མདུན་ཤོག

དགོན་སྡེ་སྒྲུབ་གནས། - རྒྱལ་རོང་གི་རྒྱལ་པོ་བེ་ཅེན་ངོ་སྤྲོད།

རྒྱལ་རོང་གི་རྒྱལ་པོ་བེ་ཅེན་ངོ་སྤྲོད།

 ལོ་རྒྱུས་ཐོག་ལ་བོད་རྒྱལ་མོ་རོང་དུ་ཆང་གི་རིག་གནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ས་ཁོངས་དང་མི་རིགས་ཀྱི་


2016-9-5 12:13:54 རྩོམ་པ་པོ། ཁམས་པའི་དྲ་བ། བྱུང་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།

 

    ལོ་རྒྱུས་ཐོག་ལ་བོད་རྒྱལ་མོ་རོང་དུ་ཆང་གི་རིག་གནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི༼བེ་ཅེན༽ཞེས་པ་བྱུང་ཞིང་མི་རབས་ནས་མི་རབས་མཐུད་དེ་བརྒྱུད་པ་རེད།
   རྟོག་ཞིབ་བྱས་པ་ལྟར་ན་ཕོ་བྲང་ནང་གི༼བེ་ཅེན༽༼རྒྱལ་རོང་གི་སྐད་དེ་བུམ་ཆེན་ཞེས་པའི་དོན་ཡིན༽ལ་ད་ལྟའི་བར་དུ་ལོ་སྟོང་ལྷག་གི་ལོ་རྒྱུས་ཡོད། ༼བེ་ཅེན༽ཞེས་པ་ནི་རྒྱལ་རོང་བོད་སྐད་ཡིན་ཞིང་སྣོད་ཆེན་པོའི་དོན་ཡིན་ཏེ་ཕོ་བྲང་ནང་གི་ཆོ་ལོ་ཐོབ་ཐང་མི་འདྲ་བའི་དཔོན་རིགས་རྣམས་ལ་ལི་ལྕགས་བསྲེས་མ་ལས་བཟོས་པའི་སྣོད་ཆས་ཀྱི་སྤྱི་མིང་དུ་ཆགས། རྒྱལ་པོ་ལ་ཆེད་དུ་བཟོས་པའི༼བེ་ཅེན༽ལ་རྒྱལ་རོང་སྐད་དུ༼རྒྱལ་པོ་བེ་ཅེན༽ཞེས་ཟེར། དེ་ནི་སྣོད་ཆེན་ནང་གི་སྣོད་ཆེན་ཏེ་ཆེས་རིམ་པ་མཐོ་བའི་བེ་ཅེན་གྱི་ཁོངས་སུ་གཏོགས། བེ་ཅེན་ནི་ཁ་དང་སྐེ། ལྟོ་བ། ཞབས་ར། ཡུ་བ་བཅས་ལས་གྲུབ་ཅིང་བཟོ་དབྱིབས་ནི་ཀྲོང་ངེར་འགྱིང་བའི་བྱ་རྒྱལ་ཁྱུང་དང་ཧ་ཅང་འདྲ། ཞབས་ར་ནས་ཁ་བར་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་མངོན་པར་མཚོན་པའི་རྒྱན་རིས་དང་མཚོན་རྟགས་སྣ་ཚོགས་ཡོད་པས་གཤམ་དུ་རྒྱལ་པོ་བེ་ཅེན་གྱི་སྐོར་ངོ་སྤྲོད་བྱས་ན་འདི་ལྟར་ཏེ།
