མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་མི་སྣ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་མི་སྣ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༥༽


2017-9-14 16:05:34 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 1505189749576539.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་མི་སྣ་དངོས་ཀྱི་ཆ་ནས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བདུན་པའི་བོན་གྱི་བླ་སྤྲུལ་རྣམ་པ་གཙོར་བྱས་ཐོགདོན་འདི་ལ་སྐྱེས་སྟོབས་ཀྱི་དཔལ་འབར་བ་མང་པོ་ཞིག་གིས་རེ་བ་ཤུགས་ཆེན་བརྒྱབ་ཅིང་། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་སུ་རླབས་ཀྱིས་སྤར་བའི་ངེས་དོན་བསྟན་པའི་བདག་ཉིད་བོན་འབངས་ཡོངས་ཀྱི་གཙུག་རྒྱན༧སྐྱབས་རྗེ༧རྒྱལ་བ་སྨན་རི་བ་ཆེན་པོའི་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་དུས་སུ་སྨིན་པའི་ལོ་རྒྱུས་ཀྱི་བྱུང་རབས་ཁྲོད། བསྟན་དོན་འཕེལ་རྒྱས་བྱ་བཞག་ལ་བོན་སྤྱོད་པ་རང་སྟེང་ནས་དགོས་ངེས་ཀྱི་ནུས་པ་འདོན་རྒྱུའི་འགན་འཁྲི་དེ། མི་ཚེ་འདི་ཡི་རིན་ཐང་དང་དད་འདུན་གྱི་དྭངས་མར་མིག་གི་འབྲས་བུ་བཞིན་སྲུང་ཞིང་། བོད་ཀྱི་ཤེས་རིག་སྤྱི་ལ་ཐུགས་སྣང་རབ་ཏུ་དཀར་བའི་གཡུང་དྲུང་བོན་གྱི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་སྔགས་འཆང་ཇོ་བཙུན་སེར་སྐྱ་དུ་མ་སྟེ། མདོར་ན་ཕྱོགས་དང་རིས་སུ་མ་ཆད་པའི་སྟོན་འཁོར་འདུས་པ་རྣམ་བཞིས་སོ་སོའི་ཁྱད་འཕགས་སྟོབས་ཤུགས་ཅི་ཡོད་འདོན་སྤེལ་གང་ལེགས་སུ་བྱས་པའི་གྲུབ་འབྲས་ལ་སྨིན་ཐོན་བྱུང་བའི་ཉེར་ལེན་འོགམདོ་དབུས་ཁམས་གསུམ་གྱི་བོན་འབངས་ཡོད་དོ་ཅོག་གིས་མཛའ་འབྲེལ་གསེར་གྱི་ཨ་ལོང་སྟོབས་ཤུགས་དགུ་སྒྲིལ་ལྕགས་ཐག་གི་ཡང་ལོང་ལ་དམ་ཚིག་འཆོར་མེད་དུ་བརྒྱུས་ཏེ་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན། ས་མོ་གླང་སྟེ་སྤྱི་ལོ༢༠༠༩ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོ་དངོས་སུ་དབུ་བརྙེས་པའི་མཛད་སྒོ་ཨ་མདོ་རྔ་བ་སྣང་ཞིག་དགོན་ཆེན་དུ་གཟབ་རྒྱས་དང་ཕུན་སུམ་ཚོགས་པའི་ངང་སྤེལ་ཏེ་བཙུགས་གནང་མཛད་པ་ཞིག་ཡིན། དེ་འདྲའི་ལས་གཞི་འདི་ནི་བོད་རང་གི་མེས་པོའི་ཤུལ་བཞག་ཆོས་རིག་ལོ་རྒྱུས་རྩ་ཆེན་ཏེ་ཞང་ཞུང་ཤེས་རིག་ལ་རྩིས་མཐོང་དང་དགའ་མཁན་རྣམས་ལ་མཚོན་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་ཡིན་པ་མ་ཟད། གཡུང་དྲུང་བོན་གྱི་ཤེས་རིག་གི་འཕྲིན་ལས་འཕེལ་བའི་ལོ་རྒྱུས་ཁྲོད་ཀྱི་མཛད་བཟང་གི་གྲུབ་འབྲས་མཚོན་པའི་རྟགས་མཚན་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་ལ། འདི་ལྟར་སྒྲུབ་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཤེས་རིག་སྤྱི་དང་ལྷག་དོན་ཞང་ཞུང་ཤེས་རིག་གི་སྲོལ་རྒྱུན་དེའི་རིན་ཐང་གི་གཟི་མདངས་ཡར་ངོའི་ཟླ་ལྟར་འཕེལ་བའི་མཐུན་རྐྱེན་འགངས་ཆེན་ཞིག་ཏུ་ཚང་མས་དོ་སྣང་དང་བསམ་གཞིག་བྱེད་དགོས་པའི་གནས་སུ་ལྷག་ཡོད།
    དེ་ཡང་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོ། སི་ཁྲོན་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ལན་གྲུ་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གསོའི་ཕྱག་ལས་གནང་བཞིན་པའི་བོད་ཀྱི་རིགས་གཅིག་མཁས་ཆེན་དང་རིག་གནས་པ་ཁག་གཅིག་གིས་བོད་ཀྱི་རིག་གཞུང་དར་སྤེལ་དང་འབྲེལ་བའི་ལས་གཞི་འདི་ལ་མཛུབ་སྟོན་དགོངས་འཆར་ལྷུག་སྩོལ་གནང་བ་དང་། ཟབ་བཞེས་བླ་ན་མེད་པའི་མཐོང་ཆེན་གྱི་ཤིས་ཚིག་མེ་ཏོག་ལྷའི་ཆར་གྱི་རྣམ་པར་བསྙིལ་བས་མཚོན། སྤྱི་ཚོགས་ཐོག་གི་ལས་རིགས་སོ་སོའི་གྲོགས་པོ་གང་མང་ཞིག་གིས་ཀྱང་དོན་དེ་ལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་རྒྱབ་སྐྱོར་ཚད་མེད་གནང་རྒྱུའི་ཆོད་སེམས་ཡང་དག་བསྟན་པ་བཅས། མདོར་ན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་དེས་གངས་ཅན་བོད་པ་ཚང་གི་ས་སྐྱེས་རྡོ་སྐྱེས་ཡིན་པའི་ཁྱིམ་རྒྱུད་ཆེན་མོའི་ཆོས་ལུགས་རིག་གཞུང་ཡིད་བཞིན་གྱི་ནོར་བུ་སྟེ། ཞང་བོད་བོན་གྱི་ཤེས་རིག་གི་མཐའ་དང་དབུས་མེད་པའི་བསམ་བློའི་སྙིང་སྟོབས་ཀྱི་རིན་ཐང་ལྷ་དར་རིང་མོ་འཛམ་གླིང་ལ་རྐྱོང་བའི་མཛད་བཟང་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོ་དལ་གྱིས་ཕྱེས་ཤིང་། དེ་ལ་བརྟེན་ནས་ཞང་ཞུང་རིག་གནས་དང་འཛམ་གླིང་གི་བར་ཐག་ཇེ་ཉེ་རུ་འགྲོ་བའི་རིག་གཞུང་ཞིབ་འཇུག་གི་དུས་སྐབས་གསར་བ་ཞིག་འཆར་རྒྱུར་བསུ་བ་བྱེད་དགོས་པ་དེ་རེད།
   དེ་ལྟར་ཞང་བོད་ཤེས་རིག་ཞིབ་འཇུག་གི་གནས་བབ་མཐོ་རུ་འདེགས་ཤིང་གཤེན་བསྟན་འོད་སྣང་གི་གཟི་བྱིན་མཁའ་རུ་འདྲེན་པའི་ལོ་རྒྱུས་ཀྱི་གོམ་སྟབས་གསར་བ་ཞིག་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོ་འཛུགས་སྐུལ་ལ་ཐུན་མོང་དུ་འབད་བརྩོན་དང་སྐུ་ངལ་ཚད་མེད་གནང་མཁན་གྱི་མི་སྣ་གཙོ་བོའི་ཆ་ནས་དམུ་རིགས་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དབུས་པའི་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་དང་། གཡུང་གླིང་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། རྟོགས་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། རྒྱལ་ཚབ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། སྐྱབས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར། སོག་སྡེ་གྲུབ་དབང་བསྟན་པའི་ཉི་མ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། མཁན་པོ་རིག་འཛིན་དབང་རྒྱལ། ཐར་བདེ་ཚེ་དབང་འཇིགས་མེད། རྩེ་དྲུག་བསྟན་འཛིན་འོད་ཟེར། ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་པོ་རྒྱ་མཚོ་ནོར་བུ། ཁྱུང་མོ་སྟོབས་ལྡན་དབང་ཕྱུག མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། བོན་མཁར་སྐལ་བཟང་རིན་ཆེན། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། རག་ཞིག་ཀུན་གསལ་སྙིང་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། སེང་སྤྲུལ་རིག་འཛིན་ཉི་མ། མང་སྤྲུལ་བསོད་ནམས་གཡུང་དྲུང་། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་ཚེ་རིང་ནོར་བུ། རྟོགས་ལྡན་བསྐལ་ཁོ། དགེ་བཤེས་གདོང་བཙུན་རྒྱ་ཐར་སོགས་མཚན་སྙན་དང་སྐྱེས་ཕྲེང་གཟི་བརྗིད་ཀྱིས་མངོན་པར་ཕྱུག་ལ་ཤེས་རབ་ཀྱི་མཁྱེན་རྒྱ་མཁའ་ལྟར་ཡངས་པ་རྣམས་གཙོར་བྱས། དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་དུ་མ་ནས་དོན་ཆེན་འདིར་རྟིང་སྐུལ་དང་འབད་བརྩོན་བྱས་ཏེ་རྒྱབ་སྐྱོར་བླ་མེད་གནང་བའི་སྐྱེས་བུ་དམ་པ་ལོ་རྒྱུས་ཀྱི་གཏན་ནས་བརྗེད་མི་སྲིད་པ་མང་དུ་བཞུགས་མོད་ཀྱི། དེ་དག་གི་མཚན་རེ་རེ་བཞིན་ཡིག་ཚོགས་སྤུངས་པར་འཇིགས་ནས་འདིར་མ་བྲིས་སོ། །