མདུན་ཤོག

དགོན་སྡེ་སྒྲུབ་གནས། - རྔ་བ། - ¶áµÇË - རྟོགས་ལྡན་དགོན་གྱི་༧སྐྱབས་རྗེ་ཁྲི་བ་རིན་པོ་ཆེའི་དགོངས་རྫོགས་སྐོར་གྱི་གནས་ཚུལ་མདོར་བསྡུས།

རྟོགས་ལྡན་དགོན་གྱི་༧སྐྱབས་རྗེ་ཁྲི་བ་རིན་པོ་ཆེའི་དགོངས་རྫོགས་སྐོར་གྱི་གནས་ཚུལ་མདོར་བསྡུས།

 


2016-12-5 15:50:31 རྩོམ་པ་པོ། རྟོགས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 thumb_IMG_2113_1024.jpg

thumb_IMG_2106_1024.jpg

   དེ་ཡང་སྙིགས་དུས་བསྟན་པའི་ཀ་ཆེན་༧རྗེ་བཙུན་རྟོགས་ལྡན་ཁྲི་བ་རིན་པོ་ཆེ་༧འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་སྐུ་དགོངས་བ་བོན་ཉིད་ཀྱི་དབྱིངས་སུ་གཤེགས་ནས་རྗེས་འཇུག་གདུལ་བྱ་སེར་སྐྱ་ཡོངས་ནས་རྗེ་བླ་མའི་བཀའ་དྲིན་རྗེས་དྲན་དང་ཚེ་རབས་རྗེས་འཛིན་གྱི་ཆེད་དུ་གདུང་མཆོད་རྒྱས་འབུལ་དང་དམ་པ་རིན་པོ་ཆེའི་དགོངས་པ་ཁྱད་པར་གོང་ནས་གོང་དུ་རྫོགས་པའི་སླད་དུ་རྫོགས་ཆེན་སྒྲུབ་ཐོན་པ་དག་གིས་དགོངས་རྫོགས་ཉིན་ཞེ་དགུའི་རིང་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ཀ་ཟབ་མོའི་ཞལ་ཕྱེས་ནས་དམ་པ་གསུམ་གྱི་དམིགས་པ་དང་མ་བྲལ་བར་ཉམས་བཞེས་གནང་བ་རེད། ལྷག་པར་དུ་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་བཀའི་བཀོད་འོག་གདོང་ལི་སྤྲུལ་སྐུ་རིན་པོ་ཆེ་དང་ཉག་སྤྲུལ་རིན་པོ་ཆེ་དེ་མིན་དོ་དམ་ཁང་གི་མི་སྣའི་དབུ་ཁྲིད་དེ་བླ་གྲྭ་སྡེ་འབངས་ཡོངས་ནས་ཟླ་གཅིག་གི་རིང་ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་གི་རྫས་དང་ཡོ་བྱད་རྣམས་གཙང་དག་གྱ་ནོམ་པ་བསྒྲིགས་ནས་ཉིན་ལྔའི་རིང་ལ་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་བླ་གྲྭ་མཁན་གསུམ་ལྔ་བཅུ་ལྷག་གིས་རྟོགས་ལྡན་བླ་བྲང་ཁམས་གསུམ་ཟིལ་གནོན་ཆེན་མོ་ནས་བོན་བྱིན་ཅན་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་གི་གདམས་པ་ཟབ་མོ་ཉམས་སུ་བཞེས་ནས་མགྲོན་བཞི་ཀུན་ལ་ཡར་མཆོད་མར་སྦྱིན་གྱི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པས་མཉེས་ཤིང་ཚིམས་པར་བྱས། འདུས་མང་ཡོངས་ནས་ཉིན་བཞིའི་རིང་ལ་བདེར་གཤེགས་སྟོང་གི་མཚན་བརྗོད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲིངས་ཤིང་ཉིན་གསུམ་གྱི་རིང་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པ་ཟབ་མོ་ལ་ཞུགས་ནས་དམ་པ་རིན་པོ་ཆེ་ཁོང་གི་ཐུགས་དམ་ཚོགས་ཀྱིས་བསྐང་ཤིང་བྱིན་རླབས་དངོས་སྒྲུབ་རང་རྒྱུད་ལ་བླངས།

