མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༤༽


2017-9-12 12:24:52 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 1505189749576539.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་བོད་དུ་བསྟན་པ་ཡང་དར་དབུ་བརྙེས་པ་དང་འབྲེལ་བའི་བོན་བསྟན་འཕེལ་རྒྱས་ལོ་རྒྱུས་ཀྱི་གནས་བབ་གསར་བའི་འོག་དགེ་ཕན་དང་དགོས་དབང་ཤིན་ཏུ་ཆེ་སྟབས་བཙུགས་གནང་མཛད་པ་ཞིག་ཡིན་ཞིང་། ང་ཚོས་དངོས་ཡོད་གནས་ཚུལ་ལ་བརྩི་འཇོག་དང་འདས་ཟིན་པའི་ཀྱག་ཀྱོག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོར་ཕྱིར་མིག་གིས་བལྟས་ཚེ། ང་བརྒྱད་ལོའི་དུས་འགྱུར་དང་ལོ་ངོ་བཅུའི་རིང་གི་རིག་གསར་གྱི་གོད་ཆག་ཡ་ང་བ་དེ་ཉིད་གཞི་ནས་མཇུག་རྫོགས་པ་དང་བསྟུན། རིག་གསར་གྱི་རྡུང་བརྡེག་འོག་ཚར་མ་ཆོད་པའི་བོན་གྱི་བླ་སྤྲུལ་རྒན་རབས་པ་ཁ་ཤས་འཚོ་ཐབས་བྱུང་བ་རྣམས་ཀྱིས། རང་རང་གི་བཞུགས་ཡུལ་དང་འབྲེལ་བའི་ས་གནས་ཁག་ཏུ་སྐུ་ངལ་ལ་མ་སྐྲག་པར་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་ངལ་བ་སྣ་ཚོགས་ཁྱད་དུ་བསད་པའི་སྒོ་ནས་བསྟན་པའི་གནས་གཞི་དགོན་སྡེ་གང་མང་བསྐྱར་གསོ་བྱེད་པ་དང་། སློབ་ཚོགས་བསྡུས་ཏེ་བོན་ཕྱི་ནང་གསང་གསུམ་གྱི་སྡོམ་རྒྱུན་ལེགས་པར་སྤེལ་ཞིང་དབང་དང་ལུང་ཁྲིད་ཀྱི་བཀའ་ཆར་ཟབ་མོས་སྐལ་ལྡན་བུ་ཡི་བློ་ལ་ཐར་བའི་འབྲུ་དྲུག་གང་འདོད་དུ་སྨིན་པར་མཛད་པས་མ་ཚད། རྒྱལ་བའི་གསུང་རབ་ལྷག་ལུས་བྱུང་བ་རྣམས་ཐུགས་སྟོབས་ཆེན་པོས་ཕྱོགས་གཅིག་ཏུ་བསྡུ་གཉེར་དང་འབྲེལ་བཤད་སྒྲུབ་སྒོམ་གསུམ་གྱི་ལས་ལ་འཇུག་པའི་འཆད་ཉན་གྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་པའི་དུས་སྟོན་ཤར་བ་སྟེ། བསྟན་པ་ཡང་དར་གྱི་ལོ་རྒྱུས་གསར་བའི་གནས་བབ་འོགཁ་བ་གངས་ཅན་པའི་ལྗོངས་ལ་རྒྱལ་བསྟན་རྨང་ནས་གསོ་བར་ཕན་རླབས་དང་མཛད་རྗེས་ཤིན་ཏུ་ཆེ་བའི་གཙང་བཀྲ་ཤིས་སྨན་རིའི་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་དང་། རུ་ལག་གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས། དགེ་སློང་ཤེས་རབ་བསྟན་འཛིན། མངའ་རིས་དགེ་སློང་བསྟན་འཛིན་དབང་གྲགས། ཧོར་སྤྱི་ཁྱབ་རྒྱལ་བོའི་གདུང་འཛིན་གཡུང་དྲུང་རྒྱལ་བ། རྩེ་དྲུག་གར་དབང་རྣམ་རྒྱལ། སྐྱབས་རྗེ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས། རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ། ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས། ཁྲ་རྒན་མཁན་པོ་བསྐལ་བཟང་གཡུང་དྲུང་། རྟོགས་ལྡན་ལྷ་འདུས་རིན་པོ་ཆེ། མེ་སྟོན་གནམ་ལྷ་རིན་པོ་ཆེ། ལུང་དཀར་དགེ་བཤེས་ཚུལ་ཁྲིམས་རྣམ་དགརྟོགས་ལྡན་ཡོངས་འཛིན་བཟོད་པ་རྒྱལ་མཚན། དགོན་གོང་མའི་བྱ་འཕུར་བསྟན་འཛིན་རྒྱལ་མཚན། ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། ཨ་གཡུང་རིན་པོ་ཆེ་གཤེན་བསྟན་མཐའ་རྒྱས། དགའ་མལ་དགོན་ཆེན་གྱི་དཔོན་སློབ་མཁས་དབང་སྐལ་བཟང་དར་རྒྱས། དོར་ཞིའི་སྣང་བླ་བསྟན་འཛིན་དབང་རྒྱལ། བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་སོགས་འདས་ཟིན་པའི་ཉེ་རབས་བོད་རིགས་ཀྱི་སྐད་གྲགས་ལྡན་པའི་བླ་སྤྲུལ་རྒན་གྲས་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་རྟ་གཅིག་གི་འགྲོས་དང་། མི་གཅིག་གི་སེམས་ལྟ་བུར་བྱོན་ནས་མ་འོངས་པར་བསྟན་པ་ཅི་ལྟར་འཛིན་དགོས་པའི་ལས་དོན་རྣམས་ཕྱི་རབས་པའི་མི་ཐོག་ལ་རྩིས་སྤྲོད་བྱས་པའི་འབྲས་བུ་ལས་རང་ས་བོད་ཀྱི་ཡུལ་དུ་དུས་རབས་ལ་ཁ་ཕྱོགས་ཤིང་། ཞང་བོད་ཤེས་རིག་གི་ལུགས་གཉིས་གསེར་གྱི་འཁོར་ལོ་རྒྱལ་བསྟན་འཛིན་མའི་ཁྱོན་ལ་ཅི་དགར་བསྒྱུར་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོ་འདི་འདྲ་ཞིག་འཛུགས་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པ་ཡིན་སྟབས། ང་ཚོས་ཀྱང་བསྟན་དོན་ལ་ཕྱག་རྗེས་བླ་མེད་འཇོག་མཁན་གྱི་བླ་མ་རྒན་རབས་པ་ཁོང་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་པའི་ཁར། ཁོང་རྣམ་པའི་ཕྱག་རྒྱུན་གྱི་རྗེས་བཞག་འབད་པས་སྐྱོང་ཞིང་བོད་རང་སའི་རིག་གཞུང་ལ་ཅི་ལྕོགས་ཀྱི་སྒོ་ནས་ཞབས་འདེགས་ཞུ་བའམ་བདག་པོ་རྒྱག་ཐུབ་པ་ཞིག་ངེས་པར་བྱེད་དགོས་པ་བཅས་ནི། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་མཐར་འཕེལ་བའི་རྒྱབ་ལྗོངས་འགངས་ཆེན་ཞིག་ལ་ངོས་འཛིན་གནང་རྒྱུར་ཆགས་ཡོད་པ་དེ་ཡིན།