| གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།
2017-9-8 10:10:44 རྩོམ་པ་པོ། དྲ་ཚིགས་དོ་དམ་པ། བྱུང་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།
༼གསལ་བཤད།༽ ཀློག་པ་པོ་དག་ལ་གཟིགས་བདེ་བའི་ཆེད་དུ་གཡུང་དྲུང་བོན་གྱི་དཔེ་ཚོགས་ཆེན་མོ་༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ཀྱི་དེབ་ཆ་ཚང་གློག་རྡུལ་དེབ་གཟུགས་སུ་བཀོད་ཡོད། ཀློག་པ་པོ་དག་གིས་རང་ཉིད་ཀྱི་འདོད་མོས་ལྟར་དེབ་རེ་རེའི་གཞུང་ལ་བལྟ་འདོད་ཚེ་རྒྱབ་ཤོག་འདྲ་པར་རྡེག་གནོན་བྱེད་རྒྱུ་དང་དཀར་ཆག་ལ་གཟིགས་འདོད་ཚེ་དེབ་སོ་སོའི་གཤམ་གྱི་དཀར་ཆག་རྡེག་གནོན་བྱེད་རྒྱུ། དེ་མིན་གླེང་བརྗོད་ཀྱི་གཏམ། དཔེ་ཚོགས་སྤྱིའི་དཀར་ཆག མཇུག་གི་གཏམ་སོགས་སོ་སོར་རྡེག་གནོན་བྱས་ན་དེ་ལྟར་གཟིགས་ཐུབ་ངེས་ཡིན། གླེང་བརྗོད་ཀྱི་གཏམ། དཔེ་ཚོགས་སྤྱིའི་དཀར་ཆག མཇུག་གི་གཏམ། དེབ་དང་པོ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། རང་བྱུང་ཁམས་ཚུད་པའི་སྤྱི་ཚོགས་ཤིག་གི་ཆགས་གནས་འཇིག་སྟོང་གི་ཆོས་ཉིད་བརྗོད་གཞིར་བྱས་ཐོག ཕྱི་འབྱུང་ལྔའི་རྣམ་བཞག་གི་ངོ་བོ་དང་དེའི་ཕན་གནོད། འབྱུང་བ་སོ་སོའི་བྱེད་ལས་བཅས་ལ་བརྟེན་ནས་ཐོག་མཐའ་མེད་པ་དབྱིངས་ལས་བྱུང་བའི་ཡེ་སྲིད་ཀྱི་སྲིད་པ་དང་། མི་འགག་མཚན་མ་མེད་པ་མཁའ་ལས་བྱུང་བའི་མ་སྲིད་ཀྱི་སྲིད་པ། རང་བཞིན་གྲུབ་པ་མེད་པ་རྒྱུ་མཐུན་འབྱུང་བའི་སྲིད་པ་སྟེ། མདོར་ན་མཁའ་ཀློང་དབྱིངས་གསུམ་གྱི་སྲིད་པ་གསུམ་ལེགས་པར་གཏན་ལ་འབེབ་ཅིང་། རྒྱུ་རྐྱེན་ལས་འདས་པའི་འཁོར་འདས་ཐམས་ཅད་ཀྱི་སེམས་ཉིད་དམ་སྟོང་གསལ་དབྱེར་མེད་ཀྱི་གཞི་རྒྱུད་ནམ་མཁའ་ལྟ་བུའི་ཀློང་ལས། ནང་སེམས་རྒྱུད་ཀྱི་རིགས་སམ་ཁམས་ཏེ་རྩལ་ཤར་གྱི་རིག་པའི་ཡེ་ཤེས་བྱུང་ཞིང་། དེ་ལ་འགྱུ་བའི་དྲན་བསམ་གཡོས་པ་དང་བསྟུན་རང་མདངས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཡུལ་དང་ཡུལ་ཅན་དུ་འཁྲུལ་ཏེ། ཉོན་མོངས་པའི་ཁམས་གསུམ་གྱི་ཡིད་ལུས་དང་། འོད་ལུས་ཤ་ཁྲག་གི་གདོས་ལུས་སོགས་ཀྱི་འགྲོ་བའམ་བཤད་བྱ་བོན་གྱི་རང་བཞིན་སྟེ་གདུལ་བྱ་སེམས་ཅན་བྱུང་ཚུལ་དང་། གདུལ་བྱེད་སངས་རྒྱས་ཀྱི་མཛད་འཕྲིན་ཇི་བཞིན་སྟོན་པའི་ཤེས་བྱའི་གཞུང་ལུགས་དེ་ལ་སྐབས་འདིའི་ལོ་རྒྱུས་རིག་པ་ཞེས་བརྗོད་ཆོག་ཅིང་། དེ་ཡང་ཇི་སྐད་དུ། གང་ཞིག་བསྟན་པ་རྣམ་པར་དག་པ་ལ། །སྟོན་པ་རྣམ་པར་དག་པ་ངེས་དགོས་ཕྱིར། །ཞེས་གྲགས་པ་ནི་ཤིན་ཏུ་མད་པའི་སྡོམ་ཚིག་ཅིག་ཡིན་ཏེ། མདོ་དྲི་མེད་ལས། བསྐལ་བའི་ཆགས་འཇིག་མ་ཤེས་ན། །རྟག་པའི་ལྟ་བ་རང་ཁ་མ། །སྲིད་པའི་གྲོལ་ཕུགས་མ་ཤེས་ན། །རྨོངས་པ་འགོ་མཁོར་རང་ཁ་མ། །འབྱུང་བའི་རྟེན་འབྲེལ་མ་ཤེས་ན། །གཟུ་ལམ་སྤྱོད་པ་རང་ཁ་མ། །གསས་མཁར་སྒོ་དགུ་མ་ཤེས་ན། །གཟུངས་སོ་འཛིན་མེད་རང་ཁ་མ། །རྒྱུད་ཀྱི་ཁོག་ཆེན་མ་ཁྲོལ་ན། །བདག་སྒོ་གང་ལ་མིང་མི་ཐོག །གོམས་པའི་ལམ་ལ་དོན་མི་རྙེད། །ཅེས་གསུངས་པ་ལྟར་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ། དགེ་སྡིག་ལྟ་ཚུལ། འཁོར་འདས་ལྟ་ཚུལ་སོགས་ལ་ཐུན་མོང་མ་ཡིན་པའི་བློ་སྟོབས་རྒྱས་ཤིང་ཤེས་བྱའི་ཁྱབ་ཁོངས་མང་པོར་རིགས་ལམ་གྱིས་ངེས་པ་ཡང་དག་འདྲེན་པར་ལོ་རྒྱུས་རིག་པ་ཤིན་ཏུ་མཁོ། དེར་བརྟེན་འདིར་འཁོད་པའི་བསྐལ་སྟོང་སངས་རྒྱས་སྟོང་གི་གཙོ་བོ། རྩོད་ལྡན་ཚེ་ལོ་བརྒྱ་ཡི་སྟོན་པ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་མཛད་བསྡུས་མདོ་འདུས་རིན་པོ་ཆེ་རྒྱུད་ནི། ཕྱི་སྣོད་འཇིག་རྟེན་རིམ་གྱིས་ཆགས་ཚུལ་དང་། ནང་བཅུད་སེམས་ཅན་ཇི་ལྟར་གྲོལ་ཚུལ། སྐྱེ་འཆི་ལས་ཀྱི་གོ་རིམ་བཅས་རྣམ་པར་བསྟན་ཏེ། དུས་གསུམ་སངས་རྒྱས་ལེགས་པར་བྱོན་ཚུལ་དང་། ཞིང་མཆོག་འོལ་མོ་གླིང་གི་གནས་ཀྱི་བཀོད་པ། སྟོན་པའི་མཛད་ཆེན་བཅུ་གཉིས་ཀྱིས་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཏུ་ཡོངས་སུ་རྫོགས་པར་བསྟན་ཡོད། སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ནི། གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་བཤད་སྒྲུབ་གཉིས་ལ་བློ་ཇི་ལྟར་འཇུག་ཚུལ་གྱིས་བསྟན་འབྱུང་ཚད་ལྡན་ཞིག་སྟེ་བཤད་ཉན་གསལ་བར་བྱེད་པ་ལ། འཆད་ཉན་ལ་ཇི་ལྟར་འཇུག་པ་དང་། འཇུག་བྱའི་བོན་རྣམས་ཇི་ལྟར་བྱུང་ཚུལ། བྱུང་བ་དེ་ཡང་དར་ནུབ་བྱུང་ཚུལ། རྒྱས་པ་དེ་གནས་པའི་ཡུན་ཚད་རིམ་གྱིས་བསྟན་ཡོད། དེས་མཚུངས་བསྟན་པའི་སྙིང་པོ་མདོ་སྔགས་རྫོགས་གསུམ་གྱི་དགོངས་སྙིང་དང་། བསྟན་འཛིན་སྐྱེས་ཆེན་དུ་མའི་བྱུང་རབས། གཤེན་གྱི་དགོན་སྡེ་མང་པོའི་ལོ་རྒྱུས་བཅས་སྟོན་པའི་བསྒྲགས་པ་རིན་ཆེན་གླིང་གྲགས་དང་། གླིང་གཞི་བསྟན་པའི་འབྱུང་ཁུངས། བསྟན་འབྱུང་རིག་པའི་ཤན་འབྱེད་བཅས་ཀྱང་བཀོད་ཡོད། དེ་དག་ནི་མདོ་དྲི་མེད་གཟི་བརྗིད་དང་ཁམས་བརྒྱད། མདོ་གཟེར་མིག བསྒྲགས་བྱང་། ཞི་ཁྲོ་རྩ་འགྲེལ། དྲང་དོན་མུན་སེལ། བྱམས་མ། མཁས་བཞིའི་གབ་འགྲེལ་སོགས་བོན་གཞུང་རྣལ་མར་ཁུངས་གཏུགས་ཡོད་སྟབས་སུ་ཞིག་གིས་གནའ་བོའི་ཞང་བོད་ཆོས་རིག་ལོ་རྒྱུས་ལ་ངེས་ཤེས་ཡང་དག་ཅིག་འདྲོངས་འདོད་ན་དཔེ་དེབ་འདི་མ་བཀླག་ཚད་མེད་ཅིག་གོ ། དེབ་གཉིས་པ། བརྡ་དག་སྒྲ་སྦྱོར་གྱི་སྐོར། འཕྲུལ་གྱི་ཡི་གེ་ལ་བརྟེན་ནས་སྨྲ་བའི་ངག་གི་ཚིག་དོན་གསལ་བར་སྟོན་པའི་བརྡ་སྤྲོད་ཉི་ཤུ་བདུན་པའི་རྩ་འགྲེལ་གཉིས་ནི་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་ཅིང་། བོན་གྱི་མཁས་དབང་རྣམས་ཀྱིས་ཚད་མར་འཛིན་པའི་བརྡ་དག་ཅིག་ཡིན་ལ། དེ་ཡང་བཏགས་པ་མིང་གི་ཡི་གེ་དང་། སྣང་བ་གཟུགས་ཀྱི་ཡི་གེ་དང་། ངེས་པ་དོན་གྱི་ཡི་གེ་གསུམ་ལས། ཕྱི་མདོ་མཛོད་འདུལ་གསུམ་དང་། ནང་གསང་རིག་གཟུངས་གསུམ། གསང་བ་ཕྱག་རྫོགས་དབུ་གསུམ་སོགས་སངས་རྒྱས་ཀྱི་ཐུགས་རྗེའི་བསམ་གྱིས་མི་ཁྱབ་པའི་ཚོགས་དང་། ཞང་བོད་པཎ་གྲུབ་རྣམས་ཀྱིས་མཛད་པའི་སྒྲ་བསྡེབས་དུ་མ་ལས་ཉིང་བཅུད་བསྡུས་ཏེ། སྦྱོར་གཞི་ཡི་གེ་ངོས་བཟུང་ཞིང་རྣམ་གྲངས་བསྟན་པ་དང་། སྦྱོར་ཚུལ་ཡི་གེའི་འཇུག་པར་བཤད་པ། རྣམ་དབྱེ་ཕྲད་ཀྱི་སྦྱོར་བ་བསྟན་པ་མ་ཟད། དུས་གསུམ་བསྐུལ་ཚིག་གི་རེའུ་མིག་ཀྱང་རྒྱས་པར་བཀོད་ཡོད། སྦྲ་སར་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའི་མིང་གི་བསྟན་བཅོས་རིན་ཆེན་གཏེར་ཁྱིམ་ཞེས་བྱ་བ་ནི། བརྡ་སྤྲོད་ཉི་ཤུ་བདུན་པའི་ལེའུ་གཉིས་པ་སྦྱོར་ཚུལ་ཡི་གེའི་འཇུག་པ་དེ་ལ། རྒྱས་བཤད་དུ་བརྡ་དག་རྒྱ་ཆེར་གསུངས་ཡོད་ལ། ངེས་པའི་ཐོ་ཡིག་བཞི་བཅུའི་བྱུང་ཁུངས་དང་། འབྱུང་བ་ཆེ་ཆུང་གི་ལུགས་དང་། མིང་གི་བསྟན་བཅོས་ཞང་བོད་གཉིས་ཀྱི་སྐད་ལས། ཅུང་ཟད་རྒྱས་པར་བསྟན་པ་དང་། རྣམ་དབྱེ་ཕྲད་ཀྱི་སྦྱོར་ཚུལ་དང་དཔེ་བརྗོད་ཉུང་བུ་ཡང་འཐུས་པར་བྱས་ཡོད། བརྡ་དག་འབེལ་གཏམ་ཉི་འོད་གཞོན་ནུ་ནི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པ་ཡིན་ལ། དེའི་འགྲེལ་བ་རྣམ་བཤད་ཚ་ཟེར་འབུམ་ལྡན་ཞེས་པ་ནི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པ་ཡིན། དེ་ལ་དབྱངས་དང་གསལ་བྱེད་མགོ་འདོགས་སྔོན་རྗེས་ཡང་འཇུག་མིང་རྐྱང་སོགས་གཏན་ལ་ཕབ་ཅིང་། སྤྱི་ལ་རྒྱུག་ཆེ་བ་ཕོ་མོ་མ་ནིང་རྟགས་ཀྱི་དབྱེ་བ་དང་། དེའི་འཇུག་ཚུལ་མ་འདྲེས་པར་ཀུ་ཤའི་རྩེ་ལྟར་ཕྱེས་ནས་བསྟན་པ་དང་། རྣམ་དབྱེ་ཕྲད་ཀྱི་སྦྱོར་བ་དཔེ་བརྗོད་དང་བཅས་པ་བཀོད་ཡོད། སྒྲ་བསྡེབས་སྣང་གསལ་སྒྲོན་མེ་ནི་ཞུ་ཡས་ཉི་མ་གྲགས་པས་མཛད་པ་ཡིན་ལ། དེ་ཡང་མདོ་ལས། སྒྲ་སྒྱུར་ནི་གཡུང་དྲུང་གི་བོན་ལ་མཁས་ཤིང་རིགས་པར་རྟོགས་པའི་རྒྱལ་འཕགས་ལོ་པན་གཤེན་པོ་རྣམས་ཀྱིས། བོན་ཉིད་ལ་འགྱུར་བ་མེད་ཀྱང་། བོན་ཅན་གྱི་མཚན་མ་གར་སྒྱུར་དུ་བཏུབ་ཅིང་། འགྲོ་བ་རང་མཐུན་གྱི་སྐད་དུ་བསྒྱུར་བའོ། །ཞེས་གསུངས་པ་བཞིན། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་བརྡ་ལས་ཉེ་བར་མཁོ་བའི་ཞང་བོད་ཀྱི་སྐད་གཉིས་ཤན་སྦྱར་ཏེ་སྤེལ་བ་ལགས་སོ། ། དེབ་གསུམ་པ། སྙན་ངག་མངོན་བརྗོད་ཀྱི་སྐོར། སྙན་ངག་ལ་མཁས་ན་ཚིག་རྒྱན་ལ་མི་རྨོངས་པ་ལྟར། གསུང་གི་ལྷ་མོ་བཟང་ཟ་རིང་བཙུན་མས་ཞལ་རླངས་དྲོད་མོ་མ་ཡལ་བའི་བཀའ་ལུང་ཟབ་མོ་ཕྱི་ནང་གསང་བའི་མེ་ལོང་རྣམ་པ་གསུམ་དུ་གྲགས་པ་དེ་ལ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་བའི་བསྡུ་མ་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ཞེས་བྱ་བ་ནི། དབྱིངས་ཀྱི་ལྷ་མོས་གཙང་གཤེན་སྙན་ངག་མཁན་པོར་དངོས་སུ་ལུང་བསྟན་ཏེ་གཏན་ལ་ཕབ་པ་ཡིན་ལ། དེ་འགྲེལ་ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད་པའི་སྙན་འགྲེལ་དཔྱོད་ལྡན་དགའ་བའི་སྙིང་ནོར་ཞེས་པ་སྙན་ངག་གི་སྲོག་ལུས་རྒྱན་གསུམ་གསལ་བར་བྱས་ཤིང་། དོན་རྒྱན་དང་སྒྲ་རྒྱན་གབ་རྒྱན་གསུམ་གྱི་མཚན་ཉིད་དབྱེ་བ་དང་དཔེར་བརྗོད་སྐྱོན་ཡོན་དང་བཅས་པ་ཡོངས་སུ་རྫོགས་པར་བསྟན་ཡོད། སྙན་ངག་རིན་ཆེན་ལྡེ་མིག་ནི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་ཅིང་། དེ་ལ་ལུས་སྲོག་ཐུན་མིན་གྱི་རྒྱན་བསྟན་པ་དང་། ཐུན་མོང་རྒྱན་གྱི་དཔེར་བཀོད་དང་། སྒྲ་རྒྱན་གབ་རྒྱན་སྐྱོན་སེལ་དང་བཅས་པ་བཞུགས་ཡོད། ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་སྙན་ངག་གཙང་གཤེན་དགོངས་རྒྱན་ནི། སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་རྨང་གཞིར་བཟུང་ཞིང་། བཅད་ལྷུག་སྤེལ་མའི་རྩོམ་ལུས་ཀྱི་ཉམས་རྒྱ་གར་ལྷོ་ཕྱོགས་པས་ཡོན་ཏན་བཅུ་དང་བསྟུན་ཏེ། རྒྱན་གསུམ་དོན་འགྲེལ་དཔེར་བརྗོད་དང་བཅས་པ་ལེགས་པར་གསུངས་པ་ཐུན་མིན་གྱི་ཁྱད་བོན་འབུར་དུ་ཐོན་ཡོད་པ་མ་ཟད། ཁོང་གི་ཞལ་ནས། སྙན་ངག་སྦྱངས་ན་རྣམ་འབྱེད་ཤེས་རབ་ཀྱི་སྣང་བ་རྒྱས་ཏེ། ཀུན་རྨོངས་མུན་པ་སྟུག་པོ་དྲུངས་ནས་འབྱིན་པར་བསྟན་པས་ན། གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་འགྲུབ་པའི་དགོས་པ་དང་ལྡན་པའོ། །ཞེས་གསུངས་སོ། །མངོན་བརྗོད་རིན་ཆེན་མཛེས་པའི་ཕྲེང་བ་ཞེས་པ་ནི་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་ཅིང་། མངོན་བརྗོད་ཤེས་ན་མིང་གི་རིགས་ལ་མི་རྨོངས་ཞེས་པ་ལྟར། དེ་ལ་ས་བླ། ས་གཞི། ས་འོག ཐུན་མོང་གི་སྡེ་ཚན་དང་བཅས་བཞི་རུ་ཕྱེ་ཞིང་། ཟུར་བཀོད་མིང་གཅིག་དོན་མང་ལ་འཇུག་ཚུལ་མང་དུ་བསྟན་ཡོད་དོ། ། དེབ་བཞི་བ། བཟོ་རིག་དང་རྩིས་ཀྱི་སྐོར། སངས་རྒྱས་ཀྱི་བསྟན་པའི་གཞི་རུ་གྱུར་ཞིང་། འཇིག་རྟེན་ཕན་བདེ་དང་སྐལ་ལྡན་རྗེས་སུ་བཟུང་བའི་ཕྱིར་དུ་བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ་དང་། སྲིད་པ་མིའུ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ་བཅས་བཟོ་རིག་པའི་འབུམ་ཆེན་མོ་གསུམ་སྟོན་པས་ཁྲི་སྨོན་རྒྱལ་བཞེད་དུ་གཏན་ལ་ཕབ་སྟེ། བཟོ་རྒྱལ་གར་མ་ལི་ཤོ་ལ་གཏད་ནས་རིམ་གྱིས་འཕེལ་རྒྱས་བྱུང་བའི་ཁྲོད། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་། ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་བ་ཝ། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་སོགས་བྱོན་ཏེ། བཟོ་རིག་གི་བསྟན་པ་ཆེ་ཆེར་དར་བ་ཡིན། དེ་ཡང་འདིར་བཀོད་པའི་བདེར་གཤེགས་སྐུ་གདུང་སྐུ་གཟུགས་གཉིས་ཀྱི་ཐིག་རྩ་དང་། མཚན་མ་རྡུལ་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་། བཟོ་རིག་གསལ་བའི་རྒྱན། བདེར་གཤེགས་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན། བདེར་གཤེགས་མཆོད་རྟེན་ཆ་བརྒྱད་ཀྱི་ཐིག་རྩ། བཟོ་རིག་རབ་གསལ་ཉི་མ་སོགས་ནི་མདོ་ལས། སྐུ་གདུང་ཚ་ཚ་མཆོད་རྟེན་གསུམ། །སྐུ་གསུང་ཐུགས་ཀྱི་རྟེན་དུ་སྦྱར། །སྐུ་གདུང་ཕོ་བྲང་གཞལ་ཡས་ཁང་། །སྐུ་དང་ཞིང་ཁམས་ལོངས་སྤྱོད་རྫོགས། །བདེར་གཤེགས་སྤྱན་དྲང་བཞུགས་པའི་གནས། །མི་གཡོ་མི་འཇིག་བོན་གྱི་སྐུ། །བདེ་བར་གཤེགས་པའི་སྐུ་དང་སྦྱར། །ཚ་ཚ་འཛབ་བསྙེན་རབ་གནས་བརྟེན། །བདེ་བར་གཤེགས་པའི་ཐུགས་འཛབ་ལས། །འབྱུང་བ་བཞི་བོ་དག་ལ་གདབ། །དེ་དག་སེམས་ཅན་སྒྲིབ་སྦྱང་སྟེ། །རང་བཞིན་འགག་མེད་བོན་གྱི་གསུང་། །བདེ་བར་གཤེགས་པའི་གསུང་དང་སྦྱར། །མཆོད་རྟེན་ཐུགས་ལས་བྱུང་བ་སྟེ། །ཙི་ཏ་རིན་ཆེན་གཞལ་ཡས་ཁང་། །སྐུ་གདུང་རིང་བསྲེལ་བཞུགས་པའི་གནས། །མཉམ་ཉིད་འཁྲུལ་མེད་བོན་གྱི་ཐུགས། །བདེ་བར་གཤེགས་པའི་ཐུགས་དང་སྦྱར། །དེ་དག་རྒྱུད་སྡེ་གསུམ་ལས་སུ། །མཚན་ཉིད་སོ་སོར་དབྱེ་བ་ཡི། །སྐུ་གདུང་འབུམ་ཕྲག་མཐའ་ཡས་ཤིང་། །བྱེ་བ་ས་ཡ་བསམ་མི་ཁྱབ། །འགྲོ་བ་འདྲེན་པའི་དཔལ་དུ་སྟེ། །བསྟན་པ་རྗེས་བཞག་མཐར་རྒྱས་ནས། །འགྲོ་དོན་རྒྱ་ལག་ཕྱད་པ་འོ། །ཞེས་དང་གཟི་བརྗིད་ལས། བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་བཞོག་ཅིང་སྦྱང་། །བཞུ་ཞིང་བླུག་དང་བརྡུང་ཞིང་ཐར། །བྲིས་ཤིང་བཀོད་དང་རྣམ་པ་ལྔ། །ཞེས་གསུངས་པ་ལྟར། སྐུ་གདུང་། སྐུ་གཟུགས། གསུང་རབ། དཀྱིལ་འཁོར། ཞིང་བཀོད། འཕྲུལ་འཁོར། ཕྱག་རྒྱ། ལྷ་རྫས། ན་བཟའ། འདོད་ཡོན། རྒྱན་ཆས། ཁྲི་གདན། ཡིག་འབྲུ། རོལ་མོ། ཕྱག་མཚན། རྡུལ་ཚོན། མཁོ་ཆས། ལག་ཤེས། ཚེམ་དྲུབ་སོགས་ཀྱི་སྐྱོན་ཡོན་དང་ཆགས་ཚད། ཐིག་རྩ་བཅས་མཚོན་པའི་ཞང་བོད་ཤེས་རིག་ལག་རྩལ་གྱི་བང་མཛོད་གཅེས་སུ་འོས་པ་འབའ་ཞིག་ཡིན་ལ། དེ་བསྟུན་རིས་མེད་བསྟན་རྩིས་ཡིད་ཀྱི་མུན་སེལ་དང་། སྐར་རྩིས་ངོ་མཚར་འོད་ཟེར་འབུམ་ལྡན། འབྱུང་རྩིས་སྣང་སྲིད་གསལ་བའི་མེ་ལོང་དང་འབྲས་རྩིས་བཅས་ནི་གཟི་བརྗིད་ལས། བོན་སྒོ་སྤྱི་ལ་རྒྱུག་པ་ཡི། །དབང་ལྡན་དུས་ཀྱི་འཁོར་ལོའི་ལྷ། །འདི་ལ་མདོ་རྒྱུད་གཉིས་ཡིན་ཏེ། །མདོ་ནི་བསྐལ་སྲིད་འགྲེས་འདེད་མདོ། །རྒྱུད་ནི་དུས་ཀྱི་འཁོར་ལོའི་རྒྱུད། །ཞེས་དང་། མན་ངག་དུས་ཀྱི་འཁོར་ལོ་ནི། །བསྐལ་སྲིད་ཆགས་གནས་འཇིག་སྟོང་དང་། །དུས་བཞི་འབྱུང་བའི་དར་རྒུད་དང་། །ཁམས་གསུམ་སེམས་ཅན་སྐྱེ་འཕེལ་དང་། །ཚེ་ཚད་དུས་དང་དབང་བསྐལ་དང་། །དཔལ་དང་བསོད་ནམས་གྲགས་བསྐྱེད་དང་། །སྔོན་དང་མ་འོངས་ད་ལྟ་ཡི། །ལོ་ཟླ་ཞག་གྲངས་དུས་ཚོད་དང་། །གང་ལ་བྱ་བའི་ལས་མཐའ་དག །ཀུན་རྫོབ་མངོན་པར་ཤེས་པ་སྟེ། །ཞེས་དང་གཞན་ཡང་ཕྱྭ་གཤེན་ཐེག་པ་ལས། རྩིས་ལ་རྣམ་པ་བཞི་ཡིན་ཏེ། །གབ་རྩེ་འཕྲུལ་གྱི་མེ་ལོང་དང་། །སྤར་ཁམས་སྨེ་བ་གླིང་སྐོར་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །ཇུ་ཞགས་རྟེན་འབྲེལ་ལས་རྩིས་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པ་དག་གི་སྤྱི་ཁོག་སྟོན་པའི་བཀའ་བརྟེན་དུ་ངེས་ལ། དེ་ཡང་ལེགས་ཉེས་རྩིས་ཀྱིས་བསྟན་ཞིང་སྣང་སྲིད་ཞི་བདེར་བཅོས་པའི་ཕྱི་རིག་པ་སྟེ་གཙུག་ལག་རྩིས་ཀྱི་སྐོར་འདི་ནི། ཡེ་དབང་ས་ཡི་རྒྱལ་བོའི་དགོངས་པ་བཞིན་སྟོན་པ་གཤེན་རབ་ཀྱིས་སློབ་མའི་གཙོ་བོ་ཀོང་ཙེ་འཕྲུལ་རྒྱལ་དང་། ཀོང་ཚ་འཕྲུལ་བུ་ཆུང་ལ་བསྟན་ནས་རིམ་གྱིས་དར་ཞིང་། བསྐལ་སྲིད་འབྱུང་བའི་ངོ་བོ་དང་། འབྱུང་བ་སོ་སོའི་དཀྱིལ་འཁོར། སའི་གོ་ལའི་དབྱེ་བ། ཉི་ཟླ་གཟའ་སྐར་གྱི་བགྲོད་སྟངས། གླིང་བཞི་གླིང་ཕྲན་གྱི་བཀོད་པ། ཆགས་གནས་འཇིག་སྟོང་། དུས་བཞིའི་འཕོ་འགྱུར། ལོ་ཟླ་ཞག་ཚེས། སྤར་ཁམས་གླིང་སྨེའུ། གནམ་གཤིས་འགྱུར་ལྡོག ཉི་ཟླ་གཟའ་འཛིན། ཚེ་ལུས་དར་རྒུད། སྔོན་ལས་དབང་ཐང་། མཆོད་སྦྱིན་ཀེག་སེལ་བཅས་ལུང་དུ་སྟོན་པའི་གནམ་རིག་འོད་ཟེར་འབུམ་ལྡན་འཇིག་རྟེན་ན་མཚར་དུ་ཆེ་བ་ཞིག་གོ ། དེབ་ལྔ་བ། གསོ་རིག་འབུམ་བཞི། དེ་ཡང་ཇི་སྐད་དུ། ཡེ་ཡོད་ནམ་མཁའི་བ་མོ་ལས། །ཀུན་སྐྱོབས་གསོ་བ་རིག་པ་བྱུང་། །ཞེས་པ་ལྟར་འགྲོ་བ་གང་ཞིག་ནད་ཀྱི་ཟུག་རྔུ་ལས་བསལ་ཞིང་ལུས་སྲོག་གསོ་བར་བྱ་བའི་གསོ་རིག་ཁྲི་སྡེ་རིག་པ་དཔྱད་ཀྱི་མདོ་དང་། བདུད་རྩི་ཟིལ་བ་སྨན་གྱི་མདོ། ཡན་ལག་བརྒྱད་པ་གསང་བའི་མདོ་སྟེ་རྩ་བའི་མདོ་གསུམ་དང་། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་འཚོ་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་སྟེ་རྩ་བའི་འབུམ་གསུམ། ཉོན་མོངས་ནད་འཇོམས་རྩི་ཡི་གཟུངས་དང་། བདུད་རྩི་འཁྱིལ་བ་སྨན་གྱི་གཟུངས། བདུད་རྩི་གསང་བ་ཡོན་ཏན་གཟུངས་ཏེ་རྩ་བའི་གཟུངས་གསུམ། ཡེ་རྗེ་སྨན་ལྷའི་དཀྱིལ་འཁོར། བདུད་རྩི་གསང་བའི་སྒྲུབ་པ། དུག་འཇོམས་སྔགས་ཀྱི་སྦྱོར་བ་སོགས་བདུད་རྩི་མན་ངག་གི་སྒྲུབ་པ་གསུམ་སྟེ། མདོར་ན་གསོ་བ་རིག་པའི་མདོ་འབུམ་གཟུངས་མན་ངག་དང་བཅས་པའི་དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ནི། ལྷོ་འཛམ་བུའི་གླིང་གི་མིག