མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཁ་ཕྱོགས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཁ་ཕྱོགས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༦༽


2017-9-14 16:13:50 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

  1505189749576539.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཁ་ཕྱོགས་སམ་བྱེད་སྒོའི་ཁྱབ་ཁོངས་ནི། འཛམ་གླིང་རིག་གནས་ཀྱི་འབྲེལ་བ་མཐུད་ས་དང་། མདོ་དབུས་མཐོ་སྒང་གི་ཁྱིམ་རྒྱུད་ནོར་བུ་རྩ་ཆེན་ཡིན་པའི་གཡུང་དྲུང་བོན་དང་དེ་འབྲེལ་ཞང་ཞུང་རིག་གནས་འཛམ་གླིང་ལ་སྔར་བས་གསལ་བསྒྲགས་བྱེད་པ་བརྒྱུད། དེ་ལ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཟབ་ཞུགས་ནན་ཏན་དུ་བྱེད་པའི་ཞིབ་འཇུག་གི་མཐོ་རླབས་གསར་བ་དྲག་ཏུ་འཕྱུར་ཞིང་། རིག་གཞུང་གི་ལྟ་བ་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་བར་རྐང་པ་རིག་གཞུང་རྟོག་ཞིབ་ཀྱི་ཡུལ་དངོས་ལ་བཙུགས་ཏེ། ཞང་ཞུང་རིག་གནས་ལ་དོན་དངོས་དང་མཐུན་ཚབ་ཆེ་ཤོས་ཀྱི་སྡོམ་ཚིག་གསར་བ་བསྐྱར་དུ་འགོད་པར་སྐུལ་འདེད་གཏོང་བ་དང་། དོན་གནད་འགའ་ཞིག་གི་ཐད་དོན་གནད་ལྷུག་པོར་དྲངས་ནས་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བའི་གསལ་ཁའང་འདོན་རྒྱུ་ཡིན་པས་མ་ཚད། བརྗོད་བྱ་ཟབ་ཅིང་བསླད་མེད་ཁུངས་བཙན་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་བྱམས་སེམས་སྙིང་རྗེ་ཆེན་པོས་འགྲོ་ཀུན་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགོད་པར་མཐའ་གཅིག་ཏུ་བརྩོན་ཞིང་། བོན་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་ཕྱིར་ཡུལ་དང་ཡུལ་ཅན་སེམས་དང་སེམས་བྱུང་བར་གྱི་འབྲེལ་བ་དང་དེ་དག་གི་ལེགས་ཉེས་བླང་དོར་གྱི་གནད་རྣམས་ཇི་བཞིན་སྟོན་པར་དབང་བའི་བྱེད་ལས་ཅན་གྱི་སེམས་བྱུང་ངམ་རིག་པ་སྟེ་ཤེས་རབ་བླ་མེད་ཀྱི་གཏེར་མཛོད་དང་། དཀྱེལ་ཡངས་མཉམ་གནས་ཀྱི་ཐུགས་སྟོབས། ལེགས་སྤེལ་ཉེས་འགོག་གི་རྣམ་དཔྱོད། ཞི་བདེ་འཆམ་མཐུན་ཀྱི་ལྟ་བ་བཅས་སྲོག་ཤིང་དུ་འཛིན་པའི་ཞང་བོད་རང་སའི་བོན་དང་རིག་གཞུང་གི་བསམ་བློའི་སྙིང་སྟོབས་ཀྱི་རིན་ཐང་དང་། དེའི་ངོ་བོ་སྔོག་འདོན་འཚོལ་ཞིབ་དང་ལག་ལེན་དར་སྤེལ་ཐད་ལ་བྱེད་ཐབས་གང་ལྕོགས་འདོན་རྒྱུ་ཡིན།