thumb_IMG_2102_1024.jpg
thumb_IMG_2117_1024.jpg
thumb_IMG_2110_1024.jpg

   དེའི་སྐབས་ཉིན་རེ་བཞིན་༡༽ཉིན་དང་པོ་ཞལ་སློབ་ཁྲོ་སྤྲུལ་འགྲོ་མགོན་འཕྲིན་ལས་རྒྱ་མཚོ་ལགས་ནས་འདུས་པ་རྒྱ་མཚོ་ལ་མང་ཇ་དང་ཕྱག་འགྱེད། ༢༽ཉིན་གཉིས་པར་ལྷ་འབངས་བཀའ་ཁྱབ་བོན་སྡེ་ཡོངས་ཀྱིས་མང་ཇ་དང་ཕྱག་འགྱེད། ༣༽ཉིན་གསུམ་པར་ཞབས་འབྲངས་བ་བླ་མ་བློ་བཟང་།པན་ཁོ།ནང་མི་ཚུལ་ཁྲིམས་དབང་ཕྱུག་བཅས་ནས་མང་ཇ་དང་ཕྱག་འགྱེད། ༤༽ཉིན་བཞི་བར་ཞབས་འབྲངས་བ་ཚ་བུ་ཨ་གསལ་དང་རྒྱ་མི་སློབ་མ་འགས་མང་ཇ་དང་ཕྱག་འགྱེད། ༥༽ཉིན་ལྔ་བར་ལྷ་འབངས་ཐེལ་གྲོང་ཆུ་ཚང་གིས་མང་ཇ་དང་ཕྱག་འགྱེད། ༦༽ཉིན་དྲུག་པར་གསུངས་སྐྱེས་དངོས་སློབ་དམ་པ་ཉག་སྤྲུལ་རིན་པོ་ཆེ་དང་ཞབས་འབྲངས་བ་སྤྲུལ་གསང་འདུས། བསོད་ནམས་ནོར་བུ། ཚེ་པེ་བཅས་ནས་མང་ཇ་དང་ཕྱག་འགྱེད།༧༽ཉིན་བདུན་པ་སྟེ་དགོངས་རྫོགས་ཉིན་ཐ་མའི་ཉིན་རིན་པོ་ཆེ་ཁོང་གི་དད་རྫས་དག་ལས་འདུས་པ་རྒྱ་མཚོར་མང་ཇ་དང་སྐུ་འགྱེད་དམངས་སྒོར་ལྔ་བརྒྱ་རེ་ཕུལ་ཡོད།

thumb_IMG_2088_1024.jpg
thumb_IMG_2111_1024.jpg

   ད་དུང་དད་རྫས་དག་ཆུད་ཟོས་སུ་མི་གཏོང་བར་རྟོགས་ལྡན་དགོན་གྱི་བླ་སྤྲུལ་དང་དོ་དམ་ཁང་གི་མི་སྣ་རྣམས་ཀྱིས་རྩ་འཛུགས་འོག་རིན་པོ་ཆེའི་སྐུ་གདུང་དད་པའི་རྟེན་ཆེན་ཅིག་བཞེངས་འཆར་ཡོད་པས་འབྲེལ་འཇོག་བྱེད་མཁན་ཚོས་རྟོགས་ལྡན་སྐབས་ལྔ་བའི་དོ་དམ་ཁང་གི་མི་སྣ་རྣམས་ལ་འབྲེལ་བ་བྱེད་དགོས། དེ་ནས་དགོངས་རྫོགས་ཉིན་ཞོགས་པར་༧རྟོགས་ལྡན་སྐྱབས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་མཁན་གསུམ་སྒྲུབ་ཐོན་དགེ་བཤེས་སློབ་བུ་ཡོངས་ཀྱིས་སྐུ་གསུམ་མེ་ལྷའི་གཞུང་བསྲིངས་ནས་འབྲེལ་ཐོག་གི་ཚེ་འདས་རྣམས་ཀྱི་མ་དག་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་ནས་དག་པ་སྐུ་གསུང་ཐུགས་གསུམ་དུ་འགྱུར་བའི་ཐུགས་བསྐྱེད་རྒྱ་ཆེར་གནང་།

thumb_IMG_2114_1024.jpg
thumb_IMG_2108_1024.jpg
thumb_IMG_2109_1024.jpg

   དེ་ནས་བདེར་གཤེགས་རིན་པོ་ཆེས་རང་ཅག་ཤུལ་ལུས་གདུལ་བྱ་རྣམས་ཐུགས་བརྩེས་མ་དོར་བའི་བརྡ་རུ་དད་པའི་རྟེན་དུ་གནང་པའི་དབུ་རུས་སྐུ་གསུམ་མཚོན་པའི་བརྡ་རུ་ཨ་ཨཱོྃ་ཧཱུྃ་ཡིག་ཅན་དང་། རང་བསྲེལ་ཐེག་པ་རིམ་དགུའི་གྲངས་ལྡན། བག་ཆགས་དག་པ་གདུང་རུས་དཀར་བོ་སོགས་འདུས་མང་གིས་མདུན་རིན་ཆེན་རྒྱལ་མཚན་ཕན་དང་གླིང་བུ་སྤོས་སྣ་སོགས་ཀྱིས་སྣ་དྲངས་ཏེ་རྒྱབ་ཏུ་གདུགས་གྱིས་བརྒྱན་ནས་སེར་ཕྲེང་བསྒྲིགས་ཏེ་ཚོགས་ཆེན་འདུ་ཁང་ཕུན་ཚོགས་དགེ་ལེགས་རྣམ་རྒྱལ་གླིང་གི་གཅན་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཟུང་བཀོད་ནས་དམ་པ་རིན་པོ་ཆེ་སེམས་ཉིད་ངལ་གསོའི་ཀློང་དུ་ཡུན་རིང་མི་བཞུགས་པར་སླར་ཡང་བསྟན་འགྲོའི་དོན་དུ་སྤྲུལ་སྐུའི་མཛད་པ་གནང་ནས་གླིང་འདིར་ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཆར་བའི་ཐུགས་སྨོན་རྟེན་འབྲེལ་ལེགས་པར་བསྒྲིགས་ནས་དད་ལྡན་མང་ཚོགས་ཡོངས་ཀྱིས་མཇལ་ཁ་ཞུས།

thumb_IMG_2104_1024.jpg
thumb_IMG_2115_1024.jpg

   ཕྱི་དྲོར་༧སྐྱབས་རྗེ་ཚུལ་ཆེན་ཆེན་རིན་པོ་ཆེས་བདེར་གཤེགས་ཁོང་གིས་དག་པའི་ཞིང་བགྲོད་པ་ལ་ལམ་གྱི་བར་ཆོད་སེལ་ཞིང་སླར་ཡང་སྤྲུལ་སྐུའི་མཛད་པ་བཞེས་ནས་བསྟན་འགྲོའི་དོན་མཛད་པ་ལ་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་ཅིང་འགྲོ་དོན་རྒྱ་ལག་ཏུ་བྱེད་པ་དང་འབྲེལ་ཐོག་གི་སེམས་ཅན་ཀུན་ཀྱི་སྒོ་གསུམ་གྱི་དྲི་མ་བྱང་ནས་ཐར་བའི་བདེ་གནས་རྙེད་པའི་བརྡ་རུ་བྱང་བུ་མེ་ལ་སྤར་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེགས་ཀྱི་དཀྱིལ་འཁོར་ཟབ་མོའི་སྒོ་དབྱེ་ཞིང་དབང་དང་བཀྲ་ཤིས་གསོལ།

 

thumb_IMG_2103_1024.jpg
 thumb_IMG_2112_1024.jpgthumb_IMG_2107_1024.jpg

   མཚན་མོར་ཤུལ་ལུས་དད་ལྡན་སེར་སྐྱ་ཡོངས་རྫོགས་གླིང་བར་དུ་འཛོམས་ནས་ཞུགས་མར་ཀྱི་མཆོད་པ་རྒྱ་ཆེར་སྤེལ་བ་དང་། དམ་པ་རིན་པོ་ཆེའི་ཡང་སྤྲུལ་སླར་ཡང་གླིང་འདིར་རིང་མིན་མྱུར་དུ་འཆར་བའི་གསོལ་བ་རྩེ་གཅིག་འདེབས་ནས་གདུང་ཐལ་བྱིན་རླབས་རང་འབབ་དད་པའི་ནང་རྟེན་དུ་ལྷ་འབངས་ཡོངས་ལ་བསྩལ་ནས་དགོངས་རྫོགས་ཀྱི་མཇུག་ཡོངས་སུ་བསྡུས་པའོ།།།

thumb_IMG_2116_1024.jpg
thumb_IMG_2105_1024.jpg
thumb_IMG_2100_1024.jpg

རྟོགས་ལྡན་དགོན་སྐབས་ལྔ་བའི་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས། 2016-11-23