམ་བྱོན་ནང་དུ་དར་བར་མ་ཟད།དུས་རབས་བརྒྱད་པ་ཁྲི་སྲོང་གི་སྐབས་སུའང་ད་དུང་སྲོལ་ལུགས་དེ་མུ་མཐུད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ལྟ་བུ་རེད། སྤྱིར་དུས་རབས་བདུན་པ་ནས་ཞང་ཞུང་གི་རྒྱལ་ཁབ་བོད་འོག་འདུས་ཅིང་དཔྱད་ཁྲལ་སོགས་སྤྲད་པར་ཁས་བླངས་ནའང་ད་དུང་མུ་མཐུད་དུ་བོད་དུ་ཡོད་པའི་གཤེན་པོ་རྣམས་དང་ཁ་སྡོང་ནས་མངོན་ལྐོག་གཉིས་ལ་བྱ་བ་མང་པོ་སྒྲུབ་ཀྱི་ཡོད་པས་བོད་ཀྱི་རྒྱལ་པོའི་དེར་དགའ་བོ་མེད་པར་དེ་ལྟར་ལགས། དེས་ན་དུས་རབས་བརྒྱད་པའི་སྐབས་བོད་གྱིས་སྨད་ཕྱོགས་ནས་སུམ་པ་དང་མི་ཉག འ་ཞ་དང་འཇང་། ཧོར་དང་གྲུ་གུ བལ་པོ་དང་རྒྱ་གར་གྱི་ས་ཕལ་ཆེ་བ་དབང་དུ་བསྡུས་པ་དང་། རྒྱ་ནག་ལའང་ཞང་ཆེན་བཅོ་བརྒྱད་བཅོམ་ཞིང་ཞིང་ཆེན་བཞི་བོད་འོག་ཏུ་འདུས་ཚུལ་ལོ་རྒྱུས་ཡོད་པས། དུས་དེ་ཙམ་ན་ད་དུང་ཞང་ཞུང་བས་བོད་དུ་འོང་ནས་བོད་ཀྱི་རྒྱལ་པོ་རྒྱལ་སར་བསྐུལ་བ་སོགས་ཀྱི་ལས་བགྱིས་པ་ནི་བོད་ཀྱི་རྒྱལ་པོ་ལ་མཚོན་ན་ཆེས་མི་འཐད་པའི་བྱ་བཞག་གནས་ཚུལ་ཞིག་རེད། དེའི་དབང་གིས་དང་པོ་བོན་གཤེན་རྣམས་ཀྱི་རྒྱབ་བརྟེན་ཞང་ཞུང་རྒྱལ་པོ་ལིག་མི་རྒྱལ་སྐུ་བཀྲོངས། དེ་ནས་བོད་དུ་ཡོད་པའི་རྒྱལ་པོ་ལ་རྒྱབ་སྐྱོར་བྱེད་མི་འདོད་པའི་བོན་པོ་ཐམས་ཅད་ས་མཐར་སྤྱུགས་པ་སོགས་ཀྱི་ལས་བགྱིས། རྒྱལ་པོར་རྒྱབ་སྐྱོར་བཟོ་ཐུབ་མཁན་ཚང་མ་ཆོས་སྒོར་ཞུགས་པ་དཔེར་ན། བོན་གྱི་ལོ་རྒྱུས་རྣམས་སུ་བོན་གྱི་རབ་བྱུང་ལྔ་བརྒྱ་དུས་གཅིག་ཏུ་བན་དེར་བསྒྱུར་བ་དང་དྲན་པ་ནམ་མཁའ་ཡང་བན་དེའི་ཆོས་སྒོར་ཞུགས་པ་སོགས་ཀྱིས་མཚོན་བན་བོན་འཐབ་རྩོད་ག་འདྲ་བྱུང་ཡོད་ཤེས་ཐུབ། སྐབས་དེའི་བོད་ཀྱི་ཆབ་སྲིད་པ་ཞིག་ལ་མཚོན་ན།དམ་ཆོས་བོད་དུ་དྲངས་བ་ནི་ཞང་ཞུང་གི་རྒྱལ་རབས་དང་བོན་གྱི་རིག་གནས་རྣམས་མེད་པར་གཏོང་བའི་ཐབས་ཤེས་རིམ་པ་དང་པོ་ཡིན།དེ་ནས་བན་བོན་རྩོད་པ་དང་བསྒྱུར་བཅོས་སོགས་ནི་རིམ་པ་གཉིས་པ་ཡིན།
   བན་བོན་རྩོད་པ་བྱེད་པའི་སྐབས་སུ་བོན་ལའང་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་སོགས་ཆོས་དང་དབྱིབ་མཚུངས་དོད་མཚུངས་ཡོད་པ་བན་ཕྱོགས་ཀྱི་དཔེ་ཆ་རྣམས་སུའང་ཡོད་པ། དཔེར་ན་བན་དེའི་པདྨ་བཀའ་ཐང་ལས། བི་མ་མི་ཏྲ་ལི་ཤི་སྟག་རིངས་གཉིས།། གྲུབ་མཐའ་བཟུང་ནས་དགག་རེ་བྱེད་བཅུག་པས།། རྒྱལ་པོས་ཆོས་ལ་ཡིད་ཆེ་བོན་ཐེ་ཚོམ།། བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་རྣམས།། ལོ་ཙྰ་རྣམས་ཀྱིས་འགེགས་རེ་རེད་བྱེད་བཅུག་པས།། རྒྱལ་པོས་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ།།ཞེས་པ་སོགས་ཆོཤེས་པར་བྱའོ།།།བོད་ཀྱི་པཎ་ཊི་ཏ་སྡེ་སྲིད་སངས་རྒྱས་མཆོག་གིས་རྩིས་གཞུང་ལས་ཀྱང་། ཞང་ཞུང་བོན་གྱིས་འདུལ་དགོངས་ནས། །སྟོན་པ་གཤེན་རབ་མི་བོར་སྤྲུལ། །བོན་གྱི་ཐེག་པ་རིམ་པ་དགུར་བསྟན།།འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།། ཞེས་བསྟན་ཡོད། དེས་ན་འདིར་བཤད་པའི་བོན་ཞེས་པ་དེ་སྲིད་པའི་བོན་མ་ཡིན་ཏེ། སྲིད་པའི་བོན་ནི་མོ་རྩིས་སྨན་གཏོ་དང་མདོས་འདུར་སོགས་འཇིག་རྟེན་པའི་བོན་ཏེ་དམངས་ཁྲོད་ནང་དུ་དར་བའི་བོན་ཁོ་ན་ཡིན་པ་ལས་རྒྱ་གར་གྱི་དབུ་མ་ལ་འགྲན་ནུས་པའི་ལྟ་སྒོམ་སྤྱོད་པ་སོགས་མེད།དེའི་སྐབས་སུ་ཆོས་དང་རྩོད་པ་ཐུག་སའི་བོན་ནི་སྔགས་རྫོགས་ཀྱི་བོན་རྣམས་ཡིན་པར་ཤིན་ཏུ་གསལ།དཔེར་ན་བོན་ལུགས་སྲིད་པ་རྒྱུད་ཀྱི་ཁ་བྱང་། འཕྲུལ་ངག་བོན་གྱི་བསྒྲགས་བྱང་། སྤ་ཚང་བསྟན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། རྒྱལ་རབས་བོན་གྱི་འབྱུང་གནས། ལེགས་བཤད་རིན་པོ་ཆེའི་མཛོད་སོགས་ལས་བན་བོན་གཉིས་རྩོད་པའི་ཤག་འདེབས་པ་དང་གྲུབ་རྟགས་སྟོན་རེ་སོགས་མང་པོ་བྱས་ཡོད་པས་བོན་རྒྱལ་ལ་ཆོས་ཕམ་པར་བཤད། དེའི་ནང་དུ་བཻ་རོ་ཙ་ན་ཉིད་བོན་ཕྱོགས་ཡོད་པར་མ་ཟད། བཻ་རོ་ཙ་ནས་རྐང་མགྱོག་གི་གྲུབ་པ་ཐོབ་པར་བཤད་པས་སོ།།འོན་ཀྱང་བོད་ཀྱི་རྒྱལ་རབས་དེབ་ཐར་ལོ་རྒྱུས་སོགས་སུ་གང་ཞུས་ཀྱི་དཔེ་ཆ་དེ་དག་ལས་ལུང་ཚིག་གཅིག་ཀྱང་དྲངས་མེད་པར་མ་ཟད་དཔེ་དེ་ལྟ་བུ་ཡོད་པའི་ཚིག་གི་ཟུར་ཙམ་ཡང་བསྟན་མེད།
   དེ་བཞིན་ཏུ་ཁོང་གི་རྣམ་ཐར་ནང་དུ། བཻ་རོ་ཉིད་རྒྱ་གར་དུ་ཕེབས་ནས་ལུང་པོ་ཏི་བཅོ་བརྒྱད་སོགས་བསྒྱུར་ནས་བོད་དུ་ཕེབས་པ་དང་བོད་ལ་རྫོགས་ཆེན་གྱི་ཆོས་གསུངས་བའི་འགོ་བཙུགས། འོན་ཀྱང་དེའི་དུས་སུ་རྒྱ་གར་ནས་མི་གཉིས་བོད་དུ་སླེབས་ཤིང་བཻ་རོ་ཙ་ནས་བོད་དུ་བསྒྱུར་བའི་ཆོས་རྣམས་རྫོགས་ཆེན་མ་ཡིན་ཞིང་ཕྱི་རོལ་མུ་སྟེགས་པའི་རིགས་བྱེད་ཀྱི་ཆོས་ཡིན་པ་སོགས་གསལ་བསྒྲགས་མཛད་པ་དང་། བོན་ལ་དགའ་བའི་བློན་པོ་སྟག་ར་ཀླུ་གོང་དང་བཙུན་མོ་ཚེ་སྤང་བཟའ་སོགས་ཀྱིས་སྙན་ཕྲ་ཞུས་ཤིང་བཻ་རོ་འདི་གསོད་དགོས་པ་སོགས་གྲོས་སྣ་བཏོན། རྒྱལ་པོས་རེ་ཞིག་བློན་པོས་གྲོས་སྣ་བཏོན་པ་བཞིན་སྲོག་གི་ཉེས་ཆད་མ་གནང་ནའང་བཟང་བཙོན་གྱི་ཚུལ་དུ་ཉིན་མོར་རྒྱལ་པོའི་ཕོ་བྲང་གི་དབུ་རྩེ་ཀ་བར་སྒྲོག་རྒྱབ་ནས་བཞག ནུབ་མོ་སྒྲོག་གྲོལ་ཏེ་གདན་ཐོག་ཏུ་བཞུགས་སུ་བཅུག་ལ་རྫོགས་ཆེན་གྱི་ཆོས་ཞུས། འོན་ཀྱང་ཉིན་དུ་མར་སོང་བ་དང་བཙུན་མོ་དང་བློན་པོ་འགས་གོ་སྟེ་བཻ་རོ་ཉིད་རྒྱལ་མོ་རོང་དུ་རྒྱང་ཕུད་བྱེད་དགོས་བྱུང་ཞེས་བཻ་རོ་རྒྱལ་མོ་རོང་དུ་རྒྱང་ཕུད་བྱེད་པའང་བློན་པོ་བཙུན་མོ་སོགས་ཀྱིས་ཕྲག་དོག་ཁོ་ནས་རྐྱེན་བྱས་པ་ལས་རྒྱལ་པོ་རང་ལ་འབྲེལ་བ་མེད་པའི་བཟོ་འདྲ་ཞིག་ངོས་འཛིན་གནང་མོད་ཀྱང་ཡིན་མིན་མི་ཤེས། དེ་སྐབས་སུ་བོད་ལ་བན་བོན་ཟིང་ཆ་ཆེ་བ་དང་བོན་བསྟན་བསྣུབས་བསྒྱུར་བྱེད་པའི་འགོ་བཟུང་བ། གཞན་ཡང་བློན་པོ་དང་བཙུན་མོ་སོགས་ཀྱི་རབ་དུ་འཐབ་རྩོད་ཀྱང་ཤིན་ཏུ་འགོ་རྒྱས་དུས་ཡིན་པ། དཔེར་ན་བོན་གྱི་ཡིག་ཆ་རྣམས་གཏེར་དུ་སྦས་པའི་ཕྱིར་དུ་བོན་གྱི་བླ་མ་ཆེན་པོ་དྲན་པ་ནམ་མཁའ་ཡང་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བས་མཚན་ལ་དྲན་པ་ཡེ་ཤེས་ཞེས་གསོལ་བར་བཤད་པ་དང་།རྗེས་སུ་བཎ་ཆེན་བྷི་མ་མི་ཏྲ་དང་ཁོང་གཉིས་ཀས་བན་ཁ་ཕྱོགས་ཀྱི་གཞུང་འགའ་རེ་རྒྱ་སྐད་ནས་བོད་དུ་བསྒྱུར་བར་བཤད་ཡོད་པས། སྐབས་དེར་བོན་གྱི་ཆོས་ལུགས་པ་རྣམས་མི་འདོད་བཞིན་བཙན་པོས་ཆོས་སྒོར་ཞུགས་སུ་བཅུག་པ་དང་བོན་ཆོས་རྣམས་གཏེར་དུ་སྦས་པ་སོགས་བོད་ཀྱི་ཆོས་རིག་དང་སྤྱི་ཚོགས་ཀྱི་གནས་བབས་དེ་ཧ་ཅང་ཟིང་ཆ་ཅན་ཞིག་ཡིན་པ་བཤད་པ་དེ་ལྟ་བུ་རེད། གལ་ཏེ་བཻ་རོ་རྒྱ་རོང་དུ་སྤྱུགས་མཁན་དེ་བོན་པོ་རྣམས་ཡིན་ན་བཻ་རོ་རྒྱང་ཕུད་བྱེད་པ་དང་བོན་བསྟན་མི་བསྣུབས་པ་སོགས་ལ་ཕན་ཐོགས་གང་ཡང་བྱུང་མེད་པར་མ་ཟད་བཻ་རོ་ཕྱིར་ཕེབས་པ་དང་བོན་དང་ཆོས་འདྲ་མཉམ་སྒོས་སྐྱོང་ཚུལ་བཻ་རོ་འདྲ་འབག་ལས་བཤད་དོ།། དཔེར་ན་བོན་གྱི་ལོ་རྒྱུས་འགའ་རེ་ལས་བཻ་རོ་ཙ་ན་རྒྱ་གར་དུ་འགྲོ་མ་མྱོང་ཞིང་བན་བོན་ཆོས་གཞུང་རྣམས་ཕན་ཚུན་བསྒྱུར་བཅོས་མང་པོ་བྱེད་བས་རྒྱལ་པོའི་བཀའ་ཆད་ཀྱིས་ས་མཐར་སྤྱུགས་པར་བཤད་ཉིད་བདེན་ལས་ཆེ་སེམས། གང་ལྟར་བཻ་རོ་རྒྱལ་རོང་དུ་ཕེབས་པ་ནི་བདེན་པའི་གཏམ་དུ་སྣང་ཏེ། དཔེར་ན་ད་ལྟའང་རྒྱལ་རོང་དང་བྲག་འགོ་སོགས་སུ་བཻ་རོའི་སྒྲུབ་ཕུག་དང་བཞུགས་གནས་ཕྱག་རྗེས་ཞབས་རྗེས་ཟེར་བ་དུ་མ་མཐོང་དུ་ཡོད་པ་དེ་ལྟ་བུ་རེད། དེས་ན་སྐབས་དེར་རྒྱལ་རོང་དང་མི་ཉག་ཙམ་མ་ཟད་ཞང་བོད་ཡུལ་གྲུ་ཀུན་ཏུ་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་ཡོད་པར་བོད་ཀྱི་ལོ་རྒྱུས་ཀུན་ལས་བཤད་པ་དེ་ལྟར་ན། བཻ་རོ་ཙ་ན་ཉིད་ཡུལ་དེར་རྒྱུན་རིང་པོ་བཞུགས་ཐུབ་པར་མ་ཟད་གཡུ་སྒྲ་སྙིང་པོ་སོགས་སློབ་མའང་དུ་མ་བྱུང་བ་སོགས་སུ་བརྟག་ན་ཡུལ་དེ་ཀའི་མི་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་ཤིན་ཏུ་གསལ། ཁོང་གིས་རྫོགས་པ་ཆེན་པོའི་ཆོས་གཞུང་མང་ཆེ་བ་མཛད་སའང་དེ་ནས་ཡིན་པས། ཤྲི་སང་ཧ་ཞེས་པ་ཉིད་རྒྱ་རོང་ནས་ཡིན་པ་དང་།བཻ་རོའི་རྫོགས་ཆེན་ཞེས་པ་དེའང་ཐོག་མར་བོན་པོའི་རྫོགས་ཆེན་ཡིན་པ་ལ་རྗེས་སུ་གཏེར་སྟོན་ནམ་སྙུག་ཐོགས་པ་འགའ་རེས་ལོ་རྒྱུས་དེ་ལ་ཁ་བསྣན་དང་བསྒྱུར་བཅོས་བྱེད་པ་དང་ཡང་ན་བོན་ལུགས་རྫོགས་ཆེན་གྱིས་རྨང་གཞི་བྱས་ནས་དར་བ་ཞིག་རེད་སེམས།། བཻ་རོ་ཙ་ན་ཡང་དང་པོ་བོན་པོ་ཡིན་ལ་རྗེས་སུ་བན་བོན་རིས་མེད་དུ་ཆགས་ཀྱང་རྙིང་མའི་གཏེར་སྟོན་འགའ་རེས་བདག་བྱས་པས་བན་དེར་འགྱུར་སོང་བ་རེད་སྙམ། རྒྱུ་མཚན་ནི་བཻ་རོས་བན་བོན་གཉིས་ཀའི་ཕྱོགས་སུ་བྱ་བ་མཛད་ཡོད་ཕྱིར། འོན་ཀྱང་ཕྱིས་སུ་བྱུང་བའི་ཡིག་ཆ་འགའ་རེ་ལས་བཻ་རོ་ཙ་ནའི་ལོ་རྒྱུས་བཤད་སྐབས་རྙིང