   དེ་ཡང་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཅུང་ཟད་གསལ་དུ་བཏང་བ་ཡིན་ན། མིའི་རིགས་ཀྱི་བློ་རིག་དང་འབྲེལ་ཞིང་མིའི་རིགས་ལ་དཔལ་ཡོན་གཉིས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པའི་མདོ་དབུས་མཐོ་སྒང་གི་བླ་སྲོག་ལྟ་བུའི་རིག་གཞུང་གི་ཉིང་བཅུད་དེ། ཞང་ཞུང་ཤེས་རིག་ནི་འཛམ་གླིང་ཤེས་རིག་བང་མཛོད་ཁྲོད་མེད་དུ་མི་རུང་བའི་མུ་ཏིག་གི་ཚོམ་བུ་ཞིག་ཏུ་གྱུར་ཐོགདེ་འདྲའི་ཟབ་ཅིང་བརླིང་པའི་ཞང་ཞུང་ཤེས་རིག་ལ་དུས་རབས་ཀྱི་དགོས་མཁོ་ལྟར་འགྲོ་བ་མིའི་བདེ་དོན་དང་གཞན་གྱི་འཚོ་བར་ཕན་ཐོགས་པའི་ནུས་པ་སྟེ། དེང་རབས་ཀྱི་མིའི་རིགས་ལ་འཕྲད་བཞིན་པའི་རྙོག་གྲ་དང་སེམས་ནང་གི་དཀའ་ངལ་རྣམས་མེད་པའམ། ཆུང་དུ་བཟོ་ཐབས་ཐད་ལ་བློ་སྒོ་གལ་ཆེན་འབྱེད་ཐུབ་པའི་རིག་གནས་ཀྱི་རིན་ཐང་གང་ཡོད་སྐོར་སྔོག་འདོན་དང་བེད་སྤྱད་ལེགས་པོ་བྱས་ཏེ་ཞང་བོད་བོན་གྱི་རིག་གཞུང་དེས་རང་ས་བོད་ཀྱི་ཡུལ་ཙམ་དུ་མ་ཟད། རྒྱལ་ནང་གི་སྤུན་ཟླ་མི་རིགས་ཁག་དང་རྒྱལ་ཕྱིའི་གྲོགས་པོ་བོད་རིག་པ་ལ་དགའ་མོས་ཡོད་པ་རྣམས་ཀྱིས་ཐོག་དྲངས། འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་དང་འབྲེལ་བའི་རིག་གནས་ཀྱི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བརྒྱུད་རང་རང་གི་མི་ཚེ་བདེ་བོ་དང་སྐྱིད་པོ། ཁོང་ཡངས་འགྲོགས་བདེ་སོགས་ཡ་རབས་ཀྱི་གཤིས་སྤྱོད་ལྡན་ཞིང་འདོད་པ་ཁེངས་པོའི་ངང་ཇི་ལྟར་བསྐྱལ་ལུགས་ཀྱི་རྣམ་དཔྱོད་དང་བརྩེ་སེམས་འཕེལ་བར་བྱེད་ཅིང་། དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་དང་སྟེང་གི་བཀོད་པ་ལས་ཆགས་པའི་ང་ཚོའི་སྤྱི་ཚོགས་ཡར་རྒྱས་ལ་བློ་བསྐྱེད་ཞབས་འདེགས་དང་ཞི་བདེ་ལ་སྔར་བས་ལེགས་སྐྱེས་ཆེ་བ་འབུལ་རྒྱུའི་དམིགས་འདུན་དཀྱིལ་ཐིག་ཏུ་བཟུང་ཡོད་པ་དེ་ཡིན།

   དེ་དང་ཆབས་ཅིག་མེ་ཏོག་གི་ལྷ་སྐལ་གཡུང་དྲུང་བོན་ལ་ཕོག་པའི་བོན་གྱི་དགོན་སྡེ་སོ་སོའི་མཛའ་བརྩེ་བརྟན་བརླིང་གི་ཐུགས་དགོངས་འོ་ཆུ་གཅིག་འདྲེས་སུ་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་དེ་ཚོགས་པ་འདིས་གདམ་གསེས་བྱས་པའི་འགན་འཁྲི་གཟི་བརྗིད་ལྡན་པར་འཆོར་མེད་དུ་འཛིན་ཞིང་། དགོན་སྡེ་ཁག་གི་བསྟན་པའི་རྩ་བ་འཆད་ཉན་བཤད་སྒྲུབ་ཀྱི་སྲོལ་བཟང་ཡུན་གནས་དར་སྤེལ་ཡོང་བར་ཕན་ཚུན་གཡས་གཞིག་གཡོན་འདེགས་དང་རྒྱབ་སྐྱོར་རྟིང་སྐུལ་གྱི་ལམ་ནས་ཕྱི་ནང་གི་མཐུན་རྐྱེན་ཅི་ནུས་བསྐྲུན་ཨེ་ཐུབ་ལ་སྐབས་བསྟུན་རོགས་འདེགས་གང་ནུས་གནང་ཐབས་འཚོལ་རྒྱུ། མ་ཟད་དགོན་སྡེ་ཕན་ཚུན་གྱི་བར་ལ་དམ་གཙང་མཉམ་འབྲེལ་གྱི་ཐབས་ཤེས་སྔར་ལས་ཇེ་ཟབ་ཏུ་ཡོང་བ་བརྒྱུད་ནས་བོན་པོ་ཚང་མ་གཅིག་ལ་གཅིག་བརྟེན་དུ་ཆགས་དགོས་པའི་བསམ་བློའི་སྟོབས་ཤུགས་གོང་མཐོར་གཏོང་ཞིང་སྤྱི་ཚོགས་སྟེང་བོན་གྱི་གནས་བབ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཏུ་བསྐྱོད་ཐུབ་པའི་སྐུལ་འདེད་བྱེད་རྒྱུ། དེ་མཚུངས་སྐྱེ་བཞི་རྒྱུད་ལྔས་བསྡུས་པའི་འགྲོ་བ་ཡོད་དོ་ཅོག་གི་ཐར་བའི་དགེ་རྩ་དང་ནད་མུག་མཚོན་འཁྲུག་གི་བསྐལ་ངན་མཐའ་དག་ཞི་ཞིང་འཛམ་གླིང་ཡོངས་ལ་བདེ་སྐྱིད་བླ་མེད་འབྱུང་བར་གཡུང་དྲུང་བོན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོའི་མཛད་སྒོ་དམིགས་བསལ་ཅན་སྤེལ་རྒྱུའི་འཆར་གཞི་འདིང་བ་དང་། མ་ཚད་སྤྱིར་བསྟན་པའི་ཆེ་བ་དང་མཛེས་རྒྱན་སྒོས་སུ་བོད་ཀྱི་སློབ་གསོ་གོང་འཕེལ། ལྷག་དོན་དགོན་སྡེ་ཕན་ཚུན་གྱི་འཆད་ཉན་དར་སྤེལ་ལ་ཕན་པ་དང་ཚོ་ཤོག་ཕན་ཚུན་གྱི་མཐུན་ལམ་གཅིག་སྒྲིལ་ལ་ཕན་པ། བླ་མ་ཕན་ཚུན་གྱི་བསྟན་དོན་བྱ་བཞག་ལ་ཕན་པ། བོད་མི་ཕན་ཚུན་གྱི་གོ་རྟོགས་མཐོར་འདེགས་ལ་ཕན་པ། ཆོས་བརྒྱུད་ཕན་ཚུན་གྱི་ལྟ་གྲུབ་རྒྱུས་ལོན་ལ་ཕན་པའི་ནུས་པ་སྔར་ལས་བཟང་དུ་འགྲོ་ཞིང་། བོན་གྱི་སློབ་གཉེར་བ་རྣམས་ལ་སློབ་སྦྱོང་གི་གོ་རིམ་ཁྲོད་ཚིག་དོན་དང་གཞལ་བྱའི་གནས་གསུམ་སོགས་ཀྱི་དཀའ་གནད་སྐོར་ལ་བྱུང་བའི་དྭོགས་གཞི་རྣམས་ཕན་ཚུན་རྩོད་པའི་ལམ་ནས་བསམ་ཚུལ་བརྗེ་རེས་བྱེད་པ་སྟེ། རིག་ལམ་མཐའ་དཔྱོད་ཀྱི་ཉམས་མྱོང་སྤེལ་རེས་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སེམས་སྟོབས་ཆེ་ཆེར་འཕེལ་ཕྱིར་གཡས་རུའི་འཆད་རྩོད་ཆེན་མོའི་རྒྱུན་ལེགས་པར་སྐྱོང་བར་སྒོ་དུ་མ་ནས་ཐབས་ཤེས་གང་ཡོད་འདོན་པ་དང་། གཞུང་ལུགས་ཀྱི་དཔེ་ཆའི་ནང་གསལ་བའི་དོན་དག་ཁག་གི་བརྗོད་དོན་ངོ་མ་ཇི་ལྟར་ཡིན་པ་འཚོལ་ཐབས་ལ་མིའི་བློ་སྒོ་འབྱེད་པར་སོ་སོའི་ལྟ་བ་གང་ཡོད་ལྷུག་པོར་བཤད་ཅིང་། རང་གི་ལྟ་ཚུལ་དེ་རིགས་དོན་གྱི་གནས་ལུགས་ངོ་མ་འཇལ་བའི་ཚད་ཤིང་ལྟ་བུར་བཟུང་ཆོག་མིན་ལ་དྭོགས་སློང་འདྲི་རྩད་ལན་འདེབས་པ་སོགས་ཚུད་ཅིང་བསམ་ཚུལ་བརྗེ་རེས་དང་རིག་གཞུང་དཔྱད་ཞིབ་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པའི་བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཆེན་མོའང་དུས་བཅད་ལྟར་བསྡུ་ཐུབ་པ་བྱེད་རྒྱུ། བོད་སྟོད་སྨད་བར་གསུམ་དུ་གནས་པའི་བོན་གྱི་དགོན་སྡེ་རྣམ་པས་སྔར་ལས་ལྷག་པར་ཕན་ཚུན་མཐུན་ལམ་དང་མཐུ་དཔུང་གི་རྡོག་རྩ་གཅིག་སྒྲིལ་ཡོང་བར་བྱས་ཏེ་བོད་སྤྱིའི་མཐུན་སྒྲིལ་ལ་ཕན་ཆེད་གྲུབ་མཐའི་ཕྱོགས་རིས་སེལ་བར་སྟོབས་ཤུགས་འདོན་རྒྱུ་དང་། བན་བོན་ཐམས་ཅད་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་གཙོ་བོ་ཡིན་པའི་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོའི་ཐོག་ནས་བོད་ཀྱི་གྲུབ་མཐའ་གཞན་དག་དང་མི་སྣ་མི་འདྲ་བའི་བར་ལྟ་སྤྱོད་བརྗེ་རེས་བྱེད་པའི་རིག་གཞུང་དཔྱད་གླེང་གི་གོ་བསྡུར་གཏིང་ཟབ་སྤེལ་བའི་སྒོ་ནས་ཕན་ཚུན་གཅིག་གིས་གཅིག་ལ་ཉམས་མྱོང་དང་ལྟ་གྲུབ་ཀྱི་ཐོག་ནས་རྒྱུས་ལོན་ཡོང་བ་བྱེད་ཅིང་། ཆོས་ལུགས་གྲུབ་མཐའ་ཚང་མའི་ཐོབ་ཐང་འདྲ་མཉམ་ཡིན་པའི་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་རྩ་བའི་དགོངས་དོན་ལྟར་བོན་གྱི་བསྟན་པའི་གནས་བབ་དེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་དག་དང་འདྲ་མཉམ་ཡོང་བ་མངོན་འགྱུར་བྱེད་ལ། བོད་རིག་པའི་ལས་དོན་བར་གྱི་མཐུན་སྒྲིལ་མཉམ་སྒྲུབ་ལ་གོམ་གང་མདུན་སྤོས་ཀྱིས་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པར་བོད་ཀྱི་སློབ་གསོའི་ལས་རིགས་ཁག་གི་མཁས་པ་རྣམས་དང་འབྲེལ་འདྲིས་དམ་དུ་བྱེད་ཅིང་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