མདུན་ཤོག

དགོན་སྡེ་སྒྲུབ་གནས། - རྔ་བ། - 雍仲达吉寺 - གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ།

གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ།

 


2016-11-20 23:52:49 རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 1.jpg

 མཁྱེན་གཉིས་མཁའ་ལ་སྐུ་གཉིས་ཉི་ཟླ་བཞིན།། 
བདེན་གཉིས་འོད་ཀྱིས་སྒྲིབ་གཉིས་སྤྲིན་ནག་བསལ།། 
བཅུ་གཉིས་མཛད་པས་རྐང་གཉིས་འགྲོ་བ་འདུལ།། 
དོན་གཉིས་མཐར་ཕྱིན་དམུ་རྒྱལ་སྲས་ལ་འདུད།།
2.jpg

   དེ་ཡང་སྐྱེ་དགུ་ཕན་བདེའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཡུན་རིང་གནས་ཤིང་རྒྱས་པ་དང་། བསྟན་འགྲོའི་བདེ་སྐྱིད་ཡར་ངོའི་ཟླ་ལྟར་འཕེལ་བའི་སླད་དང་། སྐྱེས་ཆེན་དམ་པ་ཡོངས་ཀྱི་ཞབས་པད་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པ། འཛམ་གླིང་ཞི་བདེ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐར་བའི་ས་བོན་གྲུང་བོ་ལེགས་པར་བསྐུན་པའི་སླད་དུ། སྙིགས་དུས་བསྟན་པའི་གསལ་བྱེད་ཆེན་མོ་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་གཞིས་ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་ཆེན་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་༼༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ༽༽ལོ་རེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༣ཉིན་ནས་ཚེས་༡༨ཉིན་བར་གཡུང་དྲུང་ལྷ་སྟེང་དགོན་ཆེན་དུ། ཆུ་ཆེན་རྫོང་དང་། རོང་བྲག་རྫོང་། བཙན་ལྷ་རྫོང་། འབར་ཁམས་ཕྱོགས་ཀྱི་བོན་འབངས་ལྷ་སྡེ་ཀུན་འདུས་ཏེ་འཚོགས་བཞིན་ཡོད་པ་ལྟར། སྔར་ལོ་བཞིན་རྒྱལ་རོང་བོན་འབངས་ཡོངས་དང་དམིགས་བསལ་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཆོག་སྤྲུལ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་ཁོང་རིན་པོ་ཆེ་དང་བོན་འབྲེལ་ཡོད་པའི་རྒྱ་ནག་གྲོང་ཁྱེར་༼༼新疆、山东、深圳、河南、兰州、云南、重庆、陕西、贵州、四川等…༽༽ དེ་དག་ནས་ཡོང་བའི་རྒྱ་རིགས་སློབ་མ་བརྒྱ་ཕྲག་ལྷག་མཉམ་ཞུགས་ཐོག་ཟབ་རྒྱས་སུ་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་པ་དང་།

