| སྐབས་དང་པོའི༼སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས༽འཚོགས་པ།
2017-8-18 19:23:29 རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྒྱལ་མཚན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།
ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྐབས་དང་པོའི༼སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས༽འཚོགས་པ།
༧ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྐབས་དང་པོའི༼སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས༽འདི་ཉིད་དང་ཐོག༢༠༡༥ལོར་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྐབས་ལྔ་པའི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་ཐོག་མཁྱེན་ཡངས་དགེ་བའི་བཤེས་གཉེན་འགས་འདི་ལྟར་བགྲོ་གླེང་ཞིག་འཚོགས་ཐུབ་ན་འཕྲལ་ཕུགས་ཀུན་ཏུ་དགེ་མཚན་ཆེ་ལུགས་ཀྱི་གྲོས་གཞི་བཏོན་ཅིང་།
དེ་འབྲེལ༢༠༡༦ལོར་སྒང་རུ་དར་རྒྱས་དགོན་དུ་སྤུ་རྒྱལ་ཁུལ་གྱི་དགོན་ཁག་སོ་སོའི་ཤེས་ལྡན་མི་སྣ་དང་ལས་འཛིན་ཁག་ཅིག་མཉམ་འཛོམས་ཐོག་འདི་ལྟར་བགྲོ་གླེང་འཚོགས་རྒྱུའི་ཆོད་སེམས་ཀྱིས་འཚོགས་རྒྱུ་གཏན་འབེབས་གནང་། ད་ལོ་སྟེ༢༠༡༧ལོར་སྐབས་དང་པོའི¡¶སྤུ་རྒྱལ་ཤེས་རིག་དཔྱད་གླེང་¡·གྲོས་ཚོགས་དེ་ཉིད་དངོས་སུ་སྒང་རུ་དར་རྒྱས་དགོན་དུ་འཚོགས་ཐུབ་པ་བྱུང་། དེ་ཡང་སྒང་རུ་དར་རྒྱས་དགོན་འདུས་སྤྱི་དང་ལྷ་སྡེ་ཟུང་འབྲེལ་ཐོག་ཐེངས་འདིའི་གྲོས་ཚོགས་ཀྱི་གོ་སྒྲིག་དང་། སྐབས་ཀྱི་བགྲོ་གླེང་འདིའི་ལས་འཛིན་ལྷན་ཚོགས(བླ་མ་ཐེག་མཆོག་གྲགས་པ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན། དགེ་བཤེས་དྲང་སྲོང་རྒྱལ་མཚན། བླ་མ་སྐལ་བཟང་རྒྱལ་མཚན )ཀྱིས་ཞིབ་ཕྲའི་བཀོད་སྒྲིག་དང་སྟངས་འཛིན་མཛད་དེ། ༢༠༡༧ལོའི་ཟླ༨པའི་ཚེས༡༥ཉིན་ཁྱུང་ཡུལ་སྟོད་སྨད་བར་གསུམ་ནས་ཕེབས་པའི་བླ་སྤྲུལ་རྣམ་པ་དང་། བགྲོ་གླེང་པ་ཤེས་ལྡན་མི་སྣ་རྣམ་པ། སྐབས་བབ་ཀྱི་གདན་ཞུས་སྐུ་མགྲོན་རྣམ་པ་བཅས་ཚོགས་ཞུགས་ཀྱི་འབྱོར་ཐོ་བཀོད།
སྤྱི་ཚེས༡༦ཉིན་དངོས་གཞིའི་དཔྱད་གླེང་དབུ་བཙུགས་ཏེ། དང་ཐོག་ལས་འཛིན་གཙོ་སྐྱོང་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བགྲོ་གླེང་དབུ་འཛུགས་ཀྱི་གསུང་བཤད་དང་། མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་བགྲོ་གླེང་གི་སློབ་སྟོན་བཀའ་སློབ་གནང་བ་ནས་རིམ་བཞིན། མཁས་བརྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད་ཀྱི་དཔེ་ལྟར་ཉིན་གཉིས་ཀྱི་རིང་ལོ་རྒྱུས་དང་། གཞུང་ལུགས། རིག་གནས། སློབ་གསོ་བཅས་སྡེ་ཚན་བཞིས་བསྡུས་པའི་དཔྱད་རྩོམ་རྣམས་རྩོམ་མཁན་སོ་སོས་དཔྱད་གླེང་ལྷུག་པོར་གནང་བ་དང་སྦྲག དྲི་བ་དང་དྲིས་ལན་ཡང་གནང་།
མཐར་སྤྱི་ཚེས༡༧ཉིན་ལས་འཛིན་གཙོ་སྐྱོང་པ་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གྲོས་ཚོགས་ཀྱི་མཇུག་བསྡུའི་གཏམ་བཤད་གནང་བ་དང་། དབྲ་ཁྱུང་དགེ་བཤེས་མཆོག་གིས་སྐབས་བབ་སྦྱིན་བདག་སྒང་རུའི་སྡེ་དགོན་གཉིས་ཀྱིས་ཚབ་གནངས་ཏེ་གསུང་བཤད་དང་། སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་ཆེན་མོའི་ལས་འཛིན་ཐུན་མོང་གིས་ཚོགས་ཞུགས་བགྲོ་གླེང་བ་ཡོངས་ལ་རྟེན་འབྲེལ་མགུར་དར་བསྒྲོན་གནང་མཐར་དྲན་རྟེན་མཉམ་པར་བསྐྱོན་ཏེ་གྲོས་ཚོགས་དེ་བཞིན་སྐལ་བཟང་དགེ་བའི་ངང་ནས་མཇུག་ཡོངས་སུ་གྲུབ།
སྤྱི་ཚེས༡༨ཉིན་ཞོགས་པའི་ཉི་འོད་ས་གཞིའི་ཁྱོན་དུ་ལྷམ་མེར་ཤར་བ་དང་མཉམ་དུ་ཕྱོགས་སོ་སོའི་དབུ་འཛིན་རྣམས་དང་དཔྱོད་ལྡན་རྣམ་པ། གནས་གཟིགས་པ་རྣམས་སོ་སོར་བདེར་ཕེབས་མཛད་པ་བཅས་ཀྱི་གནས་བསྡུས་སུ། འཕྲིན་སྤེལ་བ་དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས༢༠༡༧།༨།༡༨ཉིན།
|