་སྤེལ་རེས་བྱེད་པའི་རིག་གཞུང་དཔྱད་གླེང་གི་ཚོགས་འདུ་རེ་གཉིས་བསྡུ་ཐུབ་པའི་ལས་ལ་བརྩོན་པ་གནང་རྒྱུ། སྤྱི་ཚོགས་སྟེང་གི་བོན་པོར་ཞིབ་འཇུག་གནང་མཁན་གྱི་སྐད་གཉིས་སྨྲ་བའི་མཁས་པ་རྣམས་ལ་རིག་ལམ་དཔྱད་ཐབས་ཀྱི་བསམ་བློ་བརྗེ་རེས་བྱེད་པ་དང་འབྲེལ་བོན་གྱི་ཐ་སྙད་གལ་ཆེན་ཁག་རྒྱ་ཡིག་གི་ལམ་ནས་གཅིག་གྱུར་ཡོང་བར་འབད་ཅིང་། རྒྱ་རིགས་གཙོས་པའི་མི་རིགས་གཞན་དག་གི་སེམས་རྒྱུད་ལ་ཞང་བོད་ཤེས་རིག་ཞིབ་འཇུག་གི་སྡིངས་ཆ་གསར་བ་འཇགས་པར་དོ་སྣང་གང་གཟབ་བྱེད་རྒྱུ། མི་རིགས་ཤིག་ལ་མཚོན་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ལག་ལེན་ནི་བྱ་བ་ཡོངས་ཀྱི་རྨང་གཞིའི་ལས་ཀ་གལ་ཆེན་ཉག་གཅིག་དེ་ཡིན་སྟབས། མང་ཚོགས་ཀྱི་སེམས་སུ་བོན་གྱི་ཆོས་དང་རིག་གཞུང་གི་ལྟ་གྲུབ་ཅི་དང་ཅི་ཡིན་ལ་བློ་ཡི་རྣམ་དཔྱོད་རྒྱས་ཐུབ་པའི་སློབ་གསོ་ནར་མར་སྤེལ་ཞིང་དགེ་བའི་ལས་དོན་ལ་སྣེ་ཁྲིད་བྱེད་པ་དང་། འོ་སྐོལ་བོན་འབངས་སུ་ཡིན་ཡང་རུང་སྟེ་རང་ཉིད་བོན་སྒོར་ཞུགས་པའི་རིན་ཐང་མི་བརླག་པའི་ཆེད་དུ་སྲོག་ལྡན་འགྲོ་དྲུག་སེམས་ཅན་སྤྱི་དང་ལྷག་པར་མི་དང་མིའི་བར་གྱི་ཡིད་ཆེས་དང་མཛའ་འབྲེལ། ཕན་ཚུན་ལ་དགོངས་སེལ་དང་གཞན་གྱི་གནས་བབ་ལ་དོ་སྣང་སེམས་ཁུར་བྱེད་པའི་སྙིང་སྟོབས་དར་སྤེལ་དང་རང་གི་ལུས་ངག་ཡིད་གསུམ་ལ་རྣམ་ཀུན་བརྟག་དཔྱད་བྱས་ཏེ་རང་གི་སྒོ་གསུམ་དེ་བཟང་ཕྱོགས་སུ་འགྱུར་པར་གཟབ་བཞེས་གནང་ལུགས་ལ་འབོད་སྐུལ་ཞུ་བར་འབད་རྒྱུ། མ་ཟད་གཡུང་དྲུང་བོན་དང་དམ་ཚིག་གཅིག་ཏུ་འབྲེལ་བའི་དད་ལྡན་ཕོ་མོ་ཡོངས་ལ་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་ཕན་འདོགས་ཆེད་ཐར་བ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ལམ་གྱི་རྒྱུན་ཤེས་རྣམས་གནས་ལུགས་རྒྱུ་མཚན་ཕྱིན་ཅི་མ་ལོག་ཅིང་ཚུལ་བཞིན་དུ་འདོམས་པར་འབད་ཐབས་ལྷོད་མེད་བྱེད་ཅིང་། བློ་བརྟན་ཁོག་ཡངས་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སོགས་གནའ་བོའི་བོད་མིའི་ཐུན་མོང་མ་ཡིན་པའི་བསམ་བློའི་དཔལ་ཡོན་དང་ཡ་རབས་སྤྱོད་བཟང་གི་ཡུལ་སྲོལ་གོམས་གཤིས་ཀྱི་ལེགས་ཆ་གང་ཡོད་རྣམས་སྲུང་སྐྱོང་དང་མ་ཉམས་རྒྱུན་འཛིན་བྱེད་པར་བརྩོན་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་པའི་སྙོམས་སྒྲིག་དང་མཐུན་སྒྲིལ་ལ་ཤུགས་སྣོན་དམ་ཟབ་བྱས་ཏེ་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་འགུལ་མང་དུ་སྤེལ་ཞིང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་ལ་རང་ནུས་གང་ཡོད་འདོན་རྒྱུ། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ལོ་རེ་བཞིན་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཀ་གལ་ཆེན་རྣམས་མི་སྣ་འཇོན་ཐང་ཅན་དག་ལ་སོ་སོར་ལས་བགོས་སམ་འབོད་སྐུལ་རེ་བཅོལ་ཞུས་ནས་ལས་འགན་ཐམས་ཅད་དོན་ཐོག་ཏུ་འཁྱོལ་བར་འབད་པ་བྱ་རྒྱུ། དབུལ་ཕོངས་ཉམ་ཐག་དང་གནོད་སྐྱོན་ཕོག་པའི་རིགས་སོགས་ལ་ཤ་ཚ་སྙིང་རྗེ་ཡིས་བསྐུལ་བའི་བརྩེ་བ་ཆེན་པོས་དགོས་པ་སྐབས་བསྟུན་ལྟར་ཟས་གོས་རྒྱུ་ནོར་སོགས་ཀྱི་རོགས་མགོན་གང་ཐུབ་གནང་རྒྱུའི་སྲོལ་བཟང་གཙིགས་འཛིན་བྱེད་རྒྱུ། བོད་པའི་ཆོས་དང་རིག་གཞུང་ལ་དགའ་གུས་དང་སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་ཟབ་པའི་དཔལ་འབྱོར་ཅན་ལ་བསྐུལ་སློང་འོག་བོད་ཀྱི་གནད་ཆེའི་ས་ཁུལ་གང་རུང་ཞིག་ལ་ཞང་བོད་ཤེས་རིག་གི་ཐུན་མིན་ཁྱད་བོན་ལྡན་པའི་དམངས་སྒྲུབ་སློབ་གྲྭ་བསྒྲུབ་ཞིང་རྒན་གསོ་ཁང་འཛུགས་པ་སོགས་ཡ་རབས་ཞབས་འདེགས་ཀྱི་ནང་དོན་འདུ་བའི་རྣམ་དཀར་དགེ་ལས་ཁག་ཅིག་ཨེ་འགྲུབ་བལྟ་རྒྱུ། དེ་མཚུངས་དམངས་ཁྲོད་དུ་རྩ་ཐོར་སོང་ཡོད་པའི་བོན་གྱི་ཡིག་རྙིང་ཁག་མྱུར་སྐྱོབ་ཀྱི་ལས་གཞི་བསྒྲུབ་པར་ཤུགས་བསྣོན་པ་ལ་སོགས་པའི་བསྟན་དོན་ཆེ་མ་ཆུང་གསུམ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་གི་བྱ་བ་མུ་མཐུད་འཐུས་ཚང་ཞིབ་རྒྱས་སུ་གཏོང་ཐབས་ལ་འབད་འབུངས་ནུས་ཤུགས་གང་ཡོད་འདོན་གནང་བྱེད་པ་བརྒྱུད། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་བྱམས་སྙིང་རྗེ་ལས་འཁྲུངས་པའི་ཤེས་རབ་བླ་མེད་ཀྱི་དགོངས་སྙིང་ལྟར་མཐའ་ཡས་ཤིང་གྲངས་ཀྱིས་མི་ཆོད་པའི་སེམས་ཅན་རྣམས་ལ་སྨན་པར་ཁ་དོན་མཚུངས་པའི་ལས་ཀའི་ལམ་བུ་ཞིག་གཤགས་ཐུབ་པར་རེ་བ་བརྒྱག་རྒྱུ་དེ་ཡིན།