མདུན་ཤོག

བོན་གྱི་བྱ་འགུལ། - ༄།།ངུ་འབོད་སྙིང་གི་གསོལ་འདེབས།

༄།།ངུ་འབོད་སྙིང་གི་གསོལ་འདེབས།

 


2017-9-19 21:10:12 རྩོམ་པ་པོ། བྱུང་ཁུངས། གཟི་རྩའི་སྤྲུལ་སྐུ། ཀློག་གྲངས།

ས྄་སྟེང་གི་སེམས་དཔའ། གནམ་འོག་གི་འདྲེན་པ་ཆེན་མོ། སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཁྱེད་ནི། ལས་ངན་འཁོར་བའི་ཞིང་གི་མ་རིག་གི་མུན་པ་སེལ་བའི་ཡང་དག་དོན་གྱི་ཉི་མ་འཁྲུལ་ཞིག་པ། ཁྱེད་ནི་རེ་ཞིག་བསྟན་འགྲོའི་དོན་སླད་དབྱིངས་སུ་གཤེགས་འཛད་པས། ངེད་ཅག་གདུལ་བྱའི་འཇིག་རྟེན་གངས་ཅན་བོད་ཀྱི་ཡུལ་ལ། སེམས་སྡུག་གི་མུན་པ་འཐུབ་ཅིང་སེམས་སྡུག་གི་ཆུ་བོ་འབྲུག་པས། བོད་ཁམས་གཡོ་བར་བྱས་ཅིང་ཆོལ་གསུམ་གང་སར་མྱང་ངན་གྱི་སྒྲ་དབྱངས་སྒྲོགས་པར་གྱུར། ཁྱད་པར་འཛམ་གླིང་བོན་སྤྱོད་འགྲོ་བ་ཕོ་མོའི་ཡིད་ཆེས་དད་པའི་རྟེན་ལ། ཕན་བྱེད་བོན་བསྟན་གསལ་བར་སྤེལ་མཛད་བཀའ་དྲིན་མཚུངས་ཟླ་བྲལ་བ། ཐར་བའི་ལམ་འདྲེན་གྱི་བླ་མ། སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ། མི་ཡི་སེང་ཆེན་གཟི་བརྗིད་སྨན་རི་བ། ཁྱེད་ནི་བོན་འབང་ཡོད་དོ་ཅོག་གི རྩ་རྒྱད་ཀུན་འདུས་དྲིན་ཆེན་བླ་མ་ཡིན་པ་གང་ཞིག་ལ། ཁྱེད་ནི་སྐུ་གསུམ་གྱི་ངོ་བོ། རྒྱད་གསུམ་གྱི་བདག་ཉིད། བརླབ་གསུམ་བསྟན་པའི་སྲོག་ཤིང་། གསང་གསུམ་གདམས་ངག་གི་གཏེར་མཛོད། དཔོན་གསས་བླ་མ་རིན་པོ་ཆེ་ཁྱེད་ནི། མདོ་སྔགས་རྫོགས་གསུམ་གྱི་དོན་རྣམས། མ་ནོར་ཐར་བའི་ལམ་སྟོན། ཡང་དག་དོན་གྱི་ཉི་མ་སྟེ། ཁྱེད་ནི་རེ་ཞིག་མི་རྟག་ཚུལ་བསྟན་ནུབ་རིར་གཤེགས་པ་ཡིས། ངེད་ཅག་རྗེས་འབྲང་པ་རྣམས། མགོན་མེད་ཀྱི་འབང་དང་། སྐྱབས་མེད་ཀྱི་དྭ་ཕྲུག་དུ་གྱུར་བ། དཔེར་ན་བྱེ་ཐང་དཀྱིལ་གྱི་བྱིས་པ་ཅི་བཞིན་ལ། ངེད་ཅག་ལ་མགོན་སྐྱབས་ཀྱི་ཡབ་ཆེན་ཡོད་ཀྱང་དབྱིངས་སུ་གཤེགས་ཚེ། སྐྱོ་གདུང་གི་སྡུག་བསྔལ་ནི་ཆེ། མིག་ཆུ་ནི་ཡུལ་ཆུ་བཞུར་བཞུར་དང་རྒྱ་མཚོ་འཁྱིར་འཁྱིར་བྱས་ཡོད། སྤྱི་བོའི་གཙུག་དང་སྙིང་ཁུང་དུ་གནས་པའི། སྤྱི་རྗེ་བླ་མ་འགྲན་ཟླ་བྲལ་བ་ལགས། ཚེ་རབས་ཀུན་ཏུ་སྐྱབས་འོག་ཚུད་པར་མཛད་དུ་གསོལ།།


2017_9_18-སྨན་ས་མ་ཡ་ནས།