་ཕྱོགས་ཀྱི་མཛད་པ་ཁོ་ན་ལས་བོན་ཕྱོགས་ལ་ཟུར་ཙམ་ཡང་གླེང་མེད་པ་སོགས་གྲུབ་མཐའི་ཆགས་སྡང་དང་ཕྱོགས་ཞེན་གྱི་སྐད་ཆ་ཡིན་པར་ཤིན་ཏུ་གསལ། མདོར་ན་བཻ་རོ་ཉིད་བོན་པོའམ་བན་བོན་རིས་སུ་མ་ཆད་པའི་བླ་མ་ཞིག་ཡིན་པ་དང་རྙིང་མའི་རྫོགས་ཆེན་དང་བོན་ལུགས་རྫོགས་ཆེན་གཉིས་ཀྱང་དང་པོ་གཞི་གཅིག་ཡིན་པ་ལ་རྗེས་སུ་མ་ལག་ཆེན་པོ་གཉིས་སུ་ཆད་པར་སེམས།དེ་ནས་རིམ་བཞིན་བོན་ལུགས་རྫོགས་ཆེན་ལའང་བརྒྱུད་ཁ་དུ་མ་ཞིག་ཆད་ཡོད་པ་དེ་ལྟ་བུ་རེད།དཔེར་ན་སྟོན་པ་གཤེན་རབ་དུས་ནས་ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་ལ་བརྒྱུད་ཁ་མི་འདྲ་བ་བཞིར་ཆད་པར་བཤད་པ་ལྟ་བུའོ།།དེ་ནི་བན་བོན་གྱི་ཆོས་ལུགས་རིག་གནས་ཙམ་མ་ཟད་འཛམ་གླིང་ཤར་ནུབ་གྱི་ཆོས་རིག་ཚང་མ་དེ་ལྟར་མེད་པ་ནས་ཡོད་པ། ཆ་ཤས་ནས་ཡོངས་རྫོགས་སུ་གྲུབ་པ་ཞིག་རེད།

༣་བོན་པོའི་རྫོགས་ཆེན་དང་རྙིང་མའི་རྫོགས་ཆེན་བར་གྱི་འབྲེལ་བ།

    དེའང་རྙིང་མའི་རྫོགས་ཆེན་ཕལ་ཆེ་བ་བཻ་རོ་ཙ་ནས་རྒྱ་གར་རམ་ཁ་ཆེ་འམ་ཡང་ན་རྒྱ་ནག་ནས་གདན་དྲངས་བར་བཤད། དེ་ལས་འགའ་རེ་ནི་བཎ་ཆེན་བི་མ་མི་ཏྲ་དང་དྲན་པ་ཡེ་ཤེས་སམ་དྲན་པ་ནམ་མཁའ་གཉིས་ཀྱིས་བསྒྱུར་དེ་དར་བར་བཤད། བོན་པོའི་རྫོགས་ཆེན་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་དང་བྱང་སེམས་གབ་པ་དགུ་སྐོར། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་སེམས་སྨད་སྡེ་དགུ ཨ་ཁྲིད་རྫོགས་པ་ཆེན་པོ། རྒྱ་གར་བོན་སྐོར་སོགས་བརྒྱུད་ཁ་མི་འདྲ་བ་དྲུག་ཙམ་ཡོད་ནའང་།དེ་དག་ལས་བན་ཕྱོགས་ཀྱི་རྫོགས་ཆེན་དང་འབྲེལ་བ་ཡོད་ས་གཙོ་བོ་རྒྱ་གར་བོན་སྐོར་རམ་ཡེར་བའི་བོན་སྐོར་རམ་ཡང་ན་བཻ་རོའི་བོན་སྐོར་གྱི་རྫོགས་ཆེན་རྣམས་ཡིན་པར་བཤད། དཔེར་ན་བོན་པོ་རྣམས་ཀྱིས་རྙིང་མའི་རྫོགས་ཆེན་ཐམས་ཆད་བོན་ལུགས་ལས་དཔེར་བཤུས་བ་དང་ཡང་ན་བསྒྱུར་བ་རེད་ཅེད་ཁྱབ་བསྒྲགས་བྱེད་ཡོད་པ་དང་། བན་དེ་རྣམས་ཀྱིས་བོན་ལུགས་རྫོགས་ཆེན་རྣམས་བན་ཕྱོགས་ནས་དཔེར་བཤུས་པ་དང་བསྒྱུར་བ་སོགས་བཤད་ཡོད་པའང་རྒྱ་གར་བོན་སྐོར་འདི་རྣམས་ལ་ངོས