མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣའི་སྒྲིག་འཛུགས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣའི་སྒྲིག་འཛུགས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༧༽


2017-9-14 16:27:43 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

  1505189749576539.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མདུན་དུ་ལྷགས་པའི་མཛེས་ལྗོངས་ནི་དཔྱིད་དཔལ་གྱིས་བརྒྱན་པའི་ས་གཞི་ལྟར་ཡངས་ཤིང་རྒྱ་ཆེ་ལ་རིག་གནས་ཀྱི་སྙིང་སྟོབས་འོད་སྟོང་འབར་བ་ཞིག་ཡིན་ཡང་། ཚོགས་པའི་ངོས་ཐད་ནས་སྒྲུབ་དགོས་པའི་ལས་འཆར་ཁག་ནི་ཧ་ཅང་རིན་ཐང་ཆེ་ལ་དཀའ་ཚེགས་ལྡན་པའི་ལས་འགན་ཞིག་ཡིན་པ་སྨོས་མ་དགོས། འོན་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་མི་བུ་གཅིག་གི་དབང་གྲགས་མཐོར་འདེགས་དང་དགོན་སྡེ་གཅིག་གི་ཁེ་ཕན་སྲུང་སྐྱོབ་ཡང་ན་ས་ཕྱོགས་ག་གེ་མོ་གཅིག་གི་དགོས་མཁོ་བསྐོང་ཐབས་ཙམ་གཙོ་བོར་བཟུང་ནས་བཙུགས་པའི་ཚོགས་པ་ཞིག་མིན་སྟབས། ཞང་བོད་ཤེས་རིག་དར་སྤེལ་འཛིན་སྐྱོང་གི་ལུགས་གཉིས་འཕྲིན་ལས་ཀྱི་རླབས་ཤུགས་མཐོ་རུ་འདེགས་པའི་ཚོགས་པ་འདིའི་གནས་བབ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་ཡོང་བར་ཤུགས་བརྒྱག་རྒྱུ་དེ་ནི་ལོ་རྒྱུས་དང་དུས་རབས་ཀྱིས་བོན་འབངས་ཡོངས་ལ་དཀྲིས་པའི་གཟི་བརྗིད་ཀྱི་འགན་འཁྲི་ཞིག་ཏུ་ཆགས་ཡོད།
   གལ་སྲིད་ལས་འདི་ང་ཚོ་རང་སྟེང་ནས་མགོ་བརྩམ་སྟེ་ལས་འགོ་འཛིན་རྒྱུ་དང་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་པའི་འགན་ལྕི་ཡོད་ཚད་འཐུས་ཤོར་དུ་བཏང་ནས་ཅི་ཡང་མ་འཇོན་པ་ཞིག་ཡིན་ཚེ་མི་ཚོགས་གཞན་དང་གཞན་ཞིག་གིས་ལས་པའི་རེ་བ་ཧ་ལམ་ཁྱོན་ནས་མི་སྲིད་པས། ང་ཚོ་བོད་ཀྱི་ཤེས་རིག་ལ་དགའ་མོས་ཡོད་པའི་མི་སྒེར་སུ་དང་སྡེ་དགོན་ག་འདྲ་ཞིག་ཡིན་ཡང་། སོ་སོའི་ལྟོ་གོས་ཀྱི་འཁོས་ཀ་འགྲིག་སྡད་པ་དེ་ཙམ་གྱི་ཉིན་རེའི་འཚོ་བ་འཁྱོལ་ཐབས་མི་བྱེད་པར་ཞྭ་དཀར་གཡུང་དྲུང་བོན་ལ་སྲི་ཞུ་དང་ཞང་བོད་རིག་གཞུང་དར་སྤེལ་ལ་ཕ་ནོར་བུ་འཛིན་དང་བསྟན་པ་འཛིན་སྐྱོང་གི་ལས་འགན་ཆེན་པོ་གང་ལ་གང་འཚམ་ཞིག་འགྲུབ་པར་གདུང་སེམས་མཉམ་བསྐྱེད་ཡོང་ཆེད་དུ། སྤྱི་ཚོགས་སྟེང་གི་གནས་བབ་མི་འདྲ་བའི་མི་སྣ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་མི་དང་མིའི་བར་གྱི་འབྲེལ་བའི་བློ་སྤོབས་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས། བྱ་བའི་ལས་ཕྱོད་འཇོན་ཐང་ཁ་ཁ་ཡོད་པའི་དོན་དངོས་ལ་གཙིགས་སུ་བཟུང་སྟེ། ཞང་བོད་ཤེས་རིག་འཛིན་སྐྱོང་དར་སྤེལ་གྱི་འཕྲིན་ལས་སུ་ཤར་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་མི་སྣའི་སྒྲིག་འཛུག་ལ་ཉེ་ཆར་མཚན་འཛིན་ཚོགས་གཙོ་དང་། བློ་འདྲི་མི་སྣ་དང་། ཚོགས་གཙོ། རྒྱུན་ལས་ཚོགས་གཙོ་གཞོན་པ། ཚོགས་གཞོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ། དྲུང་ཡིག་པ། རྒྱུན་ལས་ལས་འཛིན་པ་བཅས་མི་སྣའི་དབྱེ་སྒོ་མི་འདྲ་བ་ཁ་ཤས་སུ་བསྐོ་བཞག་བྱས་ཡོད།

