| མཉམ་འབྲེལ་ལྷན་ཚོགས་ཀྱིས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ཞེ་དགུའི་དགོངས་རྫོགས་འཚོགས་པ།
2017-11-8 17:37:28 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས། ༧ སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་གི་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་སྒོ་བསྟུན་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙང་དཔལ་ལྡན་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་གནང་པ་དང་། གདན་ས་གོང་འོག་བར་གསུམ་ལ་ཐུགས་གསོའི་ལྷ་དར་འབུལ་བར་བསྐྱོད་པ། དེ་རིང་། ༢༠༡༧ལོའི་སྤྱི་ཟླ༡༡པའི་ཚེས་༤དང་བོད་ཟླ་༩ཚེས་༡༥ལ་འཁེལ་ཡོད་ཅིང་། གཞིས་བྱེས་བོན་པོ་ཡོངས་ཀྱིས་ཤ་ཡི་ཚ་ས་དང་རུས་ཀྱི་དུང་ས་ཞེས་པའི་དཔེ་ལྟར། རང་རང་གི་ས་ན་དད་འདུན་ཆེན་པོའི་སྙིང་སྟོབས་ཀྱི་རང་གཤིས་ཕྱི་ལ་མངོན་པར་བྱས་ཏེ། གསོལ་འདེབས་དང་སྨོན་ཚིག་གི་རླབས་སྒྲས་ས་སྒང་ཧྲིལ་བོའི་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པར་བྱས། དེ་ནི་དུས་རབས་ཀྱི་ཁོར་ཡུག་དང་ལོ་རྒྱུས་ཀྱི་གཉན་འཕྲང་རིང་མོ་ཅི་འདྲ་རྒོད་ནའང་། དཀའ་སྤྱད་སྡུག་རུས་ཀྱི་བསམ་བློའི་ཐུགས་སྟོབས་ལ་འགྱུར་བ་གཏན་ནས་མེད་པ་དང་། ལག་ལེན་གྱི་སྤོབས་པའི་ངར་ཤུགས་མི་ཡུལ་གྱི་རྒྱན་དུ་བཞེངས་བསྐྲུན་མཛད་པའི་ཞི་བདེའི་སྲོག་ཤིང་ཆེན་མོ་ཞིག་སྟེ། རང་དོན་སྤུ་ཙམ་མེད་པའི་ཐོག་ནས་ཉིན་གཅིག་ལྟར་ཞྭ་དཀར་གྱེར་བསྟན་སྤྱི་ཡི་བསྟན་ཆུས་ཀྱི་བྱ་གཞག་སྙོམས་སྒྲིག་བྱེད་པ་དང་། འགྲོ་བའི་ཕན་བདེ་གཙོས་པའི་མིའི་རིགས་ཀྱི་ཡར་ཐོན་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཐབས་ལམ་འབའ་ཞིག་གི་སྒོ་ནས། སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དཔལ་དུ་གཟི་བརྗིད་ཀྱི་འོད་སྣང་ལ་བསྟིམས་པའི་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཆེན་པོ་མཆོག་ཆུ་བུར་མིག་གི་སྣང་ངོ་ཙམ་ལ། ང་ཚོ་དང་རིང་དུ་གྱེས་ཏེ་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་ཡིན་པ་རེད། དེ་འདྲའི་དུས་ཚིགས་ཁྱད་པར་ཅན་དང་སྒོ་བསྟུན་ཏེ། སྐྱེས་ཆེན་དམ་པ་ཁྲི་སྟོང་གི་ཐུགས་དགོངས་གཞི་གཅིག་ཏུ་སྒྲིལ་ཏེ་ཞང་བོད་ཤེས་རིག་ལོ་རྒྱུས་ཀྱི་ཁ་ཕྱོགས་གཏན་འཁེལ་གཅིག་གྱུར་དང་། བོན་བསྟན་འཕྲལ་ཡུན་ཕུགས་གསུམ་གྱི་ཁྲིམས་མཐུན་ཐོབ་ཐང་ཁེ་དབང་རྩོད་ལེན་སྲུང་སྐྱོབ་མངོན་འགྱུར་བྱེད་པ་ལ།