སོག་ཁ་བོན་གྱི་འབྱུང་གནས། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་དུ་སྟོན་མཆོག་གཤེན་རབ་མི་བོས་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་སོགས་ཀྱིས་ངོར་གཏན་ལ་ཕབས་པའི་ཚུལ། མཛད་མདོ་དྲི་མེད་གཟི་བརྗིད་དུ་གསལ་བོར་བསྟན་ཡོད། ད་ལན་འདིར་བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། སྡུག་བསྔལ་ཞི་བྱེད་གསོ་བྱའི་སྨན་འབུམ་དཀར་པོ། སྡུག་བསྔལ་ཞི་བྱེད་གསོ་བྱེད་དཔྱད་འབུམ་ཁྲ་བོ། སྡུག་བསྔལ་ཞི་བྱེད་གསོ་བྱེད་ནད་འབུམ་ནག་པོ་ཞེས་བརྗོད་ཅིང་ཡོངས་གྲགས་སུ་གསོ་རིག་འབུམ་བཞིར་འབོད་པའི་གཞུང་འདིའི་བསྟན་དོན་གཙོ་བོ་ནི། ན་ཡུལ་མི་འདྲ་བ་ལུས་སེམས་གཉིས་ཀྱི་རྣམ་བཞག་ཞིབ་རྒྱས་སུ་བསྟན་ཞིང་། ན་རྐྱེན་དུས་གདོན་ཟས་སྤྱོད་གང་ཡིན་ལེགས་པར་ངོས་ཟིན་རྗེས་གཏོ་དཔྱད་གསོ་དཔྱད་ཀྱི་བགྱི་བ་ལག་ཏུ་ལེན་པའི་རིམ་པ་སོགས་ཏེ། མདོར་ན་མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་ལ། གནས་པ་རྩ་དང་། གྲུབ་པ་ལུས། འཕེལ་འགྲིབ་ནད། སྤྱོད་ལམ་གནས། འཚོ་བ་ཟས། སྦྱོར་བ་སྨན། འཇམ་རྩུབ་དཔྱད། ངོས་བཟུང་རྟགས། གསོ་བྱེད་ཐབས་སོགས་ཀྱི་རིག་པའི་གཞུང་ལུགས་ཡིན་ལ། དེ་དག་ལག་ལེན་དུ་འདེབས་ཚུལ་ནི་སྟོན་པའི་ཞལ་ནས། ཉོན་ཅིག་དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར། །དེ་ཡི་ཕན་གདགས་རིམ་པ་འདི་ལྟ་སྟེ། །འཁོར་བའི་སེམས་ཅན་ཉོན་མོངས་མ་རིག་པ། །དུག་ལྔ་ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཡེ་ཤེས་ལྔ་ལྡན་རིག་པའི་རྩལ་བསྐྱེད་ནས། །ཕན་པའི་ཐབས་ལ་རྣམ་པ་གཉིས་ཡིན་ནོ། །དཔྱད་ཀྱི་དཔྱད་སྡེ་སྨན་གྱི་སྦྱོར་སྡེ་གཉིས། །ཐོག་མར་དཔྱད་ལ་རྣམ་པ་བཞི་རུ་དབྱེ། །ཕྱི་ནང་གསང་བ་ཡང་གསང་དཔྱད་སྡེ་བཞི། །ཕྱི་ལྟར་ཁམས་དང་སྐྱེ་མཆེད་དབང་པོ་དཔྱད། །ནང་ལྟར་ཤ་རུས་པགས་གསུམ་རྩ་ཡི་དཔྱད། །གསང་བ་དོན་སྣོད་རྣམ་ལྔ་ཆུ་ཡི་དཔྱད། །ཡང་གསང་མན་ངག་རིག་པའི་མངོན་ཤེས་དཔྱད། །ཞེས་དང་། གཉིས་པ་སྨན་ལ་རྣམ་པ་བཞི་སྦྱར་ཏེ། །ཐང་སྨན་ཕྱེ་མ་རི་ལུ་འདེག་གུ་བཞི། །དཔྱད་ལ་གཏར་སྲེག་མེ་བཙའ་འབུག་པ་བཞི། །སྦྱོར་སྡེ་ཆེན་པོ་བརྒྱད་དུ་དབྱེ་བ་སྟེ། །དེ་ཡང་གང་ལ་གང་དགོས་སྦྱོར་བ་བཞི། །ཚ་བའི་ནད་ལ་བསིལ་བའི་སྨན་སྦྱར་བྱ། །གྲང་བའི་ནད་ལ་དྲོད་ཀྱི་སྨན་སྦྱོར་བྱ། །རླུང་གི་ནད་ལ་བཅུད་ཀྱི་སྨན་སྦྱོར་བྱ། །མཁྲིས་ནད་ཅན་ལ་སྙོམ་གྱི་སྦྱོར་སྡེ་བྱ། །བད་ཀན་ཅན་ལ་གསིང་གི་སྦྱོར་སྡེ་བྱ། །ཁྲག་ནད་ཅན་ལ་གསང་བའི་སྦྱོར་སྡེ་བྱ། །དང་པོ་རྩ་དཔྱད་རིག་པས་གཏན་ལ་དབབ། །རྩ་ཆུ་ཁམས་དང་སྐྱེ་མཆེད་ཐིག་པར་བྱ། །བར་དུ་སྦྱོར་སྡེ་མན་ངག་གནད་དུ་བསྣུན། །རོ་དང་ནུས་པ་ཞུ་རྗེས་བདེ་དང་སྙོམས། །ཐ་མ་མཁས་དཔྱད་ལག་ལེན་ལྡན་པ་ཡིས། །ནད་ཀྱི་རྒྱུ་བཞི་རྩ་བ་དྲུངས་ནས་འདོན། །མ་རིག་ཉོན་མོངས་ཟུག་རྔུ་སེལ་བ་སྟེ། །ཚད་མེད་བཞི་ལྡན་འགྲོ་ལ་ཕན་གདགས་བྱ། །དཔྱད་བུ་ཁྲི་ཤེས་རིག་པའི་བློ་རྩལ་ཅན། །དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་གཉེར་གཏད་བཞེས། །ཞེས་གསལ་བོར་བསྟན་ཡོད་ལ། འདི་དག་ནི་ཞང་བོད་མེས་པོའི་ཤུལ་བཞག་རིག་གཞུང་རྩ་ཆེན་འཛམ་གླིང་དུ་ངོམས་ཆོག་པའི་སྐོར་འབའ་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མེད་དོ། ། དེབ་དྲུག་པ། བསྡུས་ཚད་བློ་རྟགས་ཀྱི་སྐོར། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ཐུན་མོང་བསྡུས་གྲྭའི་རྣམ་བཞག་འདི་ནི། ཡང་དག་པའི་བསྟན་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མས་གོས་པ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་བྱེད་ཀྱི་གཞི་ཡིན་ཏེ། དེ་ལྟར་རིག་པའི་སྒོ་འབྱེད་སྡུད་གྲྭའི་རྣམ་བཞག་བསྟན་པ་ལ། ཐུན་མོང་སྡུད་གྲྭའི་རྣམ་བཞག་བསྟན་པ་དང་། རིག་ལམ་ཆེ་འབྲིང་ཆུང་གསུམ་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ། ཉེར་མཁོ་རྩོད་པའི་རྣམ་བཞག་ཞིབ་རྒྱས་སུ་རིམ་གྱིས་བསྟན་ཡོད། ཚད་མ་རིག་པའི་སྐོར་ནི། སྒྲ་རིག་པའི་ཁོངས་སུ་འདུ་ལ། དེ་ཡང་སྤྱི་རྗེ་རྒྱལ་བོ་བྱ་ཁྱུང་ལས་བྱུང་ཞིང་། གནས་ནི་ལྷ་སྲིན་གྱི་བར་དུ་གཏན་ལ་ཕབ། དེ་ལ་དབྱེ་ན་སྒྲ་དང་ཚད་མ་གཉིས་སུ་གསུངས་ཏེ། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་དུ་གསུངས་ནས། སྣོད་ནི་གཡུ་ལོ་དང་རྨ་ལོ་གཉིས་ལ་བསྟན་པ་ཡིན་ནོ། །དེ་དག་གི་ཁྱད་བོན་ནི་མདོ་ལས། སྒྲ་ཚད་ནི་བོན་དེ་དག་ལས། དོན་བོན་ཉིད་ལས་བརྗོད་དུ་མེད་ཀྱང་། བོན་ཅན་ལ་བརྗོད་དུ་བྱུང་བས། ཚིག་གི་སྒྲོན་མས་དོན་གྱི་གདར་ཤ་བཅད་ཅིང་། རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་དུ་འགལ་མཐུན་གྱི་སྐད་དུ་བསྒྱུར་བར་བྱའོ། །ཞེས་དང་། འགལ་བ་སྤང་ཞིང་མཐུན་པ་བསྡེབ་སྟེ། གལ་བོ་རྩོད་པའི་ཕྱིར་གསུངས་ཤིང་། ཐེ་ཚོམ་གྱི་སྒྲོས་འདོགས་བཅད་ནས། དཔེ་དོན་རྟགས་གསུམ་ལས་གཞལ་ཅིང་། ཚད་གསུམ་ཟུང་དུ་འབྲེལ་བ་དང་། བདེན་གཉིས་དོ་མཉམ་དུ་བྱ་བ་རྣམས་སོ། །ཞེས་གསུངས་པ་འགྲོ་འདུལ་སྲས་སྤྲུལ་གྱི་མདོ་ལས། ཚད་གསུམ་ཟུང་དུ་འབྲེལ་བའི་བོན་སྡེ་བདུན། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། །རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། །སྤངས་པ་རྒོལ་བ་ཚར་གཅོད་སྡེ། །བླངས་པ་ཀུན་འབྱུང་ཡངས་པའི་སྡེ། །འགལ་བ་མི་མཐུན་སྤངས་པའི་སྡེ། །མཐུན་པ་རང་ལུགས་བཞག་པའི་སྡེ། །མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་བཅས་བཤད་གཞུང་དུ་ཕྱེས་ཏེ། འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་མཉམ་མེད་ཤེས་རབ་རྒྱལ་མཚན། དཔོན་སློབ་རྣམ་དག་འོད་ཟེར། དཔོན་སློབ་ཡོན་ཏན་རྒྱ་མཚོ་སོགས་བོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་མཁྱེན་རབ་ཀྱི་རྩལ་ལས་བཏོན་པའི་ལྗགས་རྩོམ་དུ་མ་དང་བཅས་ལྷན་དུ་བཀོད་ཡོད། དེབ་བདུན་པ། བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། དྲང་དོན་མུན་སེལ་སྒྲོན་མ་ནི་བླ་ཆེན་དྲན་པ་ནམ་མཁས་མཛད་ཅིང་། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་པ་དང་། བདེན་པ་བཞི་ལས་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགས་ཀུན་རྫོབ་ཀྱི་བདེན་པ་གཙོ་ཆེ་བའི་ངོས་ནས་བཞག་པས་དྲང་དོན་དུ་ཤས་ཆེར་བསྟན་པ་ལ། ཚེ་འདི་ཕྱི་གཉིས་ཀར་འཁོར་བ་ལས་བློ་ལྡོག་པའི་བོན་བཞི་དང་། རྒྱུ་དུག་ལྔའི་དབང་གིས་སྐྱེ་བཞི་རྒྱུད་ལྔའི་སྡུག་བསྔལ་སྣ་ཚོགས་སོ་སོར་ཕྱེ་བ། བསྟན་པའི་འཇུག་སྒོ་སྐྱབས་སེམས་དང་དད་པ་གཙོ་རུ་བཏོན་ཏེ་སློབ་བུའི་རྒྱུད་ལ་འཇུག་པར་གདམས་པ་དང་། ལམ་རིམ་སུམ་བརྒྱ་ཉི་ཤུ་བའི་རྩ་བ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་ཅིང་། དེ་ལ་གཞུང་ཚིག་དངོས་བསྟན་གཤེན་གྱི་སྡོམ་ཚིག་སུམ་བརྒྱ་ཉི་ཤུ་ཡོད་པས་ཆ་ནས་བཏགས་པ་དང་། དང་པོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་མཐའ་དོན་གདམས་པ་བསྟན་པའི་བར་དུ་བྱང་ཆུབ་ལམ་གྱི་དོན་བཅུ་གཉིས་ཀྱི་བདག་ཉིད་དུ་ཡོངས་སུ་གྲུབ་པར་བགྱིས་པ་ལ། དེའི་འགྲེལ་གཞན་ཕན་སྙིང་པོ་ཞེས་པ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་ཚིག་འགྲེལ་རྒྱ་ཆེར་མཛད་ཡོད་དོ། །སྐབས་སུ་སྣང་སྟོན་བསྟན་པའི་ཉི་མས་མཛད་པའི་ལེགས་བཤད་ལམ་རིམ་རིན་ཆེན་ཐེམ་སྐས་ལ་དྲང་དོན་ཐར་བའི་འཇུག་སྒོ་ཚོགས་ལམ་བཅུ་གཉིས་སུ་གཏན་ལ་ཕབ་ཅིང་། དེའི་འགྲེལ་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་ཀྱིས་རྒྱས་པར་མཛད་པ་ནི་གདུལ་བྱ་ཐུན་མོང་བས་གོ་སླ་ཞིང་རྣ་བའི་དཔྱིད་དུ་འཇོ་བ་གདོན་མི་ཟའོ། ། དེབ་བརྒྱད་པ། ཐེག་རིམ་དང་དབུ་མའི་སྐོར། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཅེས་པ་ཀུན་བཟང་གཤེན་ལྷ་འོད་དཀར་གྱིས་དགོངས་པ་དོན་རྫོགས་གསུང་དུ་བསྒྲགས་པ་ཡིན་ལ། སྤྱི་རུ་བསྡུས་ན་ཕྱི་ནང་གི་ཐེག་པ་གཉིས་སུ་དབྱེ་ཞིང་། དེ་ལས་ཐེག་པ་སོ་སོའི་རྟོགས་པའི་ལྟ་བ། བསྲུང་བའི་དམ་ཚིག བསྒོམ་པའི་རིམ་པ། བསྒྲུབ་པའི་ཐབས་ལམ། སྤྱོད་པའི་འཕྲིན་ལས། གྲུབ་པའི་འབྲས་བུ། ཐེག་པ་འོག་མ་ལས་ཁྱད་འདོན་པ་ལ། ཡེ་ཁྲི་ལ་བཟླ་ལས། ཤེས་རབ་དང་ནི་སྙིང་རྗེ་གཉིས། །དེ་གཉིས་ཆེ་ན་ཐེག་པ་ཆེ། །དེ་གཉིས་ཆུང་ན་ཐེག་པ་ཆུང་། །ཞེས་འབྱུང་བ་བཞིན། ཐེག་པ་གོང་འོག་གི་ཁྱད་པར་དཔེ་དོན་རྟགས་གསུམ་གྱི་ལམ་ནས་གཏན་ལ་ཕབ། དེ་ཡི་འགྲེལ་བ་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས་རྒྱ་ཆེར་མཛད་ཅིང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་བསྟན། རྩོད་སྤོང་སྨྲ་བའི་སེང་གེ་དང་གཏན་ཚིགས་ཐིག་མདོ་ལ་སོགས་གཏན་ཚིགས་ཚད་མའི་ལམ་ནས་ཕྱི་རོལ་མུ་སྟེགས་པ་རྣམས་དགག་བཞག་སྤོང་གསུམ་གྱིས་ལམ་ནས་རྣམ་པར་སུན་འབྱིན་བྱས་ཏེ་ཕམ་པར་མཛད་པའོ། །དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཆེན་པོ་ལྔ་སྟེ། སྤྲོས་པའི་རྒྱུ་ལ་གནོད་པ་གཏོང་བ་གཡུང་དྲུང་གཟེགས་ཆེན་དང་། མུ་བཞི་སྐྱེ་འགོག