   དེ་དག་ནི་ཚང་མས་རྒྱ་ཆེའི་སྤྱི་ཁྱབ་ཀྱི་རང་བཞིན་དང་སྤྱི་ཕན་སྙོམས་སྒྲིག་གི་རང་བཞིན་གཞི་རྩར་བཟུང་སྟེ་ཚོགས་པའི་ལས་སྒྲུབ་རྐང་འཛིན་པར་རེ་བ་བརྒྱབ་ནས་འགན་ཁུར་བསྐྱོན་གནང་མཛད་པ་ཤ་སྟག་ཡིན་ཡང་། འོན་ཀྱང་དེའི་ནང་གི་ཚོགས་གཙོ་ཆེན་མོ་དང་རྒྱུན་ལས་ཚོགས་གཙོ་སྐུ་གཞོན། དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་བཅས་ནི་ཚོགས་ཆེན་གྱི་སྟེང་དགོན་སྡེ་སོ་སོའི་འཐུས་མི་ཡོངས་ཀྱིས་མང་གཙོའི་ལམ་ནས་རང་མོས་རང་དབང་གིས་འོས་ཤོག་འཕངས་པ་ལས་གྲུབ་པར་བྱས་པ་སོགས། མདོར་ན་མཉམ་འབྲེལ་ལྷན་ཚོགས་ནི་གཡུང་དྲུང་བོན་གྱི་ཆོས་སྲིད་ལུགས་གཉིས་སྤྱིའི་དོན་ལ་འགན་ལེན་དང་ཐེ་གཏོགས་བྱ་བའི་དབང་ཚད་ཀྱི་ཁྱད་བོན་མངོན་པར་ལྡན་པའི་ཚོགས་པ་ཞིག་གི་ངོ་བོར་ཡོད་ཅིང་། ཚོགས་འདུ་ཆེ་ཆུང་གཙོས་པའི་གྲོས་ཚོགས་ཀྱི་མཐའ་མཇུག་གི་གྲོས་ཆོད་རྣམས་འབད་ཐབས་ལྷོད་མེད་སྒོས་འཐུས་ཤོར་དུ་མི་འགྲོ་ཞིང་གང་ཐུབ་ཀྱིས་མང་ཚོགས་ལ་བརྒྱུད་བསྒྲག་བྱེད་རྒྱུ་དེ་ས་ཕྱོགས་སོ་སོའི་རྒྱུན་ལས་ཚོས་འགན་འཁྲི་གཙོ་བོར་བཟུང་ཐོག་ཚོགས་མི་རྣམས་ཀྱི་སྐབས་རེའི་འགན་ཡུན་ནི་ལོ་ངོ་དྲུག་གི་རིང་ཡིན།

   ཚོགས་པའི་སྣེ་ཁྲིད་པར་འདེམས་ཐོན་བྱུང་བའི་ཁོང་རྣམ་པ་སུ་ཡིན་རུང་བོན་བསྟན་ལས་རིགས་ཁྲོད་ཀྱི་ཚབ་མཚོན་མི་སྣ་གྲགས་ཅན་གྱི་སྐོར་ཡིན་པ་སྟེ། དེ་དག་ལ་རྒྱ་ཆེའི་བོན་དད་མང་ཚོགས་ཁྲོད་བརྩི་བཀུར་དང་ཤུགས་རྐྱེན་དེ་ཙམ་མངའ་བས་མ་ཚད་རང་ཉིད་གང་ལ་དད་པའི་ཆོས་རྒྱུད་གྲུབ་མཐའ་ལ་དད་དམ་གཙང་མ་དང་བློ་སེམས་རྩེ་གཅིག་ཡིན་ལ། བོད་ཀྱི་རིག་གནས་སྤྱི་ལ་བློ་དཀར་རུས་ཞེན་ཆེ་ཞིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་སློབ་གསོའི་འདུ་ཤེས་ཟབ་མོ་ལྡན་པ་དང་། ས་གནས་སོ་སོའི་མི་དམངས་མང་ཚོགས་ཀྱི་བསམ་པའི་འདོད་བློ་དང་བདེ་སྡུག་ཅི་མཐོང་སྨྲ་ཤེས་སྒྲུབ་ཕོད་ཀྱི་རྨང་གཞིའི་ཆ་རྐྱེན་དེ་ཙམ་ཡོད་ཐོགཚོགས་པའི་བྱ་བ་ཆེ་ཕྲ་གང་གི་ཆ་ནས་སེམས་ཀྱང་། གཤེན་བསྟན་ལ་ལྷག་བསམ་ཟོལ་མེད་ཀྱིས་ཀུན་ནས་བསླངས་ཏེ། ཡ་རབས་དང་གུས་ཞབས་ཀྱི་རྣམ་པས་ལེགས་པར་ཕེབས་ཏེ་བསྟན་ལ་སྨན་ཅིང་འགྲོ་ལ་བརྩེ་བའི་བྱ་བ་གནད་དུ་འཛིན་པ་མ་གཏོགས། རྙེད་གྲགས་དང་ཆེ་ཚུགས་ཀྱི་རྐུབ་སྟེགས་མཐོ་དམའ་ཙམ་ལ་མི་བལྟ་ཞིང་ཚོགས་པའི་ལས་དོན་ལ་དཀའ་སྤྱད་སྙིང་རུས་དང་མིག་རྒྱང་རིང་དུ་གཡོ་ཐུབ་པ་སོགས། སྤྱི་ཁྱོན་ནས་དུས་དང་བསྡུར་ན་ཁོང་ཚོ་ནི་བཀུར་འོས་ཡོན་ཏན་གྱི་ཆ་ཤས་ཡར་ལྡན་ཅན་དུ་བདོག་པའི་གང་ཟག་འབའ་ཞིག་ཏུ་འདོད་ཡོད།

   རྒྱུ་མཚན་དངོས་ལ་བསྙོན་འདིང་བ་ཅན་ཞིག་མིན་ན། ང་ཚོའི་ལྟ་བ་འཛིན་སྟངས་དེར་ཡིན་ལུགས་ཀྱི་བདེན་དོན་བག་ཙམ་མི་འདུག་པའི་གནོད་བྱེད་ནུས་ལྡན་གྱི་གཏན་ཚིགས་བརླིང་པོ་ཞིག་མཁས་བླུན་སུས་ཀྱང་བསྟར་མི་སྤོབས་ཏེ། བོད་ཀྱི་གཏམ་དཔེར། རླབས་ཀྱི་རྩེ་མོར་འགྱིང་བའི་སྤོབས་པ་དེ་ལྡན་ན། །རྒྱ་མཚོའི་ཆུ་ཐིགས་གཅིག་ཀྱང་རྟག་བརྟན་དུ་གནས་སྲིད། །ཅེས་འབྱུང་བ་བཞིན་གང་ལྟར་བོད་མིའི་སྤྱི་ཚོགས་ནང་ཕན་རླབས་ཆེ་བའི་རིག་གཞུང་གི་བྱ་བཞག་འདི་འདྲ་ཞིག་བསྒྲུབ་ཚེ་ཕྱི་ངོས་ཀྱི་མཐུན་རྐྱེན་ཇི་འདྲ་ཞན་ན་ཡང་། དམིགས་ཡུལ་དེ་མ་འགྲུབ་ཀྱི་བར་དུ་ང་ཚོ་ལ་དགོས་པའི་ཆ་རྐྱེན་གཙོ་བོ་ནི་དོན་ཐམས་ཅད་ཀྱི་ལེགས་ཉེས་ཚུལ་བཞིན་འབྱེད་པའི་རྣམ་དཔྱོད་ཀྱི་མིག་རྒྱང་དང་། སྤྱི་དོན་ལ་སེམས་པའི་མཐུན་སྒྲིལ་གྱི་བློ་ཁོགདཀའ་ངལ་གང་ཞིག་བྱུང་ཡང་གདོང་ལེན་བྱེད་ནུས་ཀྱི་བྱ་བའི་བྱང་ཚད། བསྒྱུར་བཅོས་དང་ཉམས་མྱོང་གི་བསླབ་བྱ་ཚུལ་བཞིན་ལེན་ཕོད་པའི་ཆོད་སེམས་ཀྱི་སྙིང་སྟོབས་སོགས་ནང་རྐྱེན་གྱི་བསམ་བློའི་དཔལ་ཡོན་མུ་འཐུད་དུ་མཐོར་འདེགས་བྱ་ཐུབ་པའི་འཚོལ་སྙེག་གི་ཕུགས་འདུན་དང་སེམས་ནང་གི་དམ་བཅའ་དེ་བརྟན་པོ་ཞིག་ཡོད་ཚེ། རྒྱུ་མཚན་དང་གནས་ལུགས་ཀྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པའི་ལས་ཀ་འདི་ཉིད་མཐར་ཐུག་ལེགས་འགྲུབ་བམ་མངོན་འགྱུར་ཡོང་བ་ཆོས་ཉིད་དུ་བདོག་པས་ཡིན་ནོ། །