་འཛིན་དགོས། སྤྱིར་རིག་གནས་མི་འདྲ་བ་གཉིས་མི་ལོ་སྟོང་ཕྲག་རིང་ལ་ཡུལ་གཅིག་ཏུ་མཉམ་དར་བྱེད་པ་ལ་ཕན་ཚུན་གཅིག་གིས་གཅིག་ལ་ཤན་ཞུགས་ཐེབས་པ་ནི་བན་བོན་ཙམ་མ་ཟད་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་རྣམས་ཀྱང་ཕན་ཚུན་འོ་ཆུ་ལྟར་གཅིག་ཏུ་འདྲེས་བཞིན་ཡོད་པས། དེར་ཧ་ལས་དགོས་པ་ཞིག་གཏན་ནས་མིན། འོན་ཀྱང་བན་བོན་གྱི་རྫོགས་ཆེན་རྣམས་ནི་ཤན་ཞུགས་ཙམ་མ་ཟད་ཕན་ཚུན་གཅིག་གིས་གཅིག་ལ་དཔེར་བཤུས་པ་ལྟ་བུ་མང་པོ་ཡོད་དེ། དཔེར་ན་གཞུང་འགའ་རེ་ལས་ཤོག་ལྡེབ་གཉིས་གསུམ་རེ་ལ་ཚིག་སྦྱོར་ཕན་ཚུན་གཅིག་མཚུངས་ཡིན་པ་མང་པོ་འདུག དེ་ལས་བོན་ལུགས་རྒྱ་གར་བོན་སྐོར་ཕལ་ཆེ་བ་དུས་རབས་བཅུ་པའི་ནང་དུ་གཏེར་ལས་དྲངས་བ་དང་།གཏེར་སྟོན་ཡང་བན་དེ་ཡིན་པར་གང་ཞུས་ལྟར་ལགས། ཡང་འགའ་ཞིག་ནི་དུས་རབས་བཅུ་གསུམ་པའི་དཀྱིལ་དང་ཡང་འགའ་རེ་ནི་དུས་རབས་བཅུ་བཞི་པའི་འགོ་ཙམ་ལ་ཡིན། རྙིང་མའི་རྫོགས་ཆེན་གྱི་གཙོ་བོ་བཻ་རོ་རྒྱུད་འབུམ་རྣམས་ཡིན་པས་དེ་ནི་དུས་རབས་བཅུ་གཉིས་ནས་བཅུ་བཞི་པའི་བར་དུ་དར་བ་ཞིག་ཡིན་པས་རྙིང་མའི་རྫོགས་ཆེན་རྣམས་བོན་ལུགས་རྫོགས་ཆེན་གྱིས་གཞིར་བྱས་ནས་དར་བ་ཞིག་རེད་ཅེས་འདོད།དཔེར་ན་བོན་ལུགས་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནི་བཞེས་སྟོན་དངོས་གྲུབ་གྲགས་པས་སྤྱིལ་ལོ་དུས་རབས་བཅུ་པའི་འགོ་ཙམ་ལ་བོད་ལྗོངས་ལྷོ་བྲག་གི་ཁོང་ཐང་ལྷ་ཁང་ནས་གཏེར་ནས་དྲངས་བ་ཞིག་རེད། དེ་ལ་སྙན་རྒྱུད་ཆེ་ཆུང་གཉིས་ཡོད་ཅིང་གཉིས་ཀ་ཁོང་གི་སློབ་མ་རྒྱ་ཇོ་ལྡེ་ལ་ཡེ་ཤེས་དབལ་མོའི་ལུ་བསྟན་པ་ལྟར་གནང་། སྙན་རྒྱུད་ཆུང་བ་ནི་རྒྱ་ཇོ་ལྡེས་ཁོང་གི་སློབ་མ་རྒྱ་སྟོན་གཉག་ཆུ་ལ་བསྟན། དེས་ཨ་བོ་སྔོན་པོ་ལ་བསྟན། དེས་ཆོ་སྟོན་ཞིག་པོ་ལ་བསྟན། དེས་ལྕེ་སྟོན་ཟུང་གྲགས་ལ་བསྟན། དེས་ཟུར་མེས་དབོན་རྣམ་གསུམ་གྱི་གཙོ་བོ་ཟུར་ཆེན་ཤྰག་ཀྱ་འབྱུང་གནས་ལ་བརྒྱུད་པས་ཆོས་སུ་བསྒྱུར་ནས་དབུ་ལ་རྒྱ་གར་སྐད་སོགས་བཞག མཚན་ལ་སྙན་རྒྱུད་ཐུགས་ཀྱི་མེ་ལོང་དུ་བཏགས་ཏེ་དེང་སང་ཆོས་པ་ཀུན་གྱི་སྤྱོད་བཞིན་ཡོད་པ་དེ་ཡིན་པར་བཤད།དེ་དག་ཐད་ཀར་བསྒྱུར་བ་ཡིན་མིན་མི་ཤེས་ཀྱང་མ་གཞི་དེའི་སྟེང་ནས་འཕེལ་རྒྱས་སོང་བ་ཞིག་ཡིན་པར་ཤིན་ཏུ་གསལ། 