3.jpg

   དེའི་སྐབས་སུ་རང་ཅག་བོན་འབངས་ཡོངས་ཀྱི་སྐྱབས་མགོན་རྒྱལ་བ་གཤེན་རབ་མཆོག་གི་གདུང་སྲས་གཤེན་ཚང་ཡབ་སྲས་དང་༧་དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དེ་དག་གི་ཐུགས་དགོངས་ཡིད་བཞིན་དུ་འགྲུབ་པ་དང་སྐུ་ཚེ་ཡུན་དུ་བརྟན་ཏེ་འགྲོ་བ་སེམས་ཅན་མཐའ་དག་ལ་འབྱུང་བཞིས་གནོད་འཚེ་སོགས་མི་འབྱུང་ཕྱིར། ཚོགས་ཆེན་འདུ་ཁང་ནང་དུ་གཡུང་དྲུང་ལྷ་སྟེང་དགོན་ཆེན་གྱི་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་དང་དགེ་བཤེས་གྲྭ་ཚང་འདུས་པ་རྒྱ་མཚོས་ཀུན་རིག་རིན་ཆེན་སྒྲོན་མའི་སྒྲུབ་ཆོག་གསུངས་པ་དང་། ལྷ་སྡེ་མི་མང་རྣམས་ལ་རྒྱལ་རོང་ལྷ་སྟེང་དགོན་ཆེན་གྱི་མཆོག་སྤྲུལ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེ་མཆོག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་སྐུ་གསུམ་གྱི་སྙིང་པོའི་ཕན་ཡོན་སོགས་ངོ་སྤྲོད་གནང་ནས་སྙིང་པོ་རྣམ་གསུམ་དང་ཚེ་སྒྲུབ་སོགས་བསགས་ནས་རྣམ་དཀར་དགེ་བའི་ལས་ལ་འབད། གཞན་དུས་མཆོད་འདི་དང་འབྲེལ་སྐྱབས་མཆོག་འགྲོ་བའི་མགོན་པོ་དཔོན་གསས་རྩ་བའི་བླ་མ་འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་རྟོགས་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་སྐུ་མི་རྟག་ཚུལ་བསྟན་པའི་དགོངས་རྫོགས་དང་འབྲེལ་ཁྲི་ཆེན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་པ་རྣམ་ལྔའི་མཆོད་འབུལ་དང་ཡང་སྤྲུལ་མྱུར་དུ་འབྱོན་པའི་གསོལ་འདེབས་སོགས་རྒྱས་པར་གནང་།

4.jpg

    གཞན་ཉིན་དེར་སྐྱ་སེར་ཚང་མས་ཉ་དང་སྦྲུལ་སོགས་ཀྱིས་མཚོན་པའི་སེམས་ཅན་ཁྲི་ཕྲག་མང་པོའི་སྲོག་བླུ་བྱས། མཚན་མོར་དགེ་སློབ་ཚང་མས་མར་མེའི་མཆོད་པ་དང་གསུར་བསྔོ་སོགས་རྒྱས་པར་གནང་མཐར་དྲུང་མུ་ཧ་རའི་སྤྲུལ་སྐུ་ད་ལྟའི་ཤར་རྒྱལ་མོ་རོང་གཡུང་དྲུང་དགོན་པའི་མཆོག་སྤྲུལ་དྲུང་མུ་བ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེས་མཐའ་མཇུག་གི་གསུང་བཤད་གནང་སྐབས་སུ་དུས་མཆོད་འདི་དང་འབྲེལ་བའི་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་མང་ཡོངས་ལ་ངས་འདི་ནས་ཞུ་རྒྱུར། འུ་ཅག་དགེ་སློབ་ལྷན་འཛོམས་ཐོག་༼༼ གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ ༽༽འདི་གཟབ་རྒྱས་ངང་སྔ་ལོ་བཞིན་ཚོགས་ཐུབ་པ་འདི་འུ་ཅག་གི་བསོད་ནམས་རེད་ལ་ཚོགས་བསགས་ཀྱང་རེད། དེའི་ཕྱིར་ངས་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་ཤར་རྒྱལ་མོ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྤྱི་དགོན་གཡུང་དྲུང་ལྷ་སྟེང་དགོན་པའི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་འདི་ལྟ་བུའི་༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ༽འདི་མི་ཉམས་རྒྱུད་འཛིན་དང་ལོ་ལྟར་འཚོགས་ཐུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཇུག་བསྡུས་པ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས།

5.jpg

༢༠༡༦/༡༡/༡༨/ཉིན་༼༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོ ༽༽ བདེ་ལེགས་ངང་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ་༼༼གནའ་བོའི་རྒྱལ་རོང་བོན་གྱི་དུས་མཆོད་ཆེན་མོའི༽༽གོ་སྒྲིག་ཚོགས་ཆུང་གིས་སྤེལ།