རྟེན་འབྲེལ་ཆེན་པོ་དང་། སྤྲོས་པ་རང་གི་ངོ་བོ་ལ་གནོད་པ་གཏོང་བ་གཅིག་དུ་བྲལ་དང་། འབྲས་བུ་ལ་གནོད་པ་གཏོང་བ་ཡོད་མེད་སྐྱེ་བའི་མཐའ་དགག་པའོ། །དེ་ལྟར་དོན་དང་ཐ་སྙད་བསྒྲུབ་ཅིང་བོན་ཅན་གྱི་དོན་དང་། དགག་བྱའི་དོན། བསྒྲུབ་བྱའི་དོན། གཏན་ཚིགས་ཀྱི་དོན། དཔེ་ཡི་དོན་བཅས་ལྔ་དང་། མཐུན་པ་དཔེ་ཡི་བོན་ཅན་དང་། མི་མཐུན་པ་དཔེ་ཡི་བོན་ཅན་དང་། སྐབས་སུ་བབ་པའི་བོན་ཅན་དང་། རྩོད་གཞིའི་བོན་ཅན་སོགས་སྦྱོར་བ་བཞི་ཡི་ཁྱད་པར་རྣམ་པར་བཞག་པས། བདེན་པར་གྲུབ་པའི་བོན་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ན་གཤེན་རབ་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་བའི་ལུགས་སུ་འདོད་པ་དང་། ཟབ་མོ་སྟོང་བ་ཉིད་གསལ་བར་བྱེད་པའི་གཞུང་དང་འགྲེལ་བ་རྣམ་བཤད་ཟིན་བྲིས་སོགས་མེ་སྟོན་ཤེས་རབ་འོད་ཟེར་དང་། རྗེ་མཉམ་མེད། མཁས་གྲུབ་རྒྱལ་མཚན་མཆོག་ལེགས། སྨན་རིའི་དཔོན་སློབ་སངས་རྒྱས་བསྟན་འཛིན་དང་བསྟན་འཛིན་རྣམ་དག་སོགས་ཀྱིས་མཛད་པ་ནི་ད་ལྟ་གཡུང་དྲུང་བོན་གྱི་སློབ་གཉེར་མང་པོས་ཁུངས་གཏུགས་ས་དང་གཞི་རྩ་འཛིན་ས་ཡིན་ནོ། ། དེབ་དགུ་བ། ཐེག་པ་ཆེན་པོ་ས་ལམ་གྱི་སྐོར། དེ་ཡང་བྱམས་མ་འབུམ་ལྔ་ཞེས་པ་མུ་ཏྲ་འཕྱོང་བཞི་བྱ་བྱེད་འབུམ་དང་། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། དགེ་རྒྱས་ཚོགས་ཆེན་ཡོན་ཏན་འབུམ་ལས་སྤྲོས་པ་གཡུང་དྲུང་ས་བཅུ་ལམ་གྱི་འབུམ་ཡོངས་སུ་བསྟན་ཅིང་། དེ་ལ་ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་གྱིས་གང་ལ་ཞུགས་ནས་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པའི་གོ་འཕང་མཆོག་ཏུ་བགྲོད་པར་བྱ་བའི་འཇུག་ངོགས་སུ་གྱུར་བ་དང་། བདག་མེད་གཉིས་དང་བོན་ཐམས་ཅད་ཀྱི་རང་བཞིན་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་གཡུང་དྲུང་གི་ས་བཅུ་སྟེ། ལམ་བགྲོད་པ་ལ་གཡུང་དྲུང་གི་ཡན་ལག་དགུ་རུ་གྱུར་བ་འཇུག་བྱེད་དང་། འཇུག་བྱ་དང་། གཞི་དང་། ལམ་དང་། སྤང་བྱ་དང་། རྟོགས་བྱ་དང་། གཟུང་བྱ་དང་། ལམ་རྟགས་དང་། འབྲས་བུ་དང་བཅས་དོན་རྣམ་པ་དགུས་བསྟན་པ་ཡིན་ལ། འབུམ་འགྲེལ་རོང་སྟོན་ཤེས་བྱ་ཀུན་རིག་གིས་ལེགས་པར་བཀྲལ་ཞིང་། དེ་དག་གི་དགོངས་དོན་གཞིར་བཟུང་སྟེ། འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་། རྒྱལ་བ་མཉམ་མེད་ཆེན་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་ས་ལམ་གྱི་རྣམ་བཞག་མ་ལུས་པ་རྒྱ་ཆེར་འགྲེལ་བ་ཀུན་གྱིས་གཙིགས་ཆེན་དུ་འཛིན་ལ། གོང་གསལ་གྱི་བཀའ་དང་བཀའ་བརྟེན་ལས་མདོར་བསྟན་གྱི་སྙིང་པོ་བསྡུས་ཤིང་གདུལ་བྱ་བློ་དམན་ཁྲིད་པའི་ཐབས་སུ་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་ཀྱིས་བསམ་གཟུགས་བརྒྱད་དང་ཞུགས་འབྲས་བརྒྱད་ཀྱི་རྣམ་བཞག་མཛད་པ་ཡང་འཐུས་པར་བྱས་ཡོད་དོ། ། དེབ་བཅུ་བ། ཕར་ཕྱིན་སྔ་དུམ་གྱི་སྐོར། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོས་ཞལ་ནས་གསུངས་པའི་ཁམས་བརྒྱད་གཏན་ལ་ཕབ་པ་ལས། སྡུད་པ་ཚིགས་སུ་བཅད་པ་བཀའ་དྲི་མ་མེད་པ་མན་ངག་གི་དོན་གསལ་བར་བསྟན་པ་ཡིན་ལ། དེ་ལ་སྲིད་པ་དང་། རྒྱུན་དང་། སྣང་བ་དང་། སྟོང་བ་དང་། སོ་སོ་དང་། རིག་པ་དང་། དབྱིངས་དང་། མཉམ་པའི་ཁམས་རྣམས་རབ་ཏུ་བསྟན་ཏེ། ཁམས་ཆེན་པོ་ལ་རྒྱས་འབྲིང་བསྡུས་གསུམ་འདྲ་མིན་སྣ་ཚོགས་ཅི་རིགས་ཡོད་ཀྱང་། འདི་ནི་མན་ངག་ཐམས་ཅད་ཀྱི་དགོངས་པ་འདུས་ཤིང་སྙིང་བོའི་མདོ་རྩ་གཅིག་ཏུ་དྲིལ་བས་ཚངས་པའི་དབྱངས་སུ་བསྟན་པ་དང་། སྙིགས་དུས་འགྲོ་བའི་མགོན་པོ་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོས་དེ་ལ་དགོངས་འགྲེལ་ལེགས་པར་གནངས་ཏེ་ཁྱབ་གདལ་དུ་བཏང་བ་དང་། རྨེའུ་མཁས་ཚུལ་ཁྲིམས་དཔལ་ཆེན་གྱིས་ཐུན་མོང་གདུལ་བྱའི་ཁམས་དང་བསྟུན་ཏེ་ཤེར་ཕྱིན་མངོན་རྟོགས་ལམ་རིམ་ཆེན་མོ་མཛད་དེ་དོན་རྒྱུད་དགོངས་པའི་སྙིང་པོ་མ་ལུས་པ་ལེགས་པར་བསྟན་ཡོད། དེ་མཚུངས་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་རེ་རེ་བཞིན་དུ་ཞིབ་རྒྱས་སུ་མཛད་ཡོད་པ་བློ་གསལ་དོན་གཉེར་ཅན་གྱི་དགའ་སྟོན་དུ་སྤེལ་བ་བཅས་ལགས་སོ། ། དེབ་བཅུ་གཅིག་པ། ཕར་ཕྱིན་ཕྱི་དུམ་གྱི་སྐོར། རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་པའི་འབུམ་སྡེ་ཀུན་གྱི་སྙིང་བོར་གྱུར་བ། ཁམས་ཆེན་པོ་སྟོང་ཕྲག་བརྒྱ་བ་གླེགས་བམ་བཅུ་དྲུག་གི་བདག་ཉིད་ཅན་དེ་དང་། སྡུད་པ་ཚིགས་སུ་བཅད་པ། སྡུད་འགྲེལ་གསལ་སྒྲོན། མངོན་རྟོགས་ལམ་རིམ་བཅས་ལས། ཁམས་ཆེན་པོ་བརྒྱད་ཀྱི་བརྗོད་དོན་གཏན་ལ་ཕབ་ལ་ཇི་ལྟ་བར་དགོངས་དོན་ཚད་མ་གསུམ་དང་མ་འབྲལ་བར་ལེགས་པར་བཀྲལ་ཏེ་སྐབས་དོན་བརྒྱད་དུ་བཀོད་པ་ལ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོ་འདི་ལྟ་བུར་མཚོན་ན། སྤྱིར་བོན་གྱི་སྒྲ་འཇུག་ཚུལ་བརྒྱད་དང་གཡུང་དྲུང་བོན་གྱི་རང་བཞིན་བསྟན་པ། བཀའ་དང་བཀའ་བརྟེན་གྱི་མཚན་ཉིད་དང་དབྱེ་བ། བརྗོད་བྱ་དྲང་ངེས་ཀྱི་ཁྱད་པར། རིག་པའི་གནས་ལྔ་བྱུང་ཚུལ་དང་དེ་དག་བསྟན་པའི་དགོས་པ། བཀའ་འཁོར་ཐོག་མཐའ་བར་གསུམ་གྱི་རྣམ་བཞག་དང་། ཐེག་པ་དང་བཀའ་བརྟེན་གྱི་དབྱེ་བ་ཅི་རིགས་སུ་བསྟན་པ་དང་། གཞུང་འདིའི་བཤད་བྱ་ཁམས་ཆེན་པོ་བརྒྱད་ལས། སྲིད་པའི་ཁམས་ཀྱི་རྣམ་བཞག་དང་། དེ་ཉིད་ཀྱི་མཚན་མཚོན་གཞི་དང་མཚོན་བྱེད་ཡན་ལག་བཅས་པའི་རྣམ་གྲངས་རྒྱས་པར་མཛད་ཡོད། རྒྱུན་གྱི་ཁམས་ནས་མཉམ་པའི་ཁམས་བར་དཔོན་སློབ་རྣམ་དག་འོད་ཟེར་གྱིས་ལེགས་པར་མཛད་ཅིང་། ཁམས་ཀྱི་མཚོན་བྱེད་དུ་གྱུར་བ་གཞི་སྐྱེ་མེད་དང་། ལམ་སྐྱེ་མེད་དང་། འབྲས་བུ་སྐྱེ་མེད་དང་། སྒོམ་བྱེད་ཀྱི་སྦྱོར་བ་དང་། བསྒོམ་བྱའི་ཡུལ་དང་། སྒོམ་པར་བྱེད་པའི་རྟེན་དང་། རང་བཞིན་དབྱེར་མེད་བསྒོམ་པ་དང་བདུན་ལ། འབྲས་བུ་ཐུན་མོང་མ་ཡིན་པ་ཤེས་པར་བྱ་བ་སྲིད་པའི་ཁམས་དང་། ལམ་ཐུན་མོང་མ་ཡིན་པ་ཤེས་པར་བྱ་བ་རྒྱུན་གྱི་ཁམས་དང་། ལམ་དེའི་གེགས་མི་མཐུན་ཕྱོགས་སེལ་བར་ཤེས་པ་སྣང་བའི་ཁམས་དང་། རྒྱུ་སྟོང་ཆ་བསྒོམ་པ་སྟོང་བའི་ཁམས་དང་། དེའི་འབྲས་བུ་སོ་སོའི་ཁམས་དང་། རྒྱུ་གསལ་ཆ་ཤས་ཆེར་ཉམས་སུ་ལེན་པ་རིག་པའི་ཁམས་དང་། འབྲས་བུ་དབྱིངས་དགུ་ཡུལ་དུ་བྱེད་པ་དབྱིངས་ཀྱི་ཁམས་དང་། ཉམས་སུ་བླངས་པའི་འབྲས་བུ་སྐུ་གསུམ་གྱིས་བསྡུས་པ་མཉམ་པའི་ཁམས་ཏེ། འཁོར་འདས་གཉིས་མེད་ཀྱི་འབྲས་བུ་ཆེ་ཆུང་མེད་པར་གནས་པ་དབྱིངས་ཤེས་དབྱེར་མེད་ཀྱིས་བསྡུས་པའི་ཐོབ་བྱ་མཐར་ཐུག་གི་དོན་བསྟན་པ་ཡིན་པས། འཁོར་བ་རྒྱ་མཚོ་སྐེམ་པའི་ཉིན་བྱེད་དང་། སྐལ་ལྡན་ཐར་བར་འདྲེན་པའི་ལམ་སྟེགས་དངོས་ཡིན་པས་ཤིན་ཏུ་དགོས་མཁོ་ཆེ་ཞིང་བསླབ་བྱའི་གཞུང་ལུགས་བླ་ན་མ་མཆིས་ཞིག་ཡིན་ནོ། ། དེབ་བཅུ་གཉིས་པ། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། དེ་ཡང་ནང་བ་གཤེན་རབ་པའི་གྲུབ་མཐའི་ལྟ་སྤྱོད་ཡང་དག་འདེགས་བྱེད་ཀྱི་རྩ་བའི་གཞུང་ཆེན་གབ་མཛོད་ས་གསུམ་དུ་གྲགས་པའི་ཡ་གྱལ། བསྟན་པའི་ནང་མཛོད་ཕྱི་བསྐལ་སྲིད་ཆགས་གནས་འཇིག་སྟོང་གི་སྣོད་བཅུད་སྡེ་དང་། ནང་འཁོར་འདས་གྲོལ་འཁྲུལ་ཀུན་གཞིའི་སྣོད་བཅུད་སྡེ། གསང་བ་སྐྱོན་ཡོན་ཁམས་དང་ཕུང་པོའི་སྣོད་བཅུད་སྡེ། ཡང་གསང་བོན་དང་བོན་ཅན་བོན་ཉིད་ཀྱི་སྣོད་བཅུད་སྡེ་བཅས་མངོན་པ་སྡེ་བཞི་ བདེན་གཉིས་དོ་མཉམ་གྱི་བོན་རྣམས་ནི། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་མཆོག་གིས་གྲོང་ཁྱེར་ཆེན་པོ་སྒྱུ་འཕྲུལ་དགའ་བ་ཅན་གྱི་དབུས་དཀྱིལ། རྒྱལ་ས་ཁོལ་མ་ནེའུ་ཆུང་དུ་གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་རྒྱལ་སྲས་ལུང་འདྲེན་གསལ་བ་ལ་སོགས་ཀྱིས་ངོར་གཏན་ལ་ཕབས་ཤིང་། བསྟན་པའི་གནས་ལ་སྣོད་བཅུད་རྣམ་པ་གཉིས་དང་། བསྟན་པའི་བོན་ལ་ཀུན་རྫོབ་དོན་དམ་གཉིས། སྤྱི་རྒྱུག་ཐབས་ལ་མཚན་བཅས་མཚན་མེད་གཉིས་བཅས་མངོན་པའི་སྤྱི་ལུང་ཆེན་པོ་མན་ངག་སྡེ་དྲུག་གི་མཐའ་དོན། བཀའ་མཚད་ཉིད་སྲིད་པའི་མཛོད་ཕུགས་ཆེན་མོར་ངེས་ལ། དེའི་བཀའ་བརྟེན་དུ་བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་དང་། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། རྗེ་མཉམ་མེད་བླ་མའི་སྣང་སྲིད་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མ། སྒ་སྟོན་གྱི་ཀུན་ལས་བཏུས་པ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་། དཔོན་སློབ་བསྟན་འཛིན་རྣམ་དག་གི་སྲིད་པའི་མཛོད་ཕུགས་ཀྱི་རྩ་བསྡོམས་རྒྱལ་བསྟན་གསལ་བའི་རྒྱན་སོགས་བཀའ་དང་བཀའ་བརྟེན་འདི་དག་གི་བསྟན་དོན་གཙོ་བོ་ནི། བོན་ཅན་མཚན་མ་འགག་མེད་ཀྱི་རྡུལ་དང་། སེམས་ཅན་མཚན་མ་མངོན་གྲུབ་ཀྱི་རྡུལ། ས་རྡུལ་མེ་ཆུ་དངོས་མཚན་གྱི་རྡུལ་སོགས་རྩ་བར་བྱས་པའི་སྲིད་པ་གསུམ་དང་། བསྐལ་བ་དགུ། དབྱིངས་བཞི། ཡེ་ཤེས་ལྔ། སྣོད་བཞི། བཅུད་གསུམ། དབང་པོ་དྲུག ཕྲ་རྒྱས་གསུམ། རྟེན་འབྲེལ་གཉིས། སྐྱེ་མཆེད་དྲུག ཁམས་གསུམ། མཚན་ཉིད་གཉིས། ལས་སྤྱོད་ལྔ། ལམ་བཞི། ས་གསུམ། འབྲས་བུ་བཞི་སོགས་ཀྱི་མཚན་ཉིད་མཚོན་བྱ་རྣམ་དབྱེ་དགོས་པ་དང་བཅས་པའི་གནས་ལུགས་ཡང་དག་པར་དཔྱད་གསུམ་ཚད་མས་ངེས་པ་རྙེད་པར་བསྟན་ཞིང་། དེས་ཐོབ་པའི་རྒྱུ་རྐྱེན་ལས་སྤང་བླང་གི་བྱེ་བྲག་ཕྱེས་པ་དང་། སྒྲུབ་དོན་ཡལ་བར་མི་འགྱུར་བར་རྟོགས་པའི་ཉིང་དགོས་ལག་མཐིལ་དུ་འཇོག་པར་བྱེད་ལ། དེ་དག་ཀྱང་ངེས་པའི་དོན་དུ་གཟི་བརྗིད་ལས། དོན་དུ་བྱང་ཆུབ་སེམས་ཉིད་ནི། །བོན་ཉིད་སྙིང་པོ་འདུས་མ་བྱས། །འབྱུང་དང་སྲིད་པའི་རྒྱུ་མ་གྲུབ། །བསྐལ་དང་བསྐྱོལ་བས་རྐྱེན་མ་བསླད། །སྣོད་དང་བཅུད་ཀྱི་མིང་མ་ཐོག །སྐྱེ་འགག་མེད་པའི་ངང་ཉིད་ལ། །བསྐལ་སྲིད་ལས་ཀྱི་བྱེ་བྲག་དང་། །མཐོ་རིས་ངན་སོང་ལམ་གནས་དང་། །གྲོལ་འཁྲུལ་གདགས་བྱ་ཡོད་མེད་རྣམས། །བོན་ཉིད་ཀློང་དུ་ངང་ལ་མཉམ། །ལུང་འདྲེན་གསལ་བ་རིགས་ཀྱི་བུ། །མ་བརྗེད་ཐུགས་ཀྱི་དཀྱིལ་དུ་ཞོག །མི་བསྙེལ་འགྲོ་ལ་སྨིན་པར་མཛོད། །ཅེས་གསུངས་པ་བཞིན་བློ་གྲོས་ཀྱི་སྤྱན་ཡངས་པའི་ཀློག་པ་པོ་རྣམས་ལ་མཚོན་ན་གསུང་པོད་འདི་ནི་གསེར་གྱི་ཁུ་བ་ལྡེམ་མེར་འཁྱིལ་བའི་ཞང་བོད་མེས་པོའི་རིག་གཞུང་གི་རྒྱ་མཚོ་གཏིང་དཔག་དཀའ་བ་ཞིག་ཡིན་ནོ། ། དེབ་བཅུ་གསུམ་པ། འདུལ་བ་རྒྱས་བསྡུས་ཀྱི་སྐོར། གཤེན་གྱི་སྲུང་ཁྲིམས་རྣམ་པར་དག་པ་རྩ་བའི་མདོ་ལས། བརྒྱད་ཁྲི་བཞི་སྟོང་ཕྱི་ནང་གསང་གསུམ་བོན། །ཚིགས་སུ་སྤྲོས་པ་བྱེ་མའི་ལ་ཙམ་ཀྱང་། །དོན་དུ་བསྡུས་ན་རྣམ་པ་ལྔ་ཡིན་ཏེ། །མདོ་མཛོད་འདུལ་བ་ཚད་མ་རྣམ་འགྲེལ་བཞི། །བླ་མེད་ཕར་ཕྱིན་ཤེས་རབ་ཐེག་པ་ལྔ། །འཆད་དང་ཉན་དང་རྩོད་དང་རྩོམ་པ་དང་། །ཤེས་པའི་རྒྱུད་ཁྲོལ་ཤེས་རབ་ཚད་སླེབ་ཅིང་། །ཞེས་གསུངས་པའི་ནང་ཚན་བསྟན་པའི་སྲོག་ཤིང་རྣམ་དག་འདུལ་བའི་བོན་སྐོར་ནི། སྟོན་པ་མཆོག་ཉིད་ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་དུ་བྱོན་ནས། བྱང་ཆུབ་ཤིང་གི་ནགས་ཚལ། གསས་ཁང་བ་རག་གསེར་གླིང་གི་སྒོ་དྲུང་དུ། གདན་སེང་གེ་ཁྲི་ལ་བཞུགས་ཏེ། འཁོར་རྣམས་རབ་ཏུ་བྱུང་བའི་ཕྱིར། ཐོག་མར་བསླབ་བྱ་ཁྲིམས་ཀྱི་ཡིན་ཚུལ་དང་། དེ་བཞིན་ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད་དང་། སྙོམས་འཇུག་འགོག་པ་ཏིང་འཛིན་སྒོམ་པའི་རྒྱུད། རྣམ་དག་དྲི་མེད་དཀའ་ཐུབ་སྤྱོད་པའི་རྒྱུད། བསླབ་པ་གསུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུའི་རྒྱུད། གཡུང་དྲུང་སྤྱོད་འཇུག་ངོ་མཚར་འཕྲིན་ལས་རྒྱུད་བཅས་རྣམ་དག་འདུལ་བའི་རྒྱུད་སྡེ་ཆེན་པོ་དྲུག་གི་དོན་གཏན་ལ་ཕབ་པར་མ་ཟད། བླ་མེད་མཐར་ཕྱིན་སྨོན་འཇུག་ཆེན་པོའི་གཞུང་དང་། ཐེག་པ་རྣམ་དབྱེ་ས་དང་ལམ་གྱི་གཞུང་། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་གཞུང་། སྟོན་པ་བདེ་བར་གཤེགས་པ་རྒྱུད་ཀྱི་གཞུང་བཅས་རྣམ་དག་འདུལ་བའི་བཀའ་ལུང་གཞུང་བཞིའི་གཙོས། བསླབ་གསུམ་ཡང་དག་གི་སྡེ་དང་། རྣམ་དག་དཀའ་ཐུབ་ཀྱི་སྡེ། དུས་ཁྲིམས་གཙང་མའི་སྡེ། བསྲུང་ཁྲིམས་ངོས་བསྟན་གྱི་སྡེ། སྦྱང་ཐོབ་མཐར་ཕྱིན་སྡེ། རྒོལ་བ་ཚར་གཅོད་སྡེ། མུ་བཞི་མཐའ་བསལ་སྡེ། གལ་པོ་རྩོད་སྤང་སྡེ། དག་པ་རྣམ་འབྲེལ་སྡེ། སྤོབ་པ་མཐར་ཕྱིན་སྡེ་སོགས་མདོར་ན་རྒྱུད་དྲུག་གཞུང་བཞི་མན་ངག་སྡེ་བཅུ་སྟེ། རྣམ་དག་འདུལ་བའི་སྤྱི་དོན་ཉི་ཤུ་རུ་གསུངས་པ་ནི་གཡུང་དྲུང་བོན་གྱི་འདུལ་བའི་བཀའ་གཞུང་གསེར་བཙོ་མ་ལྟ་བུ་དག་ཡིན་ལ། དེ་དག་གི་དགོངས་དོན་སྦས་མངོན་ཅི་རིགས་ཀྱི་སྒོ་ནས་སྟོན་པའི་བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་དང་། འདུལ་བ་མདོར་བསྡུས་རྩ་འགྲེལ། འདུལ་བ་ཀུན་ལས་འདུས་པའི་རྩ་འགྲེལ། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། སོ་སོར་ཐར་བའི་རྩ་བསྡོམས་རྒྱལ་བསྟན་གསལ་བའི་རྒྱན་བཅས་ནི་འདུལ་བའི་སྡོམ་ཁྲིམས་སོ་སོའི་སྤང་བླང་དང་། གནང་བཀག་གི་གནས་ལ་གོམས་འདྲིས་བྱེད་པར་མེད་དུ་མི་རུང་བའི་གསུང་པོད་གལ་ཆེན་ཞིག་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་སོ་སོར་ཐར་བའི་སྡོམ་པའི་ངོ་བོ་དང་། སྡོམ་པ་གང་ལས་བླང་བའི་ཡུལ། སྡོམ་པའི་རྟེན་གྱི་གང་ཟག ཡུལ་ལས་ཇི་ལྟར་བླང་བ། གཏོང་ཐོབ་ཀྱི་དུས་སོགས་སྡོམ་པ་མ་ཐོབ་པ་འཐོབ་པར་བྱ་ཚུལ་དང་། ཐོབ་པ་མི་ཉམས་པར་བྱ་བ་ལ། བསྙེན་གནས་ཡན་ལག་བརྒྱད་ལྡན། དགེ་བསྙེན་གཏན་ཁྲིམས་སྣ་ལྔ། གཙང་གཙུག་ཉི་ཤུ་རྩ་ལྔ། དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ། དྲང་སྲོང་མའི་སྡོམ་ཁྲིམས་སུམ་བརྒྱ་དྲུག་ཅུ། བྱེ་བྲག་སོ་སོའི་བསླབ་བྱ། ཚུལ་ཁྲིམས་བླ་མེད་སོགས་ཀྱི་དོན་དང་། ཉེས་པ་ཕྱིར་བཅོས་ལ། ཉེས་པ་ངོས་བཟུང་བ། སུན་འབྱིན་པའི་གཏམ་བརྗོད་པ། རྗེས་བཟུང་སྤང་བླང་། གསོ་སྦྱོང་། སྨད་པ་བཅུ་གསུམ་བྱས་ནས་རྣམ་པར་དག་པའི་ལེགས་པར་བསྐྱར་བ་བཅས་མདོར་ན་རང་གིས་ཇི་ལྟར་བླང་བའི་སྡོམ་པ་སོ་སོར་བསྲུང་ཐུབ་ན། འབྲས་བུ་ཐར་བ་ཆེ་འབྲིང་ཆུང་གསུམ་གོ་འཕང་སོ་སོར་ཐོབ་པར་བྱེད་པས་ན་སོ་སོ་ཐར་བའི་སྡོམ་པའམ། རང་རྒྱུད་མ་ཐུལ་བ་འདུལ་བར་བྱེད་པའི་འདུལ་བའི་གཞུང་ལུགས་ཀྱི་བསྟན་དོན་ཁག་ནི་རྒྱ་ཆེ་ཐར་བ་དོན་གཉེར་གྱི་གྲྭ་བཙུན་སྤྱི་དང་། གོ་ལ་ཆེན་པོའི་སྟེང་འཚོ་གཞེས་གནང་ཡོད་པའི་སྐྱེ་བོ་ཀུན་གྱི་སྤྱོད་པའི་ཚད་གཞི་དམ་པར་འཛིན་འོས་པ་འབའ་ཞིག་ཏུ་སོང་འདུག་གོ ། དེབ་བཅུ་བཞི་བ། སྡེ་སྣོད་མཛོད་རྩ་འགྲེལ། སྙིགས་དུས་ཀྱི་འཇའ་ལུས་པ་ཆེན་པོ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པ་ཡིན་ཅིང་། དེ་ལ་ཐུན་མོང་མ་ཡིན་པ་གཡུང་དྲུང་ཟབ་མོའི་ཚིག་རྐང་བཞི་སོགས་དབྱིངས་ནས་ཡེ་ཤེས་མཁའ་འགྲོ་མས་ལུང་བསྟན་ཐོབ་པ་སོགས་སྐྱེས་སྟོབས་ཀྱི་ཤེས་རབ་དཔལ་དུ་འབར་བ་ལས་ཐུགས་བཅུད་ཕྱུང་ཞིང་། གཞུང་འདི་ལ་མདོ་སྔགས་རྫོགས་ཆེན་གྱི་གདམས་པ་མ་ལུས་པའི་གནད་ཚང་ལ། གང་ཟག་གཅིག་གི་ཉམས་ལེན་དང་ཆ་རྐྱེན་དུ་དམིགས་ནས་བསྟན་པར་མ་ཟད། ལེའུ་དང་པོ་ནས་བཅུ་བའི་བར་སླ་འགྱུར་གྱི་སྡེ། གཉིས་ཀ་མ་ཡིན་པའི་སྡེ་གཉིས་ཀྱི་ཆར་གྱུར་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་ཅིང་འགྲེལ་ཡོད་པ་ལས། མཚན་ལྡན་བཤེས་གཉེན་བསྟེན་ཚུལ་དང་། བློ་ལྡོག་བོན་བཞི། སྐྱེས་བུ་ཆུང་འབྲིང་གི་ལམ་དང་འབྲེལ་བའི་ཐར་བ་ཆེན་པོའི་ཕན་ཡོན། སྐྱབས་སེམས་དང་ཕར་ཕྱིན་ཕྱི་མ་གཉིས་དང་བཅས་པ་རྒྱས་པར་གསུངས་ཡོད་ལ། ལེའུ་བཅུ་གཅིག་པ་ནས་བཅོ་བརྒྱད་ཀྱི་བར་དུ་ཐབས་ཆེ་སྒོ་ཡངས་གསང་བ་སྔགས་ཀྱི་གྲུབ་མཐའི་རྣམ་བཞག་བཤད་པ་དང་། ལམ་གྱི་འཇུག་སྒོ་དབང་བཞི་སོ་སོར་ཕྱེས་པ། ཉམས་སུ་བླང་བྱ་ལྟ་སྤྱོད་སྒོམ་པ་དང་དམ་ཚིག་ཕྲིན་ལས་ལྔས་རྣམ་པར་བསྟན་ཏེ། གྲོལ་བྱ་རྫོགས་རིམ་གྱི་ཐབས་ལམ་གཏུམ་མོ་དང་། ཉིན་སྣང་ལམ་དུ་ལྷོངས་པ་སྤྱོད་པ་དང་སྒྱུ་མ། མཚན་སྣང་ལམ་དུ་སློང་བ་རྨི་ལམ་དང་འོད་གསལ། འཆི་སྣང་ལམ་དུ་བྱེད་པ་འོག་སྒོའི་གདམས་པ་སོགས་ཚེ་ལུས་གཅིག་ལ་ཡེ་ཤེས་བླ་མེད་ཀྱི་ས་ལ་མངོན་པར་གྲོལ་བའི་གདམས་པ་ཁྱད་པར་ཅན་བསྟན་པ་དང་། ལེའུ་བཅུ་དགུ་ནས་ཉེར་གཅིག་བར་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་ཅིང་འཁོར་འདས་ལམ་གསུམ་གྱི་མཐའ་རུ་ཐུག་པ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་ཤིན་ཏུ་ཟབ་པ། རང་བཞིན་རྫོགས་པ་ཆེན་པོའི་གཞིའི་གནས་ལུགས་གཏན་ལ་ཕབ་སྟེ། སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དགོས་པ་བཞི་དང་གདེངས་ཚད་གསུམ། བྱ་བྲལ་ལྔ་ཡིས་བོན་ཉིད་ཀྱི་དོན་ལ་ཆེན་བཟླ་བ་དང་། ཁྱད་པར་དུ་འོད་གསལ་ཐོད་བརྒལ་གྱི་མན་ངག་ལ་བརྟེན་ནས་ཕྱི་འབྱུང་བ་དེངས་པས་གཟུང་འཛིན་གྲོལ་བ་དང་། ནང་འབྱུང་བ་དག་པས་ཤ་ཁྲག་གདོས་བཅས་ཕུང་བོ་འོད་དུ་ལྷག་པ། འཁྲུལ་ཤེས་ལོག་པའི་བག་ཆགས་དང་བཅས་པའི་ཡུལ་ཤེས་ལྷ་སྐུར་ཤར་ཏེ། སྐུ་གསུམ་ལམ་དུ་ཆོད་ཅིང་བདེ་ཆེན་དབྱེར་མེད་གཡུང་དྲུང་གི་ས་ལ་ཅིག་ཅར་མནོས་ཤིང་། ཀ་དག་གཞོན་ནུ་བུམ་སྐུ་ཀློང་དུ་གྲོལ་བའི་གདམས་པ་ཁྱད་དུ་འཕགས་པ་འདི་ནི་ཐར་བ་དོན་གཉེར་གྱི་ལས་ལྡན་རྣམས་དང་རང་གཞན་སྐྱེས་འཕགས་ཀུན་གྱི་ཡིད་བཞིན་གྱི་ནོར་བུའི་ཚུལ་དུ་གཙུག་ཏུ་བཀུར་བར་འོས་སོ། ། དེབ་བཅོ་ལྔ་བ། སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ། ཞུས་ལེན་ཕྲ་མོ་རྒྱུད་དུ་འཕེལ་ཞེས་གསུངས་པ་བཞིན། གཤེན་གསང་བ་འདུས་པ་ལ་ལྷ་མོ་བསེན་ཐུབ་མས་ཞུས་ཏེ་གཏན་ལ་ཕབ་པ་ཡིན་ལ། གསང་བ་སྔགས་ཀྱི་རྩ་བའི་རྒྱུད་ཆེན་པོར་བསྔགས་པ་འདི་ལས། དེ་ཁོ་ན་ཉིད་ཀྱི་གནས་ལུགས་བསྟན་པ་དང་། ཐེ་ཚོམ་གྱི་ལྟ་བ་བཞི་བཅུ་རྩ་གཉིས་དང་། ཐེག་པ་རིམ་པ་དགུ། ལྟ་སྤྱོད་སྒོམ་པ་དམ་ཚིག་འཕྲིན་ལས་དང་བཅས་པ། གསས་མཁར་དང་དམ་ཚིག་རབ་ཏུ་དབྱེ་ཏེ་བསྟན་པ། ཐིག་ལེ་ཐབས་ཀྱི་རོལ་བ་ལ་མཉམ་པར་བཞག་པ། རིག་པ་རྒྱུན་དང་འཕྲང་དགུའི་མཐའ་བསལ་བ། དམ་ཚིག་གི་སྐྱོན་ཡོན་དང་རང་བཞིན་བསྟན་པ། མཚན་དཔེ་རྟགས་དང་རྒྱས་འབྲིང་བསྡུ་བ་གཏང་བཞག་གི་ཚད་བཤད་པ། ཁྲོ་བོ་དབང་ཆེན་ལས་ཀྱི་རིམ་པ་མངོན་ཕྱུང་དུ་བསྟན་པ། སྒྲུབ་ཆེན་བཞི་དང་ཡན་ལག་བཅོ་བརྒྱད་དང་། མཆོག་ཐུན་དངོས་གྲུབ་ལྷ་ཡི་ཡང་སྙིང་དུ་རོལ་བ་སོགས་བསྟན་པ་མ་ཟད། རྒྱུད་ཀྱི་གདམས་པ་འདི་ནི་ལྟ་སྤྱོད་ཐམས་ཅད་ཀྱི་རྩ་བ་སྟེ། རྩིས་འགོ་རྣམ་པ་ལྔ་ཡིས་མུན་པ་ལ་སྒྲོན་མེ་བཏེགས་པ་ལྟར་ཡོངས་སུ་གསལ་བར་བསྟན་ཡོད། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྒྱུད་འདིའི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ནི། བཤད་ཉན་གྱི་དགེ་བ་ལམ་དུ་སློང་ཞིང་། ཡང་དག་བོན་གྱི་རང་བཞིན་ངོས་བཟུང་བ། རྒྱུད་ཀྱི་རང་བཞིན་རྒྱས་པར་གཏན་ལ་ཕབ་སྟེ་གསུངས་པ་ལ། རྒྱུད་ཁུངས་གྱི་ལོ་རྒྱུས་དང་དངོས་གྲུབ་བསྙེམས་ཚུལ། བདེན་པ་གཉིས་དང་ཡང་དག་པའི་དོན་བསྒྲུབ་ཚུལ། གཞི་ཡི་གནས་ལུགས་དང་ལམ་ཉམས་སུ་ལེན་ཚུལ། ལྟ་བ་ལ་ཐེག་པ་རིམ་པ་དགུ་རུ་གསུངས་པ་དང་། སྤྱོད་པ་ལ་ཏིང་འཛིན་གསུམ་དང་གསས་མཁར་སུམ་བརྒྱ་དྲུག་ཅུ། སྒོམ་པ་ལ་ཐིག་ལེ་ཐབས་རོལ་དང་རིག་པ་མཐའ་འཕྲང་དགུ་རུ་བསལ་བ། དམ་ཚིག་ལ་སྤྱི་དང་ལྷག་པའི་བསྲུང་བྱ་དང་ཡེ་བསྲུང་ཆེན་པོའི་དམ་ཚིག་བསྟན་པ། འཕྲིན་ལས་ལ་བསྙེན་པའི་གཞི་མ་སྒོ་དགུ་དང་། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་བསྒྱུར་མཆོང་ཆེན་སྡེ་དགུ་སོགས་བསྙེན་སྒྲུབ་ལས་གསུམ་གྱི་ཡན་ལག་སོ་དྲུག་གི་གོ་རིམ་ཡོངས་སུ་བསྟན་པ་འདི་ནི་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འཐོབ་པར་འདོད་པའི་གང་ཟག་རྣམས་ཀྱི་གཅེས་པའི་སྙིང་ནོར་ཡིན་ནོ། ། དེབ་བཅུ་དྲུག་པ། ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག་གི་སྐོར། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་མཆོག་དེ་ཉིད་འོག་མིན་ལྷུན་གྲུབ་ཀྱི་ཡུལ་མཐའ་དབུས་མེད་པའི་གནས་སུ་ཡེ་གཤེན་གཙུག་ཕུད་ལ་སོགས་འཁོར་ལས་ལྡན་གྱི་ཚོགས་ལ་བསྟན་པ་ཡིན་ཡང་། དེ་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་བསྟན་པ་ཆགས་འཇིག་དང་འཕེལ་འགྲིབ་ཅི་རིགས་བྱུང་བའི་འགལ་རྐྱེན་ལ་བརྟེན་ཏེ། བླ་ཆེན་པོ་དྲན་པ་ནམ་མཁས་གཏེར་དུ་སྦས། དེ་རྗེས་ཁྱུང་པོ་གྱེར་ཆེན་ཟླ་མེད་དང་ལྷ་སྲས་གཉིས་ཀྱིས་བཏོན་ཏེ་བྲག་ཕུག་ཉི་མ་རིས་སུ་སྔགས་ཀྱི་གཏེར་སྲུང་དྲུག་ལ་གཉེར་དུ་གཏད། ཕྱིས་སུ་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་གཏེར་ལས་དྲངས་ཏེ་ཞལ་ཕྱེས་པ་ཡིན་པས། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་ཉེར་བཞི། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་སུམ་ཅུ། འགུ་ཡ་སྲོག་འཛིན་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་ཉེར་དགུ། གསང་བ་དགུ་འཕར་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་བཅུ་དགུ། དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་སོ་གསུམ། གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་ལ་ལེའུ་བཅུ་དྲུག་བཅས་རྒྱུད་ཆེན་དྲུག་ལ་ཁྱོན་བསྡོམས་ལེའུ་བརྒྱ་དང་ང་གཅིག་གིས་གྲུབ་པ་འདི་ནི། གསང་སྔགས་བླ་མེད་ཀྱི་དགོངས་སྤྱོད་ཆ་ཚང་ཞིང་། བསྙེན་སྒྲུབ་ལས་ཀྱི་ཡན་ལག་སུམ་ཅུ་རྩ་དྲུག་གི་གོ་རིམ་ལེགས་པར་བསྟན་པས། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བདག་ཉིད། སྟོང་སྙིང་ཡེ་ཤེས་སྙིང་པོའི་ཡང་བཅུད། རིག་འཛིན་མཁའ་འགྲོ་ཚོགས་ཀྱི་ཐུགས་དམ། ཟུང་འཇུག་སྒྱུ་ལུས་སྒྲུབ་པའི་འཕྲུལ་འཁོར། རྣམ་བཞི་རིག་འཛིན་སྒྲུབ་པའི་ལམ་སྟེགས། མཆོག་ཐུན་དངོས་གྲུབ་འབེབས་པའི་བདུད་རྩི་རུ་འཁུམས་པ་ཡིན། འདི་ཡི་དགོངས་དོན་བསྡུས་པ་རྗེ་རིན་པོ་ཆེ་མཛད་པའི་གསང་དོན་རྣམ་འབྱེད་ལ་སོགས་གཞུང་ལུགས་གསེར་གྱི་ལྷུན་པོའི་གཏོས་དང་མཉམ་པ་བགྲང་གིས་མི་ལང་བ་བཞུགས་ཡོད་དོ། ། དེབ་བཅུ་བདུན་པ། གསང་སྔགས་བཀའ་འགྲེལ་གྱི་སྐོར། གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་ནི་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པ་ཡིན་ལ། དེ་ནི་བོན་གྱི་བཀའ་ལུང་ཚད་མ་དག་ལས་སྙིང་པོར་བསྡུས་ཏེ། རྒྱུད་སྡེ་བཞི་ཡི་དགོངས་དོན་གསལ་བར་བསྟན་ནས། རྒྱུད་སྡེ་ཉམས་སུ་ལེན་པར་ལས་ཀྱི་གོ་རིམ་དང་། དེ་ཉམས་སུ་ལེན་སྟངས། སྦྱང་བྱ་ཐ་མལ་གྱི་སྣང་ཞེན་ཕྲ་རགས་དང་སྦྱོང་བྱེད་ཏིང་འཛིན་རྣམ་གསུམ་སྒོ་ནས་ཇི་ལྟར་སྦྱོང་ཚུལ། སྦྱངས་འབྲས་སྐུ་གསུམ་གྱི་གོ་འཕང་རིམ་གྱིས་འཐོབ་ཚུལ་སོགས་གསང་བ་སྔགས་ཀྱི་གོ་རིམ་ཚང་ལ་མ་ནོར་བ་སྟོན་པའི་བཀའ་བརྟེན་ཁྱད་པར་བ་ཞིག་ཡིན། བཤད་བྱའི་གཞུང་ལས། མདོ་སྔགས་གཉིས་དང་རྒྱུད་སྡེ་སོ་སོར་ཕྱེས་ཏེ། བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ་དང་། རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་བཅས་ལ་རྒྱས་བཤད་དང་། དགོས་པ། གོ་རིམ། ཉམས་ལེན། དབང་བསྐུར། དམ་ཚིག་བཅས་ལེགས་པར་བསྟན་ཡོད། ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད་པའི་མཆོད་སྦྱིན་གཏོར་མའི་རྣམ་བཤད་ལ། མགྲོན་བཞི་ངོས་བཟུང་བ་དང་མཆོད་སྦྱིན་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་བྱེ་བྲག་སོ་སོར་ཕྱེས་ཏེ་བསྟན་པ་མ་ཟད། མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་ཡང་རྩེར་སོན་པའི་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི་གཅོད་ཁྲིད་རིག་འཛིན་ཞལ་ལུང་ལ། དང་པོ་ལོ་རྒྱུས་ཀྱི་ཁུངས་དབབ་ཅིང་སྔོན་འགྲོའི་འགྲོ་རིམ་སྤྱི་རུ་བསྟན་པ་དང་། དངོས་གཞི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་ཆགས་མེད་སྒྱུ་ལུས་ཚོགས་སུ་འབུལ་བ་དང་། ཆུ་མིག་འགྲིམ་ཚུལ་དང་དུ་བླང་སྟེ་ལུས་སྦྱིན་དངོས་ཀྱི་དམིགས་ཁྲིད་བསྟན་པ། ཕྱག་རྒྱ་གར་མཆོད་དང་གནད་དམིགས་སྐོར་གསུམ་གྱིས་བསྟན་པའི་རིམ་པ་རྫོགས་པར་བསྟན་ཡོད་པ་ནི། དགེ་བའི་མཆོག་ཏུ་གྱུར་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདག་འཛིན་རང་སར་ཆོད་པ་དམིགས་མེད་སྟོང་བ་ཉིད་དུ་རྟོགས་པའི་གདམས་པ་ཁྱད་དུ་འཕགས་པ་ལེགས་པར་བསྟན་ཡོད། དེབ་བཅོ་བརྒྱད་པ། གསང་སྔགས་མ་རྒྱུད་ཀྱི་སྐོར། དེ་ལའང་ལྟ་དགོངས་སྤྱོད་འབྲས་སྔགས་རྒྱུད་ཆེན་པོ་ལྔ། དེའི་ནང་ནས་སྟོན་པའི་ཞལ་ནས་དུས་གཅིག་ཏུ་གསུངས་པའི་རྒྱུད་ཆེན་པོ་བདུན། ཁྱད་པར་མཐིང་འབྲང་རྩ་བའི་ཞལ་ནས་གཞི་ཡེ་སངས་རྒྱས་པའི་རྒྱུད། ཟངས་འོད་འབར་བའི་ཞལ་ནས་ལམ་མངོན་སངས་རྒྱས་པའི་རྒྱུད། ཀ་དག་ཡེ་ཤེས་ཀྱི་ཞལ་ནས་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་དང་གསུམ་གསུངས་ཡང་། དོན་ལ་དབྱེ་བ་ཐིག་ལེ་བཞི་བཅུ་རྩ་ལྔ་དང་། དེ་བསྡུས་པ་གཞི་དྲུག ལམ་དྲུག དོན་དྲུག་ལ་སོགས་པ་གསང་སྔགས་མ་རྒྱུད་ཀྱི་རྩ་བ་ཡན་ལག་གི་རྒྱུད་དང་སྒྲུབ་པ་ལས་ཚོགས་བསམ་གྱིས་མི་ཁྱབ་པའི་བཀའ་རྒྱུད་རིན་པོ་ཆེ་འདི་དག་གསང་འདུས་བཟང་ཟ་སོགས་ཀྱིས་མང་འབྲེལ་ཉུང་ངུར་བསྡུས་ཤིང་། ཡོངས་དག་ཀླུ་གྲུབ་སོགས་ཀྱིས་ལྷ་ཀླུའི་ཡུལ་ཁམས་ཀུན་ཏུ་དར་རོ། །འདི་དག་གི་འགྲེལ་བ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་དེ། གཞི་ལམ་གཉིས་ཀྱི་རྒྱུད་དང་ཐིག་ལེ་བཞི་བཅུ་རྩ་ལྔ་དེ་དག་ས་བཅད་རྣམ་པ་ལྔ་རེར་གཏན་ལ་ཕབ་ནས་གསུངས་པ་དང་། འབྲས་བུའི་རྒྱུད་འགྲེལ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པ་ལ། དང་པོ་རྩ་བ་ལུས་རྣམ་པར་བཞག་པ་དང་། གཉིས་པ་སྤྲོས་པ་ཡན་ལག་རྒྱས་པར་དོན་ལྔས་བསྟན་ཏེ། འབྲས་བུ་ཚེ་འདིར་ཐོབ་པ་དང་། ཐིག་ལེ་ཉག་གཅིག་ཏུ་ངོས་བཟུང་བ་དང་། མ་རྟོགས་ལོག་པའི་སྐྱོན་བསལ་བ་དང་། རང་རིག་རང་ལས་འཆར་ཚུལ་དང་། འགྱུར་བ་མེད་པའི་སྐུ་ཐོབ་ཚུལ་བཅས་དང་། གསུམ་པ་འབྲས་བུ་ཐོབ་རྟགས་ཀྱིས་མཐའ་བསྡུས་ཏེ་ལེགས་པར་བསྟན་ཡོད། གཞན་ཡང་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་ཐིག་ལེ་མཆན་འགྲེལ་ནི། གཞི་རང་བྱུང་ཡེ་ཤེས་གཏན་ལ་ཕབ་པ་དང་། དོན་ཐིག་ལེ་ཉག་གཅིག་ཏུ་ངོས་བཟུང་བ། ཡང་དག་ཁྱད་པར་གྱི་རུ་ཤན་དབྱེ་བ། གསལ་བ་རང་རིག་གི་མྱོང་བ་བསྟན་པ། མཆོག་གི་གྲུབ་མཐའི་རང་གཞུང་འཆད་པ་སོགས་མ་རྒྱུད་ཡེ་ཤེས་ཐིག་ལེའི་དཀའ་གནད་ལེགས་པར་བཀྲོལ་ཡོད་པས་མཁྱེན་ལྡན་རྣམས་ཀྱི་དགའ་བའི་གསོས་སྨིན་དུ་འགྱུར་བ་གོར་མི་ཆག་གོ ། དེབ་བཅུ་དགུ་བ། རྫོགས་ཆེན་ཚད་མའི་སྐོར། མན་ངག་ལུང་གི་ཚད་མ་རྩ་འགྲེལ་གཉིས་ནི། ཟབ་མོ་ཆ་ཤས་བརྟག་པར་དཀའ་བ་རྣམས་མངོན་སུམ་དང་། རྗེས་དཔག་ཚད་མ་གཉིས་ཀྱིས་གསལ་བར་བསྟན་པ་དང་། རྩོད་སྤོང་སྨྲ་བའི་སེང་གེ་ནི། མེ་ལོང་དགུ་སྐོར་གྱི་རྗེས་འབྲང་སྟེ། མ་བཅོས་མ་བྱས་པའི་རང་བཞིན་ནམ་ངོ་བོ་ཉིད་གར་ཡང་བརྗོད་དུ་མེད་པ་ལས་རོལ་བ་སྣ་ཚོགས་གཉིས་བསྡུས་ཀྱི་བོན་རོལ་རྩལ་དུ་ཡེ་ཤེས་ཀྱི་སྣང་བ་ཁོ་ན་ལ་རྩོད་སྤོང་ཅི་རིགས་སུ་མཛད་པ་དང་། རྣམ་འབྱེད་འཕྲུལ་ལྡེ། གཏན་ཚིགས་ངེས་པའི་གལ་མདོ། གལ་མདོ་རིག་པའི་ཚད་མ། གཏན་ཚིགས་དྲི་མེད་གསལ་སྒྲོན། གལ་མདོ་གསལ་བའི་ཉི་མ་སོགས་སུ་བོན་བདེན་པ་གཉིས་སུ་བསྟན་པ་དང་། གཞི་གསུམ་གཅིག་དབྱེན་དུ་སྤྲོས་པ། གཞལ་བྱའི་གྲུབ་མཐའ་དབྱེ་བ། པྲ་ཁྲིད་དང་སྒྱུ་མ་དོན་བསྡུས་སུ་བསྟན་པ། ཕུང་བོ་དང་འཁོར་འདས་མཚན་མཚོན་དུ་དབྱེ་བ། གཏན་ཚིགས་བཞི་དང་བརྡ་ལྔ་བཅུ་རྩ་ལྔར་བསྟན་པ། མན་ངག་གི་གནས་གདམས་པ་བཅས་ལེགས་པར་བསྟན་ཡོད། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ལས། འབྲས་བུ་སྐུ་གསུམ་ཀྱི་དོན་ཡང་། བཤད་ཐབས་བདུན་དང་། སེམས་དོན་བཅུ་བདུན། ཐེག་པ་དགུ། གཏན་འབེབས་དོན་བདུན་སོགས་ལས་དགོས་འགྲེལ་རྒྱ་ཆེར་མཛད་པ་སོགས་ནི་ཞང་བོད་ཀྱི་གནས་འདིར་ཆེར་སྔ་བའི་རང་བཞིན་རྫོགས་པ་ཆེན་པོའི་དོན་གཏན་ལ་ཕབ་ཅིང་འདི་དག་གི་སྙིང་པོའི་དོན་ལ་མཁས་པ་སོ་སོས་དགོངས་འགྲེལ་དོན་འགྲེལ་ཚད་མ་གསུམ་གྱི་རིག་པས་ལེགས་པར་བསྟན་པ་ནི་སྲིད་ན་དཀོན་པའི་ཨུ་དུམ་ཝ་རའི་སྐྱེད་ཚལ་ཅི་བཞིན་ཀུན་གྱི་རྒྱན་དུ་མཛེས་ཤིང་ཉམས་སུ་བླངས་ན་ལྷག་པའི་འབྲས་བུ་ཡེ་ཤེས་བདེ་བླག་ཏུ་འགྲུབ་པའི་ཡོན་ཏན་བསམ་མཐའ་ཡས་པའོ། ། དེབ་ཉི་ཤུ་བ། རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར། དེ་ཡང་བོན་སྐུ་ཀུན་ཏུ་བཟང་པོའི་སྙིང་གི་བཅུད་ཕུར་ཏེ། རིག་པ་ཐབས་དང་རྫུ་འཕྲུལ་གྱིས་བརྒྱུད་པའི་མན་ངག བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་གཅིག་པས་གཅིག་ཟབ་པ་མང་དུ་བཞུགས་པའི་ཡ་གྱལ། བོན་ཐམས་ཅད་རང་བྱུང་ཡེ་ཤེས་ཉག་གཅིག་ལས་གཞན་དུ་གྱུར་བ་རྡུལ་ཙམ་ཡང་མེད་པས་སྤང་བྱའི་མཐའ་ལས་གྲོལ་བར་འདོད་པ། སྣ་ཚོགས་སེམས་སུ་སྨྲ་བའི་རྫོགས་པ་ཆེན་པོ་དང་། གྲོལ་སྒྲིབ་སེམས་ཀྱི་ལ་བཟླ་བར་སྨྲ་བའི་རྫོགས་པ་ཆེན་པོ། བློ་བརྡེག་ཐལ་འགྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོ་སྟེ། རྫོགས་ཆེན་སེམས་སྨད་སྡེ་དགུའི་སྤྱི་དོན་མཛུབ་ཚུགས་ཏུ་སྟོན་པའི་སུམ་ལྡན་གཡོར་མེའི་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་བ་ཟུར་བཀོད་དང་། བྲུ་ཡི་ཨ་ཁྲིད་ཆེན་མོ་ཐུན་མཚམས་བཅོ་ལྔ་བ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་གེགས་སེལ་མུན་སེལ་སྒྲོན་མེ་བཅས་ཀྱི་ནང་དུ་གཞིའི་ངོ་བོ་ཁྱད་པར་ལྔ་ལྡན་དུ་གཏན་ལ་ཕབ་ཅིང་། ལམ་གྱི་རིམ་པ་ཤིང་རྟའི་སྲོལ་དང་བསྟུན་ནས་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་སྔོན་འགྲོ་མཐར་ཆགས་དང་། སྨིན་པ་གྲོལ་བར་བྱེད་པའི་ཁྲིད་ལ། མཚན་བཅས་སེམས་འཛིན། མཚན་མེད་མཉམ་བཞག རིག་པ་བོགས་འདོན། རང་འབྱུང་ཡེ་ཤེས་ངོས་འཛིན། འཇོག་བཤིག་སྐྱོང་གསུམ། ཡེ་ཤེས་ལམ་བསླང་བཅས་དང་། གྲོལ་བ་མཐར་ཕྱིན་པའི་ཁྲིད་ལ། གཉིད་ལམ་འོད་གསལ། སྣང་བ་གྲོགས་འཆར། རྟོག་པ་ལམ་སློང་། འབྲས་བུ་ངོ་སྤྲོད་སོགས་མདོར་ན་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་མཐའ་བྲལ་དུ་ངོ་སྤྲད་པ། མཐའ་བྲལ་སྐུ་གསུམ་དུ་ངོ་སྤྲད་པ། སྐུ་གསུམ་འབྲལ་མེད་རིག་པ་རྐྱང་འདེད་ཀྱི་སྒོ་ནས་ཏིང་ངེ་འཛིན་གྱི་ཐུན་སྒོམ་དང་། སེམས་དཔའི་ངང་སྒོམ། རྟོགས་པའི་ཀློང་སྒོམ་གསུམ་མངོན་དུ་གྱུར་ཏེ་ཡེ་ཤེས་ཕྱོགས་མེད་དུ་འཆར་བར་བྱེད་ལ། དེ་དག་གི་སྐབས་སུ་ཉམས་ལེན་གྱི་སྐྱོན་བཅོས་དང་། ནད་གདོན་གེགས་སེལ་ལ། རྩ་རླུང་འཕྲུལ་འཁོར་གྱི་རིམ་པ་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སྤང་བ། བར་དོའི་འཕོ་བ་ཡེ་ཤེས་ཟངས་ཐལ་བཅས་ལེགས་པར་སྟོན་ཞིང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་དགོངས་བཅུད། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དུ་གཞི་རང་ངོ་སྤྲད་པ་གཅེར་མཐོང་ལྟ་བའི་ཁྲིད་དང་། ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པའི་ཁྲིད། རྐྱེན་ལམ་དུ་སློང་བ་རྩལ་སྦྱོང་སྤྱོད་པའི་ཁྲིད། འབྲས་བུ་རང་ས་བཟུང་བ་སྐུ་གསུམ་དམར་ཐག་བཅད་པའི་ཁྲིད་སོགས་བླ་མེད་རྫོགས་པ་ཆེན་པོའི་ཟབ་དོན་གནད་ཀྱི་གདམས་པ་བྱུར་བུར་སྤུངས་པའི་བཀའ་བརྟེན་འདི་ནི་སུ་ལ་མེད་ན་དེ་ཉིད་ཐབས་ཆགས་ཡིན་ལ། གལ་ཏེ་ཡོད་ན་ངོ་མཚར་གཅིག་ཆོག་གི་གདམས་པ་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་ཁྲིད་ཀྱི་མཐུན་རྐྱེན། ལུང་རིགས་ཉི་མ་འབུམ་གྱི་དཀྱིལ་འཁོར་འཛམ་བུའི་གླིང་ན་ཆེ་ཆེར་འཕགས་པའི་མན་ངག་བླ་ན་མེད་པ་དེ་ཡིན་ནོ། ། དེབ་ཉེར་གཅིག་པ། རྫོགས་ཆེན་སྐུ་གསུམ་རང་ཤར། གཏན་བདེ་བྱང་ཆེན་རྒྱལ་སར་མྱུར་བར་བགྲོད་པའི་མཁའ་ལམ་རྨད་དུ་བྱུང་བ། རྫོགས་ཆེན་སྐུ་གསུམ་རང་ཤར་ཞེས་པའི་གསུང་པོད་འདི་ནི། ཤར་རྫའི་སྟོན་པ་འཇའ་ལུས་པ་ཆེན་པོ༧བཀྲ་ཤིས་རྒྱལ་མཚན་རིག་པ་རང་ཤར་གྱི་སྡེར་འབོད་པའི་དགོངས་རྩལ་ལས་ཐོན་པ་ཞིག་ཡིན་ལ། ཀུན་མཁྱེན་ཤར་རྫ་བའི་ལུགས་ཀྱི་སྒྲུབ་གྲྭ་སྐྱོང་བའི་དགོན་སྡེ་དག་ལ་མཚོན་ན་ཉམས་རྒྱུད་བླ་མའི་མན་ངག་ཧྲག་བསྡུས་བྱས་པའི་རྩ་ཆེའི་བེའུ་བུམ་གཅིག་ཆོག་ལྟ་བུར་སོང་བ་དང་། བོད་ཀྱི་སྔགས་རྫོགས་ཟབ་མོའི་ལམ་ཁྲིད་སྐོར་ལ་རྒྱུས་ལོན་བྱེད་འདོད་ཀྱི་མཁས་པའི་གཟིགས་ངོར་མི་ལུས་རིན་ཆེན་གྱི་དེ་ཉིད་གསལ་བར་སྟོན་པའི་ནང་བསྟན་ཚན་རིག་ཞིབ་འཇུག་གི་རྒྱལ་ཁའི་འབྲས་བུ་ཆེན་པོར་དོན་གྱིས་གྲུབ་ཡོད། དེ་ཡང་མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་དངོས་གཞིའི་ཡང་ཏིག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་མཚན་བཅས་ཨར་གཏད་གདམས་པ་དང་། མཚན་མེད་ལ་མཉམ་པར་བཞག་པ། སེམས་རིག་དབྱེ་འབྱེད། གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་པ། རྫོགས་པ་ཆེན་པོའི་གོལ་ས་བསྟན་པ་སོགས་ཀྱིས་བྲུ་ཡི་ཨ་ཁྲིད་ཆེན་མོའི་དགོངས་དོན་སྔར་ལས་གསལ་བར་བྱས་ཡོད་ལ། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་ལྟར། ཐོད་རྒལ་སྣང་བཞིའི་ཉམས་ལེན་དང་། མཚན་སྣང་འོད་གསལ་བདུན་སྐོར། རིགས་དྲུག་རང་སྦྱོང་། སྙན་རྒྱུད་རྩ་རླུང་འཕྲུལ་འཁོར་གྱི་གཞུང་ལེགས་པར་བསྲིང་ཐོག གསང་ཆེན་དངོས་བསྐྱེད་རོལ་བའི་ཐབས་ལམ་གཏུམ་མོའི་ཉམས་ལེན་དང་། སྒྱུ་ལུས། སྤྱོད་པ། གཉིད་ལམ། བཅུད་ལེན། བར་དོ། འབྲས་བུ་བཅས་ཟབ་དོན་གདམས་པའི་དམར་ཁྲིད་ལག་ལེན་དུ་སྤྱོད་བདེ་བ་དུ་མ་བཅས་དང་། ཟུར་བཀོད་དུ་སེམས་ཕྱོགས་དགོངས་ཉམས་བརྒྱུད་པའི་བླ་མའི་རྣམ་ཐར་དང་། གསང་བདག་ཚོགས་མཆོད། མཁའ་འགྲོའི་སྒྲུབ་པ། ཁོད་སྤུངས་སྙིང་ཐིག