    སྤྱིར་བན་བོན་གཉིས་ཀའི་གཏེར་ཡིག་རྣམས་དང་པོ་ས་ཀ་ཀེ་མོ་ནས་བླ་མ་ཀ་ཀེ་མོས་གཏེར་དུ་དྲངས་བ་དང་། དེ་ལ་གཏེར་སྟོན་རང་དང་དེའི་སློབ་མ་རྣམས་ཀྱིས་རང་གི་བེད་སྤྱོད་སླ་བའི་ཆེད་དུ་ཁ་གསེབ་དང་ཁ་གསལ་མང་པོ་བྱས་ནས་འཕེལ་རྒྱས་སོང་བ་ཞིག་ཡིན་ནའང་གསར་རྩོམ་མིན་པར་ཤེས་དགོས།དེ་ལས་འགའ་ཞིག་ནི་གཏེར་སྟོན་རང་གི་དགོས་མཁོ་དང་བསྟུན་གསར་རྩོམ་བྱེད་པའང་དུ་མ་ཡོད།རྒྱུ་མཚན་དེ་ལ་བརྟེན་ནས་ས་པཎ་དང་སྟག་ལོ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་རྙིང་མའི་གཏེར་ཆོས་རྣམས་ལ་བཀའ་བཀྱོན་གནང་བའང་རྒྱུ་རྐྱེན་དེ་དག་ལས་བྱུང་བར་ཤིན་དུ་གསལ། 
    དེས་ན་རྙིང་མའི་གཏེར་ཆོས་ཚང་མ་ཕྱོགས་བསྒྲིགས་བྱས་པའི་ཡིག་ཆ་རྙིང་མའི་རྒྱུད་འབུམ་ཟེར་བ་ཞིག་ཡོད། དེ་ནི་ཕལ་ཆེར་དུས་རབས་བཅུ་གཉིས་པ་ཙམ་ནས་དར་བའི་དབུ་བརྙེས། དུས་རབས་བཅུ་བཞི་པ་དང་བཅོ་ལྔ་པ་ཙམ་ལ་རྙིང་མའི་གཏེར་སྟོན་རདྣ་གླིང་པ་དང་འཇིགས་མེད་གླིང་པ་སོགས་བྱོན་ནས་དཔེ་ཆ་དེ་རྣམས་ཕྱོགས་བསྒྲིགས་དང་དག་བཅོས། ཁ་གསེབ་དང་དཀར་ཆག་སོགས་མཛད་ཏེ་འཕེལ་རྒྱས་སུ་སོང་བ་ཞིག་རེད། ཐོག་མར་པོ་ཏི་བཅུ་ཁ་ཞིག་ལས་མེད། འཇིགས་མེད་གླིང་པས་བསྒྲིགས་པའི་དཀར་ཆག་ནང་པོ་ཏི་ཉི་ཤུ་རྩ་དྲུག་ཙམ་ཡོད་པར་བཤད། པེ་ཅིན་བོད་རིག་ཞིབ་འཇུག་ཁང་གིས་དཔེ་སྤྲུན་མཛད་པ་ཞིག་བདག་གི་ལག་ཏུ་འབྱོར་བ་ལ་པོ་ཏི་བཞི་བཅུ་ལྷག་འདུག ཕལ་ཆེ་བའི་ནང་དུ་གཏེར་སྟོན་དང་གཏེར་འདོན་དུས་སོགས་མི་གསལ་བ་དེ་ལྟ་བུ་ཞིག་རེད། དེས་ན་དུས་རབས་བཅུ་གཉིས་པ་ཙམ་ལ་སྣར་ཐང་དགོན་གྱི་བཅོམ་ལྡན་རིག་པའི་རལ་གྲི་དང་དབུས་པ་བླ་མ་སངས་རྒྱས་འབུམ་སོགས་ཀྱིས་བོད་དུ་ཡོད་པའི་བན་ཕྱོགས་ཀྱི་བཀའ་བསྟན་ཡོད་ཚད་ཕྱོགས་བསྒྲིགས་དང་དག་བཅོས་ཐེང་གཅིག་མཛད་མྱོང་ནའང་དེའི་ནང་དུ་རྒྱུད་འབུམ་འདི་བཞག་མེད་པ་དང་། རྗེས་སུ་བུ་སྟོན་རིན་ཆེན་གྲུབ་གྱིས་སྣར་ཐང་གི་བཀའ་འགྱུར་ལ་གཞིར་བཅོལ་ནས་སླར་ཡང་བཀའ་བསྟན་ཕྱོགས་བསྒྲིགས་མཛད་མྱོང་མོད་ཀྱང་དེའི་ནང་དུའང་བཞག་མེད། དེའི་རྗེས་སུ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ལ་སྡེ་དགེ་རྒྱལ་པོས་སྦྱིན་བདག་བྱས་ནས་བན་ཁའི་ཕྱོགས་ཀྱི་བཀའ་འགྱུར་རྣམས་སླར་ཡང་ཕྱོགས་བསྒྲིགས་ཐེང་གཅིག་མཛད་མོད་ཀྱང་དེའི་ནང་དུའང་བཞག་མེད་པར་མ་ཟད། སྟག་ལོ་དང་ས་པཎ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་དཔེ་ཆ་འདི་དག་རྒྱ་གར་ནག་གང་ནས་བྱུང་བ་མི་གསལ་བ་དང་། རྒྱ་བོད་གང་གི་བསྟན་བཅོས་ཡིན་པའང་ཐེ་ཚོམ་ཅན་དུ་གྱུར་བ་སོགས་དོགས་གཞི་མང་པོ་མཛད་ཡོད་པ་དང་།རྒྱལ་དབང་ལྔ་པས་ཀྱང་དེར་དགག་པ་མཛད་ཡོད་པ་སོགས་སུ་བརྟེན་རྒྱུད་འབུམ་འདི་དག་ཀྱང་རྩོད་གཞི་ཅན་ཞིག་གྱུར་བ་རེད། དེའང་བཻ་རོའི་རྫོགས་ཆེན་རྣམས་བོན་གྱི་རྫོགས་ལ་བརྟེན་ནས་དར་བའོ་ཞེས་པའི་རྒྱུ་མཚན་ནི། གཅིག་ན་བཻ་རོའི་སྔོན་ནས་བོན་ལུགས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་སོགས་དར་ནས་གནས་ཡོད་པར་མ་ཟད་དེ་ལ་བརྟེན་ནས་འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་དྲུག་བྱོན་ཡོད་པ་དང་། གཉིས་སུ་བོན་ལུགས་རྫོགས་ཆེན་རྣམས་བཻ་རོའི་བོན་སྐོར་རམ་རྒྱ་གར་བོན་སྐོར་ཁོ་ན་མ་ཡིན་ཞིང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་སོགས་དེ་སྔོན་ནས་དར་ཡོད་པ་དང་།གསུམ་དུ་བན་བོན་གཉིས་ཀྱི་རྫོགས་ཆེན་རྣམས་རྩོམ་ཁོག་དང་རྩོམ་གཤིས་གཅིག་ཡིན་པར་མ་ཟད་གཉིས་ཀ་བོད་རང་གི་བརྩམས་ཆོས་ཡིན་པ་ལས་བསྒྱུར་ཡིག་གི་ཉམས་མེད་པ་དང་།བཞི་ན་དེ་གཉིས་ཀྱི་ནང་དོན་བརྗོད་བྱ་དང་ཉམས་སུ་ལེན་སྟངས་ཕལ་ཆེར་གཅིག་ཏུ་གྲུབ་པ་དང་། ལྔ་པ་བན་ཕྱོགས་ཀྱི་རྒྱུད་འབུམ་ལ་བོད་ཀྱིས་མཁས་པ་དུ་མས་ཁས་མི་ལེན་ཞིང་རྩོད་གཞི་ཅན་དུ་གྱུར་ཡོད་པ་དང་།དྲུག་པ་རྔོག་ལོ་སོགས་བོད་མཁས་དུ་མས་བཻ་རོའི་རྒྱུད་འབུམ་གྱི་རྩོམ་གཤིས་དང་རྩོམ་ཁོག་སོགས་གང་གི་ཐད་ནས་ཀྱང་རྒྱ་གར་དང་མི་འདྲ་ཞིང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཚང་བ་བར་བཤད་པ་བཅས་སོ།།