   རྒྱལ་པོ་བེ་ཅེན་ནི་བོད་རྒྱལ་མོ་རོང་བའི་ཆེས་དཔེ་མཚོན་རང་བཞིན་ལྡན་པའི་སྤྱོད་སྒོ་དང་སྒྱུ་རྩལ་ཟུང་དུ་འབྲེལ་བའི་ཁྱད་འཕགས་ཀྱི་སྒྱུ་རྩལ་དངོས་རྫས་ཤིག་ཡིན། དེའི་རྒྱུ་ཆ་བཟང་ཞིང་ཁྱད་ཆོས་འབུར་དུ་ཐོན། གཟུགས་བརྙན་གསོན་ཉམས་དོད་ཅིང་རྒྱན་རིས་མངོན་པར་མཛེས། བཟོ་རྩལ་རྩེ་རུ་སོན་ཞིང་བསྟན་དོན་གཏིང་ཟབ་ལ་རྒྱ་ཆེ་བས་བེ་ཅེན་ནང་གི་མཆོག་གྱུར་དུ་བརྩིས། དེ་ནི་རྒྱལ་པོའི་དབང་ཆ་དང་གོ་སའི་མཚོན་བྱེད་ཡིན་པར་མ་ཟད་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་བཅུད་ཀྱང་འདུས་ཡོད་ལ་རྒྱལ་རོང་བོད་མིའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བློ་གྲོས་མངོན་པར་གསལ་ཡོད་པས་རང་རྒྱལ་གྱི་ལི་བཟོའི་ལོ་རྒྱུས་ཐོག་གི་སྡུག་གུར་བཀྲ་བའི་མེ་ཏོག་ཅིག་ཡིན། བེ་ཅེན་གྱི་ཁ་ནི་ཁམ་བུའི་གཟུགས་དབྱིབས་ལྟར་དུ་གྲུབ་ལ་རྒྱལ་རོང་སྐད་དུ༼གསོལ་ཁ་ལུང་དྲངས་ནོར་བུ༽ཞེས་ཟེར། མིང་འདིས་བེ་ཅེན་གྱི་ཁ་ཡི་རྣམ་པ་ནི་ནང་བསྟན་གྱི་རི་མོ་ལས་ནོར་བུ་དང་འདྲ་བས་ཁ་ལས་བཞུར་བའི་བདུད་རྩི་བསིལ་མ་ལྷ་ཀླུ་གཉན་གསུམ་ལ་ཕུལ་བའི་དོན་མཚོན། བེ་ཅེན་གྱི་ཁ་ནས་ལྟོ་བའི་ཞབས་བར་ཕྲེང་རྒྱུད་གསུམ་གྱི་རི་མོ་ཡོད་པ་དེས་ས་འོག་དང་ས་སྟེང་། ས་བླ་བཅས་སྲིད་གསུམ་མཚོན། ཁ་ཡི་ཕྱོགས་བཞིར་རྣ་བ་རེ་བསྲིངས་ཡོད་པ་དེས་ས་བླའི་སྒོ་ལྷ་བཞི་མཚོན། བེ་ཅེན་གྱི་ལྟོ་བ་རུ་རྣ་བ་བཞི་ཕྱི་རུ་བསྲིངས་ཡོད་པ་དེས་ས་སྟེང་གི་ཕྱོགས་བཞིའི་ཕྱོགས་སྐྱོང་ལྷ་མཚོན། སྟེང་འོག་ཏུ་བསྲིངས་པའི་རྣ་བ་ཕན་ཚུན་དོ་མཉམ་པ་ལ་འགའ་ཞིག་གིས་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཚོན་བྱེད་ཡིན་ཟེར། ལ་ལ་ཡིས་དེ་ནི་བོན་ཆོས་ཀྱི་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོའི་གཟུགས་ཅན་གྱི་ནམ་མཁའ་ཡིན་ཞེས་བརྗོད། བེ་ཅེན་ལས་ས་སྟེང་གི་མཚོན་བྱེད་ལྟོ་བ་རུ་བོད་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་བྱ་ཁྱུང་གཤོག་བརྐྱངས་དང་རྒྱལ་སྲིད་སྣ་བདུན།བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་པའི་སྲོག་ཆགས་བཞི། སྐར་མ་སྨིན་དྲུག་བཅས་ཁྱད་མཚར་གྱིས་བཀོད་ཡོད་པ་དེས་མི་ཡུལ་གྱི་རྒྱལ་ཁམས་ལ་ཕུལ་བའི་གསོལ་འདེབས་དང་སྨོན་ལམ་མཚོན། བེ་ཅེན་གྱིས་མི་ཡུལ་གྱི་རྒྱལ་ཁམས་མཚོན་པར་བྱས་ཤིང་དེའི་སྐེ་ཡི་ངོས་གཉིས་སུ་ཁྱུང་ཆེན་གསེར་སྒྲོ་ཅན་རེ་རེ་ཡོད་པ་ནི་བོད་མི་རིགས་ཁྱུང་གི་སྒོ་ང་ལས་བྱུང་བའི་བཤད་སྒྲོས་དང་འབྲེལ་བ་ཡོད་ལ་རྒྱལ་རོང་བོད་མིའི་རིགས་རུས་ནི་ཁྱུང་ལས་མཆེད་པའང་མཚོན། ཁྱུང་གི་གཡས་གཡོན་དུ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་བཀོད་འདུག དེ་ནི་རྒྱལ་ཁམས་སྐྱོང་བའི་ནོར་བུ་སྣ་བདུན་ཡིན་པས་རྒྱལ་ཁམས་ལ་བཅངས་པའི་སྨོན་འདུན་མཚོན། དེ་ལས་དང་པོ་འཁོར་ལོ་རིན་པོ་ཆེས་རྒྱལ་པོའི་དབང་སྒྱུར་འཁོར་ལོ་འཁོར་བ་ལྟར་སུས་ཀྱང་འགོག་ཏུ་མེད་པ་མཚོན།གཉིས་པ་ནོར་བུ་རིན་པོ་ཆེས་རྒྱལ་ཁབ་ཀྱི་སྟོབས་འབྱོར་དར་ཞིང་ཉིན་རེར་ཡར་རྒྱས་ཡོང་བ་མཚོན། གསུམ་པ་བློན་པོ་རིན་པོ་ཆེས་ཐབས་ཤེས་ཟུང་ལ་མཁས་པའི་འཇོན་ལྡན་མི་སྣས་ཕྱུག་བུར་གཏམས་པ་མཚོན། བཞི་པ་བཙུན་མོ་རིན་པོ་ཆེས་ཞི་འཇམ་བདེ་འཇགས་ཀྱི་རྣམ་པ་མཚོན། ལྔ་པ་དམག་དཔོན་རིན་པོ་ཆེས་དམག་དོན་དར་ཞིང་མཐའ་མཚམས་བརྟན་པའི་རྣམ་པ་མཚོན། དྲུག་པ་གླང་པོ་རིན་པོ་ཆེས་རྒྱལ་ཁབ་བརྟན་ཞིང་བརླིང་ལ་རྒྱུ་ནོར་འཛད་མཐའ་མེད་པ་མཚོན། བདུན་པ་རྟ་མཆོག་རིན་པོ་ཆེས་ཞི་ལྷོད་བག་ཆགས་དང་རྒྱལ་ཁབ་འཕེལ་ཁ་རྒྱས་པ་མཚོན། རྒྱལ་སྲིད་སྣ་བདུན་ནང་གི་རྟ་མཆོག་དང་གླང་ཆེན་མ་བརྩིས་པའི་ད་དུང་སེང་གེ་དང་སྟག་བཀོད་ཡོད་པ་ལས་སེང་གེ་ནི་གཅན་གཟན་གྱི་རྒྱལ་པོ་དང་སྟག་གིས་དཔའ་རྔམ་ཆེ་བ་མཚོན་པས་བོད་ཀྱི་སྲོལ་རྒྱུན་མཚོན་རྟགས་ནང་གི་བཀྲ་ཤིས་པའི་སྲོག་ཆགས་བཞི་ལ་ཆ་ཚང་བའི་ཞིབ་བརྗོད་བྱས་ཡོད། གཞན་ཡང་བེ་ཅེན་གྱི་སྐེ་ཡི་མཐོ་ཤོས་སུ་ཉི་མ་དང་ཟླ་བ། སྐར་མ་སྨིན་དྲུག་བཀོད་ཡོད་པ་དེས་རྒྱལ་ཁབ་ཀྱི་ལས་ལམ་ཉི་ཟླ་སྐར་གསུམ་གྱི་འོད་མདངས་དང་མཚུངས་པ་མཚོན་ནོ།། བེ་ཅེན་གྱི་ལྟོ་བར་ཡོད་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དེ་ལས་དཔལ་བེའུ་ཡིས་མ་འོངས་ཐར་ལམ་མཛེས་པའི་ལྗོངས་སུ་བསྲིངས་ཡོད་པ་དང་པད་མ་ཡིས་དྭངས་གཙང་ལྷད་མེད་ཡིད་དུ་འོང་བ་མཚོན། རྒྱལ་མཚན་གྱིས་བདུད་ལས་རྒྱལ་ཞིང་ནམ་ཡང་མི་ཕམ་པ་དང་དུང་དཀར་གྱིས་ཆོས་ཀྱི་དུང་སྒྲ་སྙན་མོ་ཕྱོགས་བཞིར་ཁྱབ་པ་མཚོན། བུམ་པ་ཡིས་དངོས་གྲུབ་ཐོབ་པའི་མན་ངག་དང་གསེར་ཉ་ཡིས་འཁོར་བ་ལས་ཐར་ཞིང་སྒྲིབ་པ་དང་བྲལ་བའི་དོན་མཚོན། འཁོར་ལོ་ཡིས་ཆོས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བ་སུས་ཀྱང་འགོག་ཏུ་མེད་པ་དང་གདུགས་ཀྱིས་འཇིག་རྟེན་འགྲོ་བའི་ཚ་བའི་སྡུག་བསྔལ་སེལ་བ་མཚོན་ནོ།། བེ་ཅེན་གྱི་ཞབས་ར་ནི་གོར་གོར་ཡིན་ལ་ཕྱོགས་བཞིར་པད་མ་འདབ་བརྒྱད་ཡོད་པ་ནི་བོད་ཀྱི་རིག་གནས་ཁྲོད་དུ་ས་པད་མ་འདབ་བརྒྱད་ཅེས་པ་མཚོན་ཏེ་བེ་ཅེན་ས་གཞིའི་ཐོག་ཏུ་ཀྲོང་ངེར་འགྱིང་སྟེ་ལྷད་མེད་དྭངས་གཙང་གིས་འཕེལ་ཁ་དར་བ་ལ་ནམ་ཡང་མཐའ་མེད་པའི་དོན་བསྟན་ནོ།།