རྫོགས་ཆེན་དབང་བཞི་བཅས་ཀུན་ལ་མཁོ་ཞིང་། ཡོངས་ལ་སྨན་པའི་གསུང་པོད་ཆེས་རྩ་འགངས་ཆེ་བ་ཞིག་སྟེ། ཁྲིད་ཡིག་ལས། གདམས་པ་འདི་ལས་ལྷག་པ་གངས་རིའི་ཁྲོད། །དེ་སྔར་མ་གྲགས་ཕྱིས་ཀྱང་ག་ལ་སྟེ། །གྲུབ་བརྙེས་གོང་མའི་ཞལ་གདམས་ཡོངས་ཀྱི་བཅུད། །དུས་གསུམ་རྒྱལ་བའི་དགོངས་པ་འདི་ཁོ་ན། །ཞེས་གསུངས་པ་ལྟར་ཡིད་ལ་ངེས་པར་མཛོད་ཅིག་གུ། དེབ་ཉེར་གཉིས་པ། བྱང་སེམས་གབ་པ་དགུ་སྐོར་གྱི་རྩ་འགྲེལ། རིག་པ་ཐབས་ཀྱིས་བརྒྱུད་པའི་མདོ། བྱང་ཆུབ་སེམས་ཀྱི་ཐེག་པ། སྟོན་པའི་ཐུགས་ཀྱི་ཉིང་ཁུ། ཐེག་པ་ཀུན་གྱི་སྤྱི་ཕུད། ལུང་ཐམས་ཅད་ཀྱི་རྒྱལ་མཚན། མན་ངག་ཀུན་གྱི་རྩ་བ། ཡེ་གཤེན་གཙུག་ཕུད་ཀྱི་དངོས་གྲུབ། བྱང་ཆུབ་གབ་པ་དགུ་སྐོར་འདི་གཏན་ལ་ཕབ་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་མན་ངག་ཟབ་མོའི་ལུང་འདི་གཡུང་དྲུང་སེམས་ཀྱི་མྱུ་གུ་ཞེས་བྱ་ཞིང་། དེ་ལ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས་བསྟན་པ་དང་། ཚིག་གི་དོ་བརྡེག་གིས་བཤད་པ་དང་། སྤྱི་ཁོག་གི་ཡན་ལག་ཆེན་པོ་བཅོ་བརྒྱད་དང་། མགོ་མཇུག་ཏུ་ཁྱབ་པའི་ཡན་ལག་བཅུ། ཟུར་བརྡེག་གི་ཡན་ལག་ལྔ། མདེའུ་ཐུང་གི་ཡན་ལག་བཞི་སོགས་ཡན་ལག་སུམ་ཅུ་སོ་བདུན་གྱིས་རྒྱས་པར་བསྟན་ཡོད། འདི་ལ་འཛམ་གླིང་མཁས་པ་མི་བཞིས་འགྲེལ་བ་རྒྱ་ཆེར་བཤད་པ་དང་། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དགོངས་བཀྲོལ་འགྲེལ་བཞི་རིག་པའི་རྒྱ་མཚོ། རྗེ་རིན་པོ་ཆེས་མཛད་པའི་བྱང་སེམས་གབ་འགྲེལ་གསལ་བྱེད་ཉི་མའི་དཀྱིལ་འཁོར་དང་དེའི་ས་བཅད་པ་བཅས་པ་བཀོད་ཡོད་པ་ནི་གཞན་ལ་ཕན་བྱེད་བྱང་ཆུབ་སེམས་ཀྱི་སྨྱུ་གུ་ཡོངས་སུ་རྒྱས་ཤིང་གནས་སྐབས་དང་མཐར་ཐུག་གི་བདེ་དགེ་ལེགས་ཚོགས་དང་། འཕྲིན་ལས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རྒྱས་པར་འགྱུར་ཕྱིར་ལེགས་པར་བཀོད་པའོ། ། དེབ་ཉེར་གསུམ་པ། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན། བོན་ཐམས་ཅད་བོན་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ། ངོ་བོ་མེད་པའི་གདངས་རང་ཤར་རིག་པ་རང་སྣང་བའི་རྒྱན་ལྟར་དུ་བཀོད་པར་འདོད་པའི་རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ནི། པཎ་ཆེན་ལི་ཤུ་སྟག་རིང་སོགས་རིག་འཛིན་རྣམས་ཀྱི་ཞལ་རླངས་དྲོད་མོ་མ་ཡལ་བའི་གསང་གདམས་མར་ཁུའི་མཚོ་མོ་ཉག་ཅིག་ཡིན་ལ། སྤྱི་ལོ ༡༠༨༨ ས་འབྲུག་ལ་དཔལ་ལྡན་རི་ཞིང་དགོན་གྱི་བཞོད་སྟོན་དངོས་གྲུབ་གྲགས་པས་ལྷོ་བྲག་ཁོམ་འཐིང་ཞེས་པར་ཟབ་གཏེར་དུ་བཞེས་ཤིང་། བླ་མ་ཇོ་ལྡེ་དང་དེས་བླ་མ་གནམ་ལྕགས་སོགས་ལ་བརྒྱུད་ནས་རིམ་གྱིས་དར་བ་ཞིག་གོ །དེ་ཡང་ཀློང་དཀར་པོ་ཚོགས་སུ་སྨྲ་བ་དང་། ཀློང་ཁྲ་པོ་ཁུག་པར་སྨྲ་བ། ཀློང་ནག་པོ་ཁ་འབྱམས་སུ་སྨྲ་བ། ཀློང་སྣ་ཚོགས་བརྗོད་མེད་དུ་སྨྲ་བའི་རྫོགས་པ་ཆེན་པོ་སྟེ་ཀློང་སྡེ་བཞིའི་དོན་གཏན་ལ་ཕབ་ནས། གཞི་སྐྱོན་མེད་ཐོག་མའི་གནས་ལུགས་བོན་ཉིད་ཐིག་ལེ་ཉག་གཅིག་གི་ཀློང་དུ། འཁོར་འདས་ཐམས་ཅད་ཡེ་ནས་བོན་སྐུར་རྫོགས་ལ། གཞི་ལས་གཞི་སྣང་གཡོ་ཚུལ་དང་། དེ་ལས་ཀུན་ཏུ་བཟང་པོའི་གྲོལ་ཚུལ། ཁམས་གསུམ་སེམས་ཅན་འཁྲུལ་ལུགས། འཁྲུལ་དུས་འོད་གསལ་གྱི་གནས་ཚུལ། འོད་གསལ་དེ་ཉམས་སུ་ལེན་ཐབས་བཅས་སྟོན་པར། ཐུན་མོང་གི་གདམས་པ་དྲང་དོན་གྱི་སྐོར་དང་། ཐུན་མིན་ངེས་དོན་སྐོར། དགོངས་བརྒྱུད་དྲུག་གི་ཀླད་དོན། ཉི་ཤུ་རྩ་བཞི་རྣམས་ཀྱི་མན་ངག དྲོད་རྟགས་ཉམས་ཀྱི་ལྡེ་མིག རྒྱལ་ཐེབས་དབང་ཁྲིད་སྐོར། རྩ་རླུང་གནད་གྱི་མན་ངག ལྟ་བའི་སྟོང་ཐུན། འོད་གསལ་ཞལ་ཤེས་ཡིག་ཆུང་། སྒྲོན་མ་ཆེ་ཆུང་། ལི་ཤུའི་སྐོར། དམར་བྱང་ཆེ་ཆུང་། བར་དོའི་ལག་ལེན། བསྐལ་བ་བཟང་མོའི་ལུང་བསྟན། ཅོ་ཟའི་ཉམས་མགུར་བཅས་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེང་བའི་མཐུན་རྐྱེན་ཟབ་གདམས་བསྐལ་བཟང་བྱེ་བའི་མགུལ་རྒྱན་ནོར་བུའི་དོ་ཤལ་རིན་ཐང་བྲལ་བ་སྟེ་མདོར་ན་གསུང་པོད་འདི་ནི་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་སྤྱི་དོན་གསལ་བར་སྟོན་པའི་བཀའ་བརྟེན་ཟབ་ཤེས་དེ་ཡིན་ནོ། ། དེབ་ཉེར་བཞི་བ། རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། ངོ་བོ་ཀ་དག་བློ་འདས་ཆེན་པོའི་གདང་རང་བཞིན་ལྷུན་གྲུབ་ཀྱི་རྩལ་སྣང་འགག་མེད་དུ་རང་ཤར་བས། སྤང་གཉེན་ལ་མ་ལྟོས་པར་རང་གྲོལ་དུ་འདོད་པའི་རྫོགས་པ་ཆེན་པོའི་མན་ངག་མཐར་ཐུག་གི་བཀའ་གཞུང་། ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གསུང་པོད་འདི་ནི། རྫོགས་ཆེན་མན་ངག་གི་སྡེ་ལ་ཁ་གཏད་དང་། ཁ་འཐོར་དང་། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་བསྩལ་བ་དང་གསུམ་ཡོད་པ་ལས། ཕྱི་མ་ཐིག་ལེ་རང་གནད་ལ་ཕབ་ཏེ་རྒྱུད་རང་གཞུང་གི་ཚུལ་དུ་བཀའ་བསྩལ་བའི་སྐོར་ཡིན་ཞིང་། དེ་ཡང་འཁོར་འདས་བཟང་ངན་མེད་པས་སྤང་བླང་ལས་འདས་པ་དང་། བོན་ཉིད་སྟོང་བ་ཉིད་ལ་ཉོན་མོངས་དང་མཚན་མས་གོས་པ་མེད་པས་རང་བཞིན་དག་མཉམ་ཆེན་པོར་ལ་བཟླ་བའི་གཞུང་། སྙན་རྒྱུད་རིན་པོ་ཆེ་གསང་བ་ཚིག་ཏུ་བསྟན་པ་ཕྱི་ལྟ་བ་སྤྱི་གཅོད་ལ། སྙན་རྒྱུད་སྔོན་འགྲོ། རིགས་དྲུག་རང་སྦྱོང་། མན་ངག་ལེའུ་བཅུ་གཉིས། བྱང་ཆུབ་སེམས་ཀྱི་གནད་བྱང་། རྒྱུད་བུ་ཆུང་བཅུ་གཉིས་ཀྱི་དོན། འཕྲུལ་འཁོར་ལྡེ་མིག དགོངས་བརྒྱུད་དགུའི་བཤད་བྱང་བཅས་དང་། ནང་མན་ངག་དམར་ཁྲིད་ལ། སྤྲོས་བྲལ་རིག་པའི་རྩལ་དབང་། སྒྲོན་མ་དྲུག མན་ངག་གསུམ། བྱང་ཆུབ་སེམས་གནད། འཁོར་ལོ་བཞི་སྦྲག་སོགས་དང་། གསང་བ་རིག་པ་གཅེར་མཐོང་ལ། འོད་གསལ་མན་ངག་ལེའུ་བརྒྱད། ཡང་གསང་གནས་ལུགས་ཕུགས་ཆོད་ལ། གཞི་ལམ་འབྲས་གསུམ་གྱི་གཟེར་བུ་ཉེར་གཅིག འོད་གསལ་སེམས་ཀྱི་མེ་ལོང་། རྟགས་ཚད་སྒྲོན་མ་ཆེ་ཆུང་། སྙན་རྒྱུད་ཡེ་དབང་ཆེན་མོ་བཅས་རྩིས་འགོ་རྣམ་པ་དུ་མས་གཞུང་དོན་ཞིབ་རྒྱས་སུ་ཁོག་དབུབ་ཡོད་པ་ནི་ཀུན་བཟང་ཐུགས་ཀྱི་སྙིང་ཐིག རྒྱལ་བ་གཤེན་རབ་མི་བོའི་མན་ངག རིག་འཛིན་འཕགས་པའི་དངོས་གྲུབ། སངས་རྒྱས་བཙན་ཐབས་སུ་སྒྲུབ་པའི་གསེར་གདམས་གཏེར་དུ་མ་སོང་བའི་བཀའ་གཤའ་མ་འདོད་འབྱུང་ཡིད་བཞིན་ནོར་བུ་དེ་ཡིན་ལ། མདོར་ན་བོན་ཟབ་པའི་ཁ་ཕོ་ཙམ་མིན་པར། ཞང་ཞུང་གི་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་དང་། བོད་ཀྱི་ཁྲི་བདུན་ནས་བཟུང་བཙན་པོ་ཁྲི་སྲོང་ལྡེ་བཙན་བར་རྫོགས་ཆེན་སྙན་རྒྱུད་ཀྱི་བསྟན་པའི་ཉི་འོད་ཞང་བོད་ཀུན་ཏུ་ཆེ་ཆེར་འཕྲོས་ཏེ། ལྷ་ཀླུ་མི་ཡི་གཤེན་གསུམ་དང་། ཞང་ཞུང་བ་ནམ་ཡབ་སྲས་གཉིས། རིག་འཛིན་བརྒྱུད་པ་དྲུག གྲུབ་ཐོབ་སྙན་རྒྱུད་དགུ། མཁས་པ་ལོ་པཎ་བཞི་བཅས་ལོ་རྒྱུས་སྟེང་། བོན་ཉིད་ཟད་སར་བསྐྱལ་ཏེ་ཕུང་པོ་འཇའ་ལུས་སུ་དེངས་པའི་འཕོ་ཆེན་གྲུབ་ཐོབ་ཉི་ཤུ་རྩ་བཞི་སོགས་བྱུང་བ་ནི་གྲུབ་མཐའ་ཀུན་ལ་ངོ་མཚར་ཆེ་བའི་གླེང་གཞིར་བཞག་ཡོད་དོ། ། དེབ་ཉེར་ལྔ་བ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། སྐྱོན་ཐམས་ཅད་ལས་ཡོངས་སུ་གྲོལ་ཞིང་། ཟབ་པ་དང་མཐར་ཐུག་པའི་ཐོག་ཏུ་ཕེབས་པ་རྫོགས་པ་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་གསུང་པོད་འདི་ནི། རྫོགས་ཆེན་སྡེ་གསུམ་གྱི་སྤྱི་རྒྱུད་དམ་པར་ཟག་མེད་ཐུགས་རྗེའི་ཆེན་པོའི་ཀློང་ལས་སྐུ་གསུམ་གྱི་བརྒྱུད་པ་ཆ་ཚང་ཡང་། གང་ཟག་ཐུན་མོང་གི་སྣང་ངོར། སྟོན་མཆོག་གཤེན་རབ་མི་བོས་ཁྱབ་པ་སྣང་ལྡན་ལ་སོགས་སྤྲུལ་བའི་ལྷ་བོན་དྲུག་ལ་བསྟན་ནས་ཡོངས་སུ་དར་བ་དང་། དེ་རྗེས་བདེ་བ་སྙིང་པོ་སོགས་རྒྱ་གར་གྱི་གཤེན་པོ་དགུས་འཕགས་ཡུལ་རྒྱ་གར་དུ་སྤེལ། དེ་ནས་སྟག་གཟིག་གི་གཤེན་གསུམ་དང་། བྲུ་ཤའི་གཤེན་ལྔ་སོགས་མདོར་ན་བརྒྱུད་པ་དེ་དག་གི་ཐུགས་བཅུད་ཡོངས་རྫོགས་བློ་ཡི་བུམ་པར་བསྐྱིལ་ཏེ་ཞང་བོད་དུ་སླར་ཡང་དར་ཞིང་རྒྱས་པར་མཛད་པ་པོ་ནི། མཐིང་གསལ་ནམ་མཁའི་མདོག་འཆང་བླ་ཆེན་པོ་དྲན་པ་ནམ་མཁའ་ཉིད་ཡིན་ནོ། །དེ་ཡང་བསྟན་འབྱུང་ལེགས་བཤད་མཛོད་ལས། མཚན་མ་ཚིག་གི་རྫོགས་ཆེན་ལ་ནི་སྡེ་གསུམ། ཀློང་ནི་དགུ། བམ་པོ་ནི་ཉི་ཁྲི་སུམ་སྟོང་། ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ་རྩ་དགུ། གེགས་སེལ་སྟོང་དང་བཞི་བཅུ་རྩ་དགུ། གནས་ཆེན་པོ་བརྒྱད་བརྒྱ་དང་སུམ་ཅུ་རྩ་གཉིས། ལེའུ་ཁྲི་ཕྲག་གསུམ་དང་སྟོང་ཕྲག་བདུན། མིང་ཐོགས་ཀྱི་རྒྱུད་ཁྲི་ཕྲག་ཕྱེད་དང་ཉིས་སྟོང་། བརྗོད་བྱ་དཔག་གིས་མི་དཔོག་པ་ནམ་མཁའ་འདྲ་བ་ཞིག་བཀའ་བསྩལ་པ་ནི་དབང་པོ་རབ་ལ་དགོངས་ཏེ་བཀའ་བསྩལ་པའོ། །ཞེས་གསུངས་པའི་ནང་ཚན། སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་འདི་ལོ་རྒྱུས་སྟེང་རྒྱ་གར་བོན་སྐོར་ཞེས་གྲགས་ཤིང་། རྒྱུད་ཀྱི་སྐོར་ལ་ལ་བཟླའི་བམ་པོ་དང་། གཞན་ལོ་རྒྱུས་ཆེན་མོ་བསྐོས་ཀྱི་མཆོང་སོགས་མཆོང་ལུང་ཉི་ཤུ་རྩ་ལྔ། རྒྱ་གར་གྲུབ་ཆེན་བཅོ་ལྔའི་ཞལ་གདམས། སྐབས་གྲངས་གསལ་བྱེད་སྐོར་ཚོམས། དོན་གྱི་གདམས་སྐོར། མན་ངག་རིན་པོ་ཆེ་ཐུན་མོང་གི་བོན་བདུན་བཅས་ཚིག་བརྗིད་ཆེ་ལ། བརྗོད་བྱ་རྒྱ་མཚོའི་གཏིང་ལྟར་ཟབ་པའི་རྫོགས་པ་ཆེན་པོའི་དཔེའུ་ཙེ་རྒྱུད་ལུང་མན་ངག་སྟོང་གི་སྤྱི་ཕུད་ཁོ་ནར་ཡོད་པ་མ་ཟད་བོན་སྐོར་འདིའི་བཀའ་བརྟེན་ལ། དྲང་དོན་མུན་སེལ་སྒྲོན་མ་དང་། ངེས་དོན་ནམ་མཁའ་འཕྲུལ་མཛོད་སོགས་ཐར་འདོད་སྐྱེ་བོའི་དགའ་སྟོན་དུ་མ་ཉམས་པར་བཞུགས་ཡོད།
|