དོན་དེར་ཡུལ་ལུང་ཁེར་རྐྱང་བ་དང་མི་བུ་སྒེར་ཚུགས་ཅན་གཞན་སུ་དང་གང་གིས་ཀྱང་ནམ་ཡང་ཚབ་བྱེད་མི་ཐུབ་པའི་གནད་ཀྱིས། མིག་རྒྱང་རིང་བའི་ཕུགས་འདུན་དང་ནུས་སྟོབས་གཅིག་སྒྲིལ་གྱི་དམིགས་འབེན་ལ་གཏད་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས། མེ་ཏོག་ཆུང་རུང་མཆོད་རྫས། གུར་གུམ་ཉུང་རུང་སྨན་རྫས་ཞེས་པའི་དཔེ་ལྟར། ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་ནང་ཕན་ཚུན་སྐྱིད་སྡུག་མཉམ་མྱོང་དང་། རང་ཅག་བོན་འབངས་ཡོངས་རྫོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ངང་མི་བརྒྱ་སེམས་གཅིག་གི་ལམ་བུར་བསྐྱོད་པ་ལ། ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཟེར་བ་ནང་བཞིན་དུ། ཞིང་ལྗོངས་ལྔའམ་བོད་མདོ་དབུས་ཁམས་གསུམ་དུ་འཁོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སུམ་བརྒྱ་ལྔ་བཅུ་ལྷག་དང་། དེར་འབྲེལ་རྒྱ་ཆེའི་བོན་དད་མང་ཚོགས་གཙོས་པའི་འཛམ་གླིང་བོན་པོ་ཡོངས་ཀྱི་ཐུགས་འདུན་རེ་སྨོན་ཟབ་མོའི་དད་སྟོབས་ཀྱི་ཁྱོགས་ལ་དྲངས་ཏེ།
གཡུང་དྲུང་བོན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་འཐུས་ཚབ་མི་སྣ་གལ་ཆེན་སྐོར་ཞིག་བཅས། གཙང་དཔལ་ལྡན་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་གནང་བར་ཕེབས་པ་དང་འབྲེལ། བརྒྱུད་ཁུངས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་མཐོ་བའི་གཡུང་དྲུང་བོན་གྱི་གདན་ས་གོང་མ་གཙང་དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་དང་། གདན་ས་བར་མ་གཡས་རུ་མཁར་སྣ་བསམ་གཏན་གླིང་། གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་སྟེ་བོན་གྱི་རྩ་བའི་གྲྭ་ས་གོང་འོག་བར་གསུམ་ལ་ཐུགས་གསོའི་ལྷ་དར་ཕུལ་ཞིང་། གདན་ས་སོ་སོའི་བསླབ་གསུམ་འདུས་པ་རྒྱ་མཚོའི་དགེ་འདུན་པ་རེ་ལ་མཆོད་པའི་སྤྲིན་དུ་མང་ཇ་དང་། སྐུ་འགྱེད་ལ་སྒོར་ཉིས་བརྒྱ་རེ་འབུལ་ལམ་ཞུས་ཏེ་བསྟན་འགྲོའི་བདེ་སྐྱིད་བསྐལ་བའི་མཐར་ཡང་རྟག་ཏུ་འཕེལ་ཞིང་རྒྱས་པའི་སྨོན་ལམ་རྩེ་གཅིག་ཏུ་གདབས་པར་མཛད།
དེ་ལ་སྔ་དྲོའི་ཆུ་ཚོད་ ༡༡ ་སྟེང་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་མཚོན་མི་སྣ་རྣམས་གཙང་དཔལ་ལྡན་བཀྲ་ཤིས་སྨན་རིའི་གླིང་ལ་ཐོན་པས་ན། སྨན་རིའི་དཔོན་སློབ་གཙོས་པའི་བཤད་སྒྲུབ་འདུས་སྡེའི་འགན་འཛིན་མི་སྣ་དང་དགོན་པའི་དམངས་བདག་དོ་དམ་ཁང་གི་འགན་འཛིན་ཀྲུའུ་རེན་རྒན་གཞོན་གཙོས་པའི་དོ་དམ་ཁང་གི་མི་སྣ། དེ་བཞིན་གྲྭ་ཚང་གཉེར་བ་སོགས་ཀྱིས་སྣེ་ལེན་དང་གསོལ་འདྲེན་མཛད་པ་བརྒྱུད་དགོན་པའི་གནད་ཡོད་མི་སྣ་ཁག་ལ་མཇལ་དར་བསྒྲོན་གནང་མཛད་ཅིང་།
དེ་རྗེས་དགོན་པའི་འགན་འཛིན་རྣམ་པས་སྣེ་ཁྲིད་ལམ་སྟོན་ཕེབས་རོགས་འོག་རྒྱ་གར་ཁང་དང་། ཚོགས་ཆེན་འདུ་ཁང་། སྐུ་གདུང་ཁང་། སྨན་རིའི་བླ་བྲང་། བཤད་གྲྭ་ཁང་སོགས་ལ་མཆོད་མཇལ་ལྷ་དར་འབུལ་བ་དང་སྦྲགས་གདན་སའི་ཕྱི་ནང་གི་བཞེངས་བཀོད་ཀྱི་བརྗིད་ཉམས་དང་། བཤད་སྒྲུབ་སློབ་གཉེར་གྱི་སྒྲིག་འཛུགས་འཐུས་ཚང་ལམ་ལུགས་བཅས་ལ་རྒྱུས་ལོན་གང་མཚམས་ཡོང་བ་བྱས་པར་མ་ཟད། གླིང་འདིར་བཞུགས་པའི་བླ་གྲྭ་ཡོངས་ཀྱི་བསམ་བློའི་ཐུགས་སྟོབས་དང་ཁོང་རྣམ་པས་སྐུ་ཚེགས་དཀའ་ངལ་གང་མང་བརྒྱུད་དེ། བསྟན་པ་སྤྱིའི་འཕེལ་རྒྱས་ཀྱི་ཆ་ལ་འཇོག་གནང་མཛད་པའི་ལེགས་མཛད་སྐུ་དྲིན་འཁོར་ཐབས་མེད་པའི་གྲུབ་འབྲས་སྐོར་ཚོགས་ཞུགས་མི་སྣ་སོ་སོའི་བློ་ཡིད་དུ་ནམ་ཡང་མི་བརྗེད་པར་བྱས་པ་རེད།
ཉིན་གུང་ཆུ་ཚོད་ ༡༢ ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་སྟེང་ལ་གདན་ཞུས་བཞུགས་གསོལ་མཛད་པའི་སྟ་གོན་ལ་། ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་འཐུས་ཚབ་མི་སྣས་སེར་ཕྲེང་དང་བཅས་ཚང་མས་མགྲིན་གཅིག་ཏུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་ཞིང་།
མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་མི་སྣ་རྣམས་དང་དགོན་པའི་འགན་འཛིན་ཁག་ཐེངས་འདིའི་མཛད་སྒོར་མཉམ་ཞུགས་གནང་ཐོག སྐུ་གདུང་རིན་པོ་ཆེ་ལ་དབུ་གདུགས་ཕུབས་ཏེ་སྤོས་འདྲེན་དང་མཎྡལ་སྐུ་གསུང་ཐུགས་རྟེན། མཁར་སིལ་དང་ལྷུང་བཟེད་། མཆོད་པ་རྣམ་ལྔ་སོགས་མཆོད་རྫས་སྣ་ཚོགས་ཕྱག་ན་ཐོགས་བཞིན། ཕྱོགས་སོ་སོའི་མཇལ་ཞུ་བ་རྣམས་རིམ་གྱིས་ཕེབས་ཏེ་༧རྒྱལ་བ་སྨན་རིའི་གསེར་ཁྲིའི་མདུན་དུ་འབྱོར་བ་དང་ཆབས་ཅིག་བླ་མ་མཆོད་པའི་འདོན་རིམ་གྱི་སྒོ་ནས། གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ། ཞེས་པའི་སྐབས་སུ་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མཉམ་མེད་བླ་མའི་གསེར་ཁྲིར་བཞུགས་གསོལ་མཛད་དེ་རིམ་བཞིན་བླ་མ་མཆོད་པའི་མཆོད་པ་རྣམ་ལྔ་རྒྱས་འབུལ་དང་། དེ་བཞིན་ཁྲུས་གསོལ་རབ་གནས་ཞུས་མཚམས་བསྟོད་པ་རྣམ་རྒྱལ་ཁང་བཟང་། བསྟན་རྒྱས་སྨོན་ལམ་སོགས་མགྲིན་གཅིག་དབྱངས་གཅིག་ཏུ་གྱེར་བར་མཛད་ཅིང་། མདོར་ན་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་བོན་འབངས་ཡོངས་ཀྱི་ཐུགས་འདུན་ལྟར་གདུལ་བྱ་རྒྱ་མཚོའི་བསོད་ནམས་ཀྱི་དཔལ་དུ་བཀའ་དྲིན་ལེགས་འགྲུབ་བྱུང་བ་ལྟར། ༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཆེན་པོ་མཆོག་གི་དགུང་ཞག་ཞེ་དགུའི་དགོངས་རྫོགས་མཆོད་སྤྲིན་མཇུག་བསྡུས་པ་དང་། དེ་རྗེས་གཡས་རུ་མཁར་སྣ་དང་རབ་ལེགས་གཡུང་དྲུང་གླིང་གཉིས་ལའང་གྲྭ་ས་གོང་མ་སྨན་རི་ནང་བཞིན་མང་ཇ་དང་སྐུ་འགྱེད་ཀྱི་བསྙེན་བཀུར་ཟབ་རྒྱས་བཅས་ཞུས་པ་རེད།
ཐེངས་འདིའི་མཛད་སྒོར་ཕེབས་མཁན་ཞིང་ལྗོངས་ལྔའི་འཐུས་ཚབ་མི་སྣར་མཚོན་ན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ཀན་སུའུ་རྩེ་ཞིག་དགོན་པའི་བསྟན་བདག་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་། སི་ཁྲོན་རྔ་བ་སྣང་ཞིག་དགོན་ཆེན་གྱི་བསྟན་བདག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ། བོད་ལྗོངས་སྦྲ་ཆེན་ཀླུ་ཕུག་དགོན་པའི་བསྟན་བདག་སོ་བརྒྱད་མཁན་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་ཞུ་སྟོན་སྐལ་བཟང་གཡུང་དྲུང་། རྒྱལ་རོང་ཆུ་ཆེན་མཚོ་སྟེང་དགོན་པའི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཨ་མདོ་ཤར་ཁོག་དགའ་མལ་དགོན་ཆེན་གྱི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་སྟེང་ཆེན་དགོན་པའི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཤར་པ་སྣང་ཞིག་དགོན་པའི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་རག་ཤི་ཀུན་གསལ་སྙིང་པོ། རྔ་བ་སྣང་ཞིག་དགོན་ཆེན་གྱི་ནང་ཆེན་ཆེ་དྲུག་གི་ཡ་གྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས། ཨ་མདོ་རྔ་བ་རྟོགས་ལྡན་དགོན་ཆེན་གྱི་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་སྤྲུལ་ཚུལ་ཁྲིམས་པད་མ་རིན་ཆེན། མཚོ་སྔོན་རེབ་གོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཀྲུའུ་རེན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་སྔགས་འཆང་བསོད་ནམས་ཚེ་རིང་། བོན་གྱི་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་པ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། ཧི་མ་ལ་ཡའི་བོན་དྲ་བའི་གཙོ་སྒྲུབ་པ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། སྦྲ་ཆེན་རྫོང་ལུང་དཀར་གཤེན་བསྟན་ལྔ་རིག་ནོར་བུའི་སློབ་གླིང་གི་མཚན་ཉིད་དགེ་་རྒན་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་ལུང་དཀར་གཡུང་དྲུང་བསྟན་འཛིན། ནག་ཆུ་འབྲི་རུ་རྫོང་རྡོ་ཏིང་དགོན་པའི་བསྟན་བདག་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་ཤེལ་ཞིག་དོན་ལྷ། བོད་ལྗོངས་གཞིས་རྩེ་གཉའ་ནམ་རྫོང་སྤ་ལ་ཕུག་དགོན་པའི་དགེ་སློང་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་བསྟན་འཛིན་བཟང་པོ། དཔའ་ཤོད་རྫོང་འབུ་ལུང་དགོན་པའི་སྡེ་མི་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཚ་རོང་ཕུན་ཚོགས་བློ་གྲོས། ལྷ་ས་བྲག་དཀར་རྩེ་རྫོང་ལོ་མཆོད་སྤྱི་རིམ་གྱི་འགན་འཛིན་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་སྟེང་ཆེན་གཡུང་དྲུང་འགྱུར་མེད། ཀོང་པོ་བོན་རིའི་བབས་ཚུགས་འགན་འཛིན་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཚང་ནེའམ་ཚེ་དབང་ནོར་བུ། ཞང་ཞུང་གནའ་རྫས་ཁང་གི་འགན་འཛིན་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཨ་མདོ་རྩེ་རྒྱལ། ཨ་ཚེ་རིང་ཚོང་ཁང་གི་འགན་འཛིན་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཤར་པ་ཨ་ཚེ་རིང་། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་རྫ་པ་ད་ལོ། འཇོ་མདའ་རྫོང་ཡེ་ཤེས་ཚེ་བརྟན། གཞན་ཡང་བསྟན་ལ་ལྷག་བསམ་དཀར་བའི་བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས་དང་། དཔལ་གཤེན་བསྟན་སྨན་རིའི་དགེ་བཤེས་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་དང་བླང་བ་དགེ་བཤེས་ཤེས་རབ་ཐབས་མཁས། གཙང་བཀྲ་ཤིས་སྨན་རིའི་དགེ་བཤེས་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་མི་སྣ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས། གཙང་བཀྲ་ཤིས་སྨན་རིའི་དགེ་བཤེས་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་མི་སྣ་དགེ་བཤེས་གཡུང་དྲུང་བསྟན་རྒྱལ། བོད་ལྗོངས་ཆབ་མདོ་རྩེ་དྲུག་དགོན་པའི་དགེ་བཤེས་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་དང་བླང་བ་དགེ་བཤེས་ཤེས་རབ་བློ་གྲོས། ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་གྱི་ཀྲུའུ་རིན་གཞོན་པ་གྲྭ་ཚེ་རིང་ནོར་བུ། སྡེ་དགེ་རྫོང་རྫ་སྟེང་ཆེན་དགོན་པའི་དགེ་རྒན་ཨ་ཡུ་སོགས་དང་། གཞན་ཡང་བསྟན་ལ་ལྷག་བསམ་དཀར་ཞིང་གཏོང་ཕོད་ཅན་གྱི་ལྷ་སའི་ཚོང་པ་ཁག་གཙོས་མདོ་དབུས་ཁམས་གསུམ་གྱི་གནད་ཡོད་མི་སྣ་བརྒྱ་ལྷག་མཉམ་གཅིག་ཏུ་ཕེབས་ཞུགས་མཛད་ཡོད་པ་རེད། སྐབས་འདི་དང་བསྟུན་ཏེ། ༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཆེན་པོ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེར་བཞུགས་སུ་གསོལ་བའི་ནང་རྟེན་གཙོ་བོར་མཚོན་ན། མཁན་ཆེན་ཉི་མ་བསྟན་འཛིན་གྱི་གཟུངས་འབུལ་འབྲིང་པོ་ལྟར་སྐུ་གདུང་རིན་པོ་ཆེའི་གཟུངས་གཞུག་གསེར་དངུལ་ཞུན་མས་ཁྱུང་པོ་གཡུ་ཁྲིའི་ཡིག་གཟུགས་མཁས་ཅན་ཁྱུང་རུ་ཚེ་བརྟན་དོན་འགྲུབ་གྱིས་བྲིས་ཤིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ལྟར་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་ཆེད་འབུལ་གནང་བའི་རྟེན་རྫས་དབུ་གཡང་གི་ཟུར་ཞིག་དང་། གདུང་ཐལ་ནང་དུ་རིན་ཆེན་རྣམ་ལྔ་དང་སྨན་ལྔ་སྤོས་ལྔ་སོགས་གང་འབྱོར་བྱིན་རྟེན་གདུང་རུས། སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ན་བཟའ་སྟོད་གོས་བྱིན་ལྡན། ༧རྒྱལ་བ་སྨན་རིའི་བླ་བྲང་ནས་སྐྱོང་སྤྲུལ་རིན་པོ་ཆེས་ཆེད་དུ་བསྐུར་གནང་མཛད་པའི་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་དབུ་གཡང་ཟུར་ཙམ་ཞིག་དང་གདུང་རུས། གདུང་ཐལ་བྱིན་ལྡན། དེ་བཞིན་བྱང་སེམས་དཀར་དམར་ལས་གྲུབ་པའི་ཐུགས་དམ་རིལ་བུ་བདུན། དབུ་སྐྲ། ཕྱག་སེན་ཞབས་སེན། རྟེན་འདུས་རིལ་བུ། ཞང་བོད་རིག་འཛིན་གྲུབ་ཆེན་རྣམས་ཀྱི་རིང་བསྲེལ་དུ་མ། སྨན་སྤོས་བཟང་དྲུག གསེར་དངུལ་ཟངས་ལྕགས་གཡུ་བྱུར་ཕ་ལམ། འབྲུ་རིགས་སྣ་ལྔ། དར་ཚོན་སྣ་ལྔ། སྟོན་པའི་སྐུ་ཤུག་སྤོས་ཤེལ་སོགས་ཀྱིས་སྐུ་གདུང་རིན་པོ་ཆེ་ཡོངས་སུ་གཏམས་པར་བྱས་ཡོད།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། རྒྱལ་བ་སྨན་རིའི་བླ་བྲང་བཅས་ཀྱིས་སྤྱིའི་བཀོད་སྒྲིག་འོག་ད་ཐེངས་ཀྱི་ལས་དོན་འདི་ལ་ལྷ་སར་ཡོད་པའི་ཨ་མདོ་ཤར་པའི་ཚོང་བ་ཨ་བཙན་ཨ་ཡིག་ཚང་གི་ཕུར་བ་ཚེ་རིང་ངམ་ཨ་ཚེ་རིང་དང་ཞང་ཞུང་གནའ་རྫས་ཁང་གི་སྦྱིན་བདག་ཨ་མདོ་རྩེ་རྒྱལ་རྣམ་གཉིས་ཀྱིས་དཀའ་ཁག་དུ་མར་བརྒྱུད་དེ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཞེངས་གསོལ་ཐད་ལ་མཛད་རྗེས་བླ་མེད་གནང་བར་ང་ཚོ་བོན་འབངས་ཡོངས་ཀྱི་མིག་ལྟོས་དང་བཀའ་དྲིན་ལེགས་གསོལ་གྱི་གནས་སུ་ཆགས་ཡོད། དེ་བཞིན་རྒྱལ་བ་སྨན་རིའི་བླ་བྲང་གི་ཞབས་ཕྱི་བ་ཚ་ཚྭ་བླ་མ་རིན་ཆེན་རྒྱལ་མཚན་མཆོག་གིས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་རྒྱལ་བ་སྨན་རིའི་བླ་བྲང་ནས་ཆེད་བསྐུར་གནང་བའི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་གདུང་རྟེན་སོགས་འདི་གར་ཆེད་ཁྱེར་གནང་བར་བཀའ་དྲིན་བླ་མེད་ཞུ་རྒྱུ། གཞན་བལ་ཡུལ་དུ་བཞུགས་པའི་ཁྱུང་པོ་ཚོང་པ་ཁྱུང་ཚེ་དབང་བཀྲ་ཤིས་སོགས་ནས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་བཞེངས་བསྐྲུན་ཐད་ལ་ཞབས་ཞུ་གང་ལེགས་གནང་། སྐལ་ལྡན་དང་བ་འདྲེན་པའི་ཞིང་འདིར་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེའི་ནང་དུ་གཟུངས་གཞུག་འབུལ་རྫས་དང་མ་བསྐུལ་དང་བླང་གི་སྒོ་ནས་ཞལ་འདེབས་གནང་མཁན་གྱི་མཚན་ཐོ་གཤམ་གསལ།
སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་གདུང་ཞལ་འདེབས་རེའུ་མིག.pdf གཞིས་བྱེས་བོན་པོ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་རླབས་པོ་ཆེ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་འཛམ་གླིང་བོན་པོ་ཡོངས་ཀྱི་སྙིང་དབུས་སུ་དུས་ནམ་ཡང་མི་ནུབ་པར་གྱུར་ཅིག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས།
|