| བོན་དགོན་ཁག་གི་དུས་དེབ་རྩོམ་སྒྲིག་པ་རྣམས་ལ་ཕུལ་བའི་གསལ་བརྡ།
2017-10-27 18:01:38 རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས། བོད་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁག་གི་དུས་དེབ་རྩོམ་སྒྲིག་པ་རྣམས་ལ་ཕུལ་བའི་གསལ་བརྡ། དུས་རབས་ཀྱི་དགོས་མཁོ་དང་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ཁྱབ་སྤེལ་དུ་དམིགས་ཏེ་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོན་གྱི་དགོན་སྡེ་ཁག་དང་དེ་བཞིན་བོན་འབྲེལ་གྱི་དུས་དེབ་སོགས་སྤུས་ཚད་ཇེ་ལེགས་དང་ནང་དོན་ཕུན་སུམ་ཚོགས་པའི་ཞིབ་འཇུག་གི་རྣམ་པ་ཐོན་ཆེད་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་བའི་དཔྱད་བརྗོད་དེབ་ཕྲེང་《གངས་ལྗོངས་བོན།》ཅེས་པ་གཞུང་འབྲེལ་དཔེ་སྐྲུན་ཁང་(དཔེར་ན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ལྟ་བུ།)ནས་དཔར་དུ་བསྐྲུན་རྒྱུའི་གྲོས་ཆོད་བྱུང་བ་ལྟར། ད་ལམ་ངེད་རྩོམ་སྒྲིག་ཚན་ཆུང་གིས་འདི་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་ 《གངས་ལྗོངས་བོན་》སྤྱིའི་དེབ་ཕྲེང་དང་པོའི་རྩོམ་ཡིག་བསྡུ་སྒྲིག་གི་ལས་འགོ་བརྩམས་ཏེ། རྩོམ་སྒྲིག་དང་པར་བསྐྲུན་བྱེད་རྩིས་ཡོད་པས། དེ་ལ་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་དུ་ཡོད་པའི་བོན་གྱི་དགོན་སྡེ་ཁག་སོགས་ནས་རྩོམ་སྒྲིག་བྱས་པའི་དུས་དེབ་ཡོད་ཚད་དང་། མདོར་ན་བོན་དང་འབྲེལ་བའི་དེ་སྔོན་པར་བསྐྲུན་བྱས་ཟིན་པའི་དུས་དེབ་ཁག་གི་རྩོམ་ཡིག་རྣམས་དཔྱད་བརྗོད་དེབ་ཕྲེང་《གངས་ལྗོངས་བོན་》གྱི་རྩོམ་ཡིག་འདེམས་རྒྱུའི་ཁྱབ་ཁོངས་སུ་གཏོགས་ལ། དེབ་ཕྲེང་འདི་བཞིན་བསྒྲུབ་པའི་དམིགས་ཡུལ་ནི་མདོ་དབུས་མཐོ་སྒང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་བོད་མེས་པོའི་རིག་གཞུང་གི་ངོ་བོ་དམ་འཛིན་དང་དར་སྤེལ་བྱེད་པ་དེ་གཞི་རྩར་འཛིན་ཞིང་། དཔྱད་རྩོམ་གྱི་ཚིག་དོན་གཉིས་ཆ་ནས་ལེགས་འདེམས་བྱེད་དེ། གཅིག་ན་བོན་དགོན་ཁག་ནས་གཉེར་བའི་དུས་དེབ་ཁག་གི་སྤུས་ཚད་གོང་མཐོར་གཏོང་སྟེ་ཀློག་པ་པོ་རྣམས་ལ་ངོ་སྤྲོད་དང་། རྣམ་པ་གཞན་དུ་ན་ཚད་ལྡན་དཔེ་སྐྲུན་གྱི་གོ་རིམ་བརྒྱུད་ནས་དུས་དེབ་སྤུས་ལེགས་ཁག་དང་འབུར་ཐོན་གྱི་རྩོམ་པ་པོ་རྣམས་ལ་ལེགས་མཚོན་གྱི་བྱ་དགའི་དཔང་ཡིག་སོགས་འབུལ་རྩིས་ཡིན།
|