མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱད་འཕགས་ཤུགས་རྐྱེན།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱད་འཕགས་ཤུགས་རྐྱེན།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༨༽


2017-11-16 10:25:12 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།



གཅེས་ཤིང་བཀུར་བར་འོས་པའི་བོན་གྱི་ཤེས་ལྡན་པ་མང་པོ་ཞིག་གིས་མི་རིགས་ཀྱི་རིག་གནས་རིན་ཆེན་བང་མཛོད་དེ་ཉིད་གཅེས་སྐྱོང་དང་། བོད་རང་གི་ཕ་མེས་ཀྱི་ཆོས་བརྒྱུད་རྩ་ཆེན་རིན་ཆེན་གསེར་ནག་གི་ངོ་བོར་ཆགས་ཡོད་པའི་གཡུང་དྲུང་བོན་གྱི་བསྟན་པའི་དངོས་ཡོད་གནས་ཚུལ་ནས་མ་འོངས་པའི་འཕེལ་རིམ་ཕྱོགས་དང་ཚོགས་པ་འདིའི་ལས་དོན་གང་ཅིའི་ཐད་ལ། འཛམ་གླིང་གང་སར་འགྱུར་བ་བློ་ཡུལ་ལས་འདས་པ་ཞིག་འགྲོ་བཞིན་པའི་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་དུས་རབས་ཀྱི་འགྲོས་དང་འཚམ་པར་གོམ་པ་མདུན་སྤོས་བྱེད་པའི་ལས་ཀའི་གོ་རིམ་དང་གྲོས་གཞི་རབས་དང་རིམ་པ་ཐག་གཅོད་གང་ཐུབ་བྱས་པས་མ་ཚད། མང་པོ་ཞིག་གིས་ལོ་ངོ་དུ་མའི་རིང་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་དོན་འདིའི་ཆེད་དུ་རང་གི་ལྟོ་གོས་གཏམ་གསུམ་དང་སོས་དལ་སྐྱིད་ཉལ་བྱེད་པའི་བདེ་སྐྱིད་ཐམས་ཅད་གྱོང་ལ་བསྐུར་སྟེ་འབད་འབུངས་ཤུགས་ཆེན་གནང་བའི་ཕྱག་རྗེས་སུ། ད་ལྟ་ཚོགས་པ་འདི་ནི་བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་ས་ཁོངས་ན་ཡོད་པའི་བོན་པོ་ཡོངས་ཀྱིས་རང་གི་རིག་གཞུང་དང་ཆོས་ལུགས་ལ་ཅི་ལྟར་བདག་པོ་རྒྱག་པར་མི་ངོ་ལྷ་ངོ་འཕྲོད་པའི་དཔེ་བཞིན་ཤ་ཞེན་རུས་ཞེན་གྱི་བསམ་བློའི་སྟོབས་ཤུགས་ཆེ་རུ་འབར་བའི་མཐུན་རྐྱེན་གྱི་བུད་ཤིང་ཞིག་དང་། ཞང་བོད་ཤེས་རིག་དར་སྤེལ་གྱི་དམིགས་འབེན་གོང་བུ་གཅིག་ཏུ་སྡུད་པར་མི་རྣམས་ཀྱི་མིག་ལམ་ཕྱེ་ཞིང་མཐོང་རྒྱ་ཆེ་རུ་སོང་བ་སོགས་ཡིད་ཆེས་ཀྱི་བསམ་པ་གོང་འཕེལ་དུ་གཏོང་བའི་སྒུལ་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་འགོ་རྩོམ་བཞིན་འདུག་ལ། ལྷག་དོན་རྒྱུན་ལས་རྣམ་པས་བསྟན་དོན་གྱི་ཤ་ཞེན་ཡིད་ལ་དམ་དུ་བཅངས་ཏེ་ཚོགས་པའི་བྱེད་སྒོ་ཆེ་ཕྲ་མཐའ་དག་ལ་ལམ་ཐག་རིང་ཐུང་གང་དུ་ཕེབས་དགོས་ཀྱང་རང་བྲོ་ཁུག་མ་དང་རང་སྟོབས་རང་སྤེལ་གྱི་སྒོ་ནས་དུས་ལྟར་ཞུགས་པས་ནང་ཕན་ཚུན་གྱི་གནས་སྟངས་ལ་ཤེས་རྟོགས་མཐོ་རུ་བཏང་བ་དང་ལྟོས་བཅས་ཀྱི་བསམ་བློ་གཅིག་གྱུར་བྱུང་བར་མི་རྣམས་ཀྱིས་ཚད་མཐོའི་མཐོང་ཆེན་དང་ཧ་ཅང་དགའ་དད་སྤྲོ་གསུམ་བྱེད་བཞིན་ཡོད།

མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱད་འཕགས་སྟོབས་ཤུགས་འོག་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་བོན་འབངས་ཡོངས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ལེགས་ཐེབས་པ་དང་བསྟུན་མང་ཚོགས་དང་ཆོས་ལུགས་པའི་བར་གྱི་མཛའ་བརྩེའི་མཐུན་ལམ་གོང་མཐོར་སོང་ཞིང་། སྤྱི་ཚོགས་སྟེང་ཚོགས་པའི་གནས་སྟངས་ལ་ཤེས་རྟོགས་གསལ་བོར་བྱུང་སྟེ་མི་དང་མིའི་སེམས་ཀྱི་བར་ཐག་ཇེ་ཉེ་རུ་འགྲོ་བཞིན་ཚོགས་པར་བརྩི་མཐོང་གིས་སེམས་ཁུར་དང་དེའི་ལས་དོན་ཁག་ལ་དོ་སྣང་བྱེད་པའི་མི་ཚོགས་ཀྱང་སྤང་ལ་ཤ་མོང་བརྡོལ་བ་ནང་བཞིན་ཇེ་མང་ནས་ཇེ་མང་དུ་འཕེལ་བའི་ཁར། མི་རྣམས་སྔར་བཞིན་ཁེར་རྐྱང་ཚུགས་ཐུབ་དང་རང་སྒོ་རང་བཀགས་ངང་ཁ་ཐོར་ཉམ་ཆུང་གུ་དོག་གི་རང་བཞིན་ངང་སྡོད་པའི་གནས་ཚུལ་ཐབས་སྡུག་དེ་ལས་ཡོངས་སུ་བརྒལ་ཏེ་དགོན་སྡེ་ཕན་ཚུན་དང་མཉམ་འབྲེལ་ལྷན་ཚོགས་བར་གཅིག་ལ་གཅིག་བརྟེན་ངང་ཐུན་མོང་ཐོག་བསྟན་པའི་གནས་བབ་བཟང་དུ་གཏོང་བའི་མདུན་ལམ་གྱི་ཡང་རྩེར་མཉམ་བསྐྱོད་བྱེད་ཅིང་ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་བཞུར་བ་ནང་བཞིན། རྒྱ་ཆེའི་མི་དམངས་མང་ཚོགས་ཁྲོད་མཉམ་འབྲེལ་ལྷན་ཚོགས་ཆེན་མོར་ངོས་ལེན་དགའ་འབོད་དང་གོང་བཀུར་རྒྱབ་སྐྱོར་བྱེད་པའི་ཤུགས་རྐྱེན་ལོ་རེ་ནས་ལོ་རེ་བཞིན་ཁྱབ་རྒྱ་ཇེ་ཆེ་རུ་འགྲོ་བཞིན་འདུག་པ་མིག་མཐོང་ལག་ཟིན་ཏུ་གྱུར། ཡིན་ནའང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་རིག་པར་བཅངས་པའི་བརