མདུན་ཤོག

བོན་གྱི་བྱ་འགུལ། - ཁྱུང་པོ་རྩེ་དྲུག་དགོན་གྱི་སྒྲུབ་པ་ཆེན་མོ་འཚོགས་པའི་གནས་བསྡུས།

ཁྱུང་པོ་རྩེ་དྲུག་དགོན་གྱི་སྒྲུབ་པ་ཆེན་མོ་འཚོགས་པའི་གནས་བསྡུས།

 


2017-7-25 0:40:12 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 1500913397899536.jpg

ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་དུ་སྤྱི་ལོ་2017ལོའི་ཟླ་བདུན་པའི་ཚེས་གཉིས་དང་། བོད་ཟླ་ལྔ་པའི་ཚེས་དགུ་ཉིན་ནས་འགོ་བཟུང་ཁྲོ་བོའི་སྨན་སྒྲུབ་ཆེན་མོ་དང་། ༼ཞང་བོད་རིག་གཞུང་འཆད་རྩོད་ཆེན་མོ་༽  ༼དམྱལ་འཆམ་ངན་འགྲོའི་སྒོ་གཅོད་༽བཅས་གཙོ་བོའི་མཛད་སྒོ་ཆེན་མོ་ཁག་གསུམ་ཞག་ཉེར་གཉིས་ཀྱི་རིང་དུ་སྤེལ་བ་སྟེ། དེ་ཡང་སྒྲུབ་ཞག་ཉེར་གཅིག་གི་རིང་སྨིན་གྲོལ་ཚོགས་ཆེན་འདུ་ཁང་གི་སྟེང་ཐོག་ཏུ་ཨ་མཆོད་དགེ་འདུན་པ་བརྒྱ་ལ་ཉེ་བས་༼ཁྲོ་བོའི་སྨན་སྒྲུབ་འོད་ཟེར་འཁྱིལ་བ༽འི་གྱེར་ཕྲིན་དང་ལག་ལེན་ཚུལ་མཐུན་ཞུས་པ་དང་།   དུས་མཚུངས་སུ་སྤྱི་ཚེས་གཉིས་དང་བོད་ཚེས་དགུ་ནས་སྤྱི་ཚེས་བདུན་དང་། བོད་ཚེས་བཅོ་ལྔ་བར་རྒྱུན་ལྡན་ལྟར་རིག་འཛིན་འདུས་པའི་དུས་མཆོད་གསུང་ཤིང་། 

1500913399358067.jpg

སྤྱི་ཚེས་དགུ་དང་བོད་ཚེས་བཅུ་དྲུག་ནས་སྤྱི་ཚེས་བཅོ་བརྒྱད་དང་། བོད་ཚེས་ཉེར་ལྔ་བར་སྨིན་གྲོལ་ཚོགས་ཆེན་འདུ་ཁང་ནང་༼ཞང་བོད་རིག་གཞུང་འཆད་རྩོད་ཆེན་མོ་༽འཚོགས་ཏེ། ཉིན་དང་པོར་ཁྱུང་པོ་རྩེ་དྲུག་དགོན་དུ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཐོག་རྩེ་དྲུག་བསྟན་པའི་བདག་ཉིད་བསྟན་འཛིན་འོད་ཟེར་རིན་པོ་ཆེ་ནས་འདུས་གྲཱ་ཡོངས་ལ་སྐབས་བབ་འཆད་རྩོད་ཆེན་མོའི་ཁ་ཕྱོགས་དང་། འདུས་སྡེ་སྤྱི་ལ་མཐུན་འབྲེལ་དགོས་སྐོར་གྱི་བཀའ་སློབ་གནང་ཞིང་།  སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་འཕེལ་རྒྱས་སོང་ཚུལ་སོགས་ངོ་སྤྲོད་གནང་།  ཉིན་དེ་ནས་བཟུང་ཕྱི་དྲོར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བཤད་གྲཱ་བ་རེས་མོལ་གྱི་དམ་བཅའ་དང་།  དགོང་མོར་ཐུན་མོང་མཉམ་འཛོམས་ཀྱིས་རྩོད་དང་རྩོད་སྤོང་གང་ལེགས་གནང་བ་དང་།  

7e937f0210bedd17c984faa56fff917d.jpg

   སྤྱི་ཚེས་བཅོ་བརྒྱད་དང་བོད་ཚེས་ཉེར་ལྔ་ཉིན་ཕྱི་དྲོ་དམ་བཅའ་ཆེན་མོ་ཟབ་རྒྱས་ངང་འཚོགས་པར་མཛད་ཡོད།  ད་ལན་གྱི་འཆད་རྩོད་ཆེན་མོ་འདིའི་གཞུང་ནི་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་རྒྱུ་ཐེག་སྐོར་ཡིན་ལ། ཚོགས་ཞུགས་སུ་བན་བོན་རིས་སུ་མ་ཆད་པའི་བཤད་གྲཱའི་དགེ་སློབ་སྟོང་ཕྲག་ལས་བརྒལ་བར་མཉམ་ཞུགས་གནང་སྟེ།  ང་ཚོའི་ཁོར་ཡུག་གི་དབང་དུ་བྱས་ན་རིག་ལམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཙམ་མ་ཡིན་པར་ཕན་ཚུན་རྒྱུས་མངའ་དང་། འབྲེལ་འདྲིས། ཞི་མཐུན་མཉམ་འཛོམས་ཀྱི་ལེའུ་གསར་པ་ཞིག་ཏུ་ཆགས་ཡོད།  

1500913399795227.jpg

   ཞོར་དུ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་བསྟན་འཛིན་འཛིན་སྐྱེས་བུ་ཡོངས་ཀྱི་མཛད་པ་ལྷུན་གྱིས་འགྲུབ་པ་དང་།  འགྲོ་ཁམས་བདེ་ཞིང་སྐྱིད་པ་སོགས་ཆེད་དམིགས་ཀྱིས་སྲིད་རྒྱལ་དྲག་སྔགས་དབལ་མོའི་འབུམ་ཚོགས་ཟབ་རྒྱས་ཕུལ་བ་དང་།  བཤད་གྲཱའི་ཚོགས་ཁང་ཆེན་མོའི་ནང་གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་། སྒྲུབ་གྲཱའི་ཚོགས་ཁང་དུ་ཁྲོ་བོ་ངོ་མཚར་རྒྱས་པའི་སྲུང་ཟློག་གསུང་།  གྲཱ་ཚང་གི་ཚོགས་ཁང་ཁྲོ་སྐྱབས་ལྷ་ཁང་ནང་དུ་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་ཁྲི་མཆོད་ཕུལ་བ་སོགས་མཛད་ཡོད།

1500913396561177.jpg

   སྤྱི་ཚེས་བཅུ་བདུན་དང་བོད་ཚེས་ཉེར་གསུམ་ཉིན་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མའམཤེས་རབ་ཚེ་དབང་རིན་པོ་ཆེ་མཆོག་དང་།  གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ།  སྨན་རིའི་དཔོན་སློབ་སྐལ་བཟང་ཉི་མ་མཆོག་རྣམ་པ་གསུམ་གཙོས་པའི་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་བཤེས་གཉེན་བཅུ་ཕྲག་གསུམ་ལས་བརྒལ་བར་ཅང་ཤེས་ཀྱི་རྟ་ཕོ་དང་། འགྱོག་པའི་འཕྲུལ་འཁོར།   འདུས་མང་གི་སེར་ཕྲེང་།  སྙན་པའི་རོལ་མོ་སོགས་ཀྱིས་སྣ་དྲངས་ཏེ།   སྨིན་གྲོལ་ཚོགས་ཆེན་འདུ་ཁང་ནང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་ལ་མངའ་གསོལ་ཞིང་།  གླིང་བཞི་མཁན་སློབ་རྣམ་པ་དབུས་པའི་མང་འདུས་སེམས་དཔའ་རྒྱ་མཚོས་མན་ཌལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་མཐར་མཇལ་ཁ་ཞུས།

1500913398157926.jpg

1500913399595129.jpg

   སྤྱི་ཚེས་བཅུ་དགུ་དང་བོད་ཚེས་ཉེར་དྲུག་ཉིན་སྔར་སྲོལ་རྒྱུན་འཆམ་བཅོ་ལྔ་ལྷག་དད་ལྡན་མང་ཚོགས་ལ་གཟིགས་མོར་ཕུལ་བ་དང་།

1500913399637644.jpg

1500913397271014.jpg

  སྤྱི་ཚེས་ཉི་ཤུ་དང་བོད་ཚེས་ཉེར་བདུན་ནས་སྤྱི་ཚེས་ཉེར་གཅིག་དང་བོད་ཚེས་ཉེར་བརྒྱད་བར་  ༼དམྱལ་འཆམ་ངན་འགྲོའི་སྒོ་གཅོད་༽ཀྱི་མཛད་སྒོ་སྟེ།  དཀར་ནག་ལས་ཀྱི་འཕེན་པ་བཟང་ངན་གཉིས་ལ་ལྟོས་པའི་ངན་འགྲོར་ལྟུང་བ་དང་། དག་པའི་ཞིང་དུ་སྐྱེ་བ་སོགས་ཀྱི་རྣམ་པ་མཚོན་པའི་གར་འཆམ་དང་།  ངན་འགྲོར་ལྟུང་བའི་སྡིག་ཅན་རྣམས་གཤེན་པོའི་ཐུགས་རྗེ་དང་། ཚེ་འདས་ཀྱི་དད་ཤུགས།  སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ལ་བརྟེན་ནས་ཁམས་གསུམ་འཁོར་བའི་ས་ནས་གཡུང་དྲུང་ཐེག་པའི་ས་རིམ་པར་བགྲོད་དེ།  མཐར་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྟེན་འབྲེལ་དང་རྣམ་པ་མཚོན་པའི་ཞི་ཁྲོའི་བྱང་བཞུ་འམ་གནས་འདྲེན་མཛད་པ་དང་།  

1500913399570257.jpg

1500913396258147.jpg

སྤྱི་ཚེས་ཉེར་གཉིས་དང་བོད་ཚེས་ཉེར་དགུ་ཉིན་དད་ལྡན་མཇལ་སྐོར་བ་ཁྲི་ཕྲག་དྲུག་ལས་བརྒལ་བར་དབང་སྐུར་དང་། ཁ་ལ་རག་ཆོག་གི་བདུད་རྩི་སྨན་གྱི་སྦྱིན་པ་བཀྱེས།

1500913396239428.jpg

 སྤྱི་ཚེས་ཉེར་གསུམ་དང་བོད་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་སྨིན་གྲོལ་ཚོགས་ཆེན་འདུ་ཁང་མདུན་དུ་བླ་སྤྲུལ་བཤེས་གཉེན་དགེ་འདུན་རྣམས་མཉམ་འཛོམས་ཀྱིས་ཁྲོ་བོའི་རྗེས་བྱ་བཀྲ་ཤིས་ཀྱི་མཛད་སྒོ་ཕྱེས་ཏེ། 

1500913397133316.jpg

   མང་འདུན་སེམས་དཔའ་རྒྱ་མཚོ་རེ་རེའི་ཕྱག་ཏུ་སྒྲུབ་བའི་གཏང་རག་གི་ཚུལ་དུ་སྨན་དང་།  ཤོག་དངུལ།  བཀྲ་ཤིས་པའི་ཁ་བཏགས།  སྤོས་སོགས་ཕུལ་ཏེ། མདོར་ན་ད་ལན་མཛད་སྒོ་ཆེན་མོ་འདི་འགོ་རྒྱན་འགོད་ནས་མཇུག་བཀྲ་ཤིས་ཀྱི་བར་གོང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པ་དང་། དགོན་གྱི་བསྟན་བདག་བླ་མ་རྣམ་གཉིས།  བསྟན་པའི་གསལ་བྱེད་མཁན་སློབ་རྣམ་བཞི།  ལྟང་འཛིན་གྱི་གཞུང་ལས་རྣམ་པ།  གནས་སྐབས་ཀྱི་ལས་སྣེ་རྣམ་པ།  སྟ་གོན་གྱི་གོ་སྒྲིག་ཚོགས་ཆུང་། དགེ་ཚོགས་སུ་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམ་པ་བཅས་གཤེན་རབས་མཐུ་དཔུང་གནང་བའི་སྐུ་དྲིན་ལ་བརྟེན་ནས་ཁ་དགེ་བག་དྲོའི་ངང་འགོ་མཇུག་ཡོངས་སུ་ཚང་བ་ལེགས་པར་གྲུབ་སོང་བ་ནི་ང་ཚོ་ཐུན་མོང་ནས་མི་ཚེ་གཅིག་གི་ནང་བྱ་བ་བཟང་པོ་འདི་ལྟ་བུ་ཐེངས་གཅིག་བསགས་པའི་གོ་སྐབས་རག་སོང་སྙམ་པའི་དགའ་སྤྲོའི་ངང་གང་ཞིག་མཆིས་པའི་དགེ་རྩ་རྣམས་འགྲོ་ཁམས་ཡོངས་ཀྱི་བདེ་བའི་གསོས་སུ་འགྱུར་བའི་སྨོན་ལམ་དང་བཅས།

1500913400746214.jpg

གཞན་དམྱལ་འཆམ་དང་འབྲེལ་བའི་པར་རིས་སྣ་ཚོགས་གཟིགས་འདོད་ན་འདིར་སྣོན་པར་འཚལ།

2017-7-23 སྒྲུབ་ཆེན་གོ་སྒྲིག་ཚོགས་པ་ནས།