   བེ་ཅེན་གྱི་ཡུ་བ་ལའང་ཤིན་ཏུ་དང་དོད་བྱས་ཡོད་དེ། ཡུ་བའི་མགོ་ལ་གླང་ཆེན་ནོར་འདེགས་ཀྱི་རི་མོ་ཞིག་ཡོད་པ་དེས་ནོར་ལྷ་མཚོན། དེ་དང་ཁ་དོ་མཉམ་པ་ནི་ཁ་ལས་བཞུར་བའི་བདུད་རྩི་གླང་ཆེན་གྱིས་བཏེགས་པས་ནམ་ཡང་རྒྱུན་ཆད་མེད་པའི་དོན་ཡིན། ཡུ་བའི་དཀྱིལ་དུ་ལྷུག་གེར་བཞད་པའི་མེ་ཏོག་པད་མ་རྐང་གསུམ་ཡོད་པ་དེས་སངས་རྒྱས་དང་ཆོས། དགེ་འདུན་བཅས་མཚོན་ལ་སངས་རྒྱས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཀྱང་མཚོན། ལ་ལ་ཡིས་མེ་ཏོག་པད་མ་གསུམ་གྱིས་ནང་བསྟན་གྱི་འདས་མ་འོངས་ད་ལྟའི་དུས་གསུམ་དང་དུས་གསུམ་གྱི་སངས་རྒྱས་མཚོན་པས་རྒྱལ་ཁབ་ཀྱི་རི་ཆུ་དུས་ནམ་ཡང་སངས་རྒྱས་ཀྱིས་མགོན་སྐྱབས་མཛད་པའི་དོན་ཡིན་ཞེས་ཟེར། ནང་སྒོས་སུ་དོ་སྣང་བྱ་དགོས་པ་ནི་ཡུ་བ་དང་ལྟོ་བའི་སྦྲེལ་མཚམས་ཀྱི་ནང་ལོགས་སུ་ཆེད་དུ་འདམ་པ་ཡིས་བསྐངས་ཡོད་པ་དེ་ནི་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་ས་གཞི་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་བཀའ་དྲིན་ཤེས་པའི་བསམ་བློ་མཚོན་པ་ཡིན་ལ་ཤིང་མེ་ས་ལྕགས་ཆུ་མཚོན་པའི་དངོས་པོའང་ཡིན།
   འགའ་ཞིག་གིས་དེ་ནི་རྒྱལ་རོང་བོད་མིའི་གདོད་མའི་ཞིང་རྨོ་རིག་གནས་ཀྱི་ཤུལ་རྒྱུན་ཡིན་ཞེས་ཀྱང་ཟེར། བེ་ཅེན་དང་ཤིས་ཚིག་གཉིས་དམ་དུ་འབྲེལ་བ་ཞིག་ཡིན། རྒྱལ་རོང་རྒྱལ་པོ་ཚོས་དུས་སྟོན་ཆེན་པོ་མཛད་ཐེངས་རེར་གཟབ་རྒྱས་ཀྱིས་བེ་ཅེན་གྱི་ཁ་ཕྱེ་བའི་མཛད་སྒོ་སྤེལ། བེ་ཅེན་ནང་དུ་ཆང་གང་བླུགས་ཏེ་སྐད་གྲགས་ལྡན་པའི་མཛད་སྒོའི་བྱ་རིམ་སྟོན་པ་པོས་ཁ་ཕྱེས་ཏེ་ཤིག་ཚིག་འབུལ། རྒྱལ་རོང་སྐད་དུ་དེ་ལ་ཆ་མཆོད་ཟེར།༼ཆང་མཆོད་ཀྱི་དོན་ཡིན༽བེ་ཅེན་ཐོག་གི་རི་མོ་རྣམས་ནི་ཤིས་ཚིག་གི་ནང་དོན་ཡིན། ཤིས་ཚིག་འབུལ་མཁན་གྱིས་ཆུ་རྒྱུག་རྒྱུག་གིས་སྲིད་གསུམ་གྱི་གོ་རིམ་ལྟར་ས་བླའི་ལྷ་ལ་བསྟོད་ཅིང་ས་སྟེང་གི་མེས་པོ་ལ་མཆོད། ས་འོག་གི་གདོན་འདྲེ་དེད། ཤིས་ཚིག་ནི་དོན་བརྗོད་སྙན་ངག་ཅིག་དང་འདྲ་བར་སྙན་ཞིང་འཇེབས་ལ་གསོན་ཉམས་ལྡན་པའི་སྒོ་ནས་གཏིང་ཟབ་པའི་གནའ་རབས་བརྗོད་ཅིང་གཡང་ཆགས་པའི་དེང་རབས་ལ་སྨོན་ལམ་འདེབས། བེ་ཅེན་དང་ཤིས་ཚིག་གཉིས་ནི་མཚེ་མ་དང་འདྲ་བར་ཕན་ཚུན་རམ་འདེགས་དང་ཕན་ཚུན་གཟེངས་སུ་ཐོན་པ་བྱས་ཏེ་གཏིང་ཟབ་པོའི་སྒོ་ནས་རྒྱལ་རོང་བོད་མིའི་ཕུན་སུམ་ཚོགས་པའི་བེ་ཅེན་རིག་གནས་གསལ་པོར་སྟོན་བཞིན་པ་ལགས།

   བེ་ཅེན་ནི་བོད་རྒྱལ་མོ་རོང་བའི་སྣོད་ཆེན་གཙོ་བོ་ཞིག་ཡིན་པས་མ་ཚད་རིག་གནས་ཤིག་ཀྱང་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་འཕོ་འགྱུར་དབང་གིས་ཤུལ་དུ་ལྷག་པའི་བེ་ཅེན་ཧ་ཅང་ཉུང་ལ་ནང་དགོས་སུ་རྒྱལ་པོ་བེ་ཅེན་ནི་དེ་ལས་ཀྱང་དཀོན་པོ་ཞིག་རེད།།

བྱང་ཆུབ་ཀྱིས་བརྩམས། བཀྲ་ཤིས་ཀྱིས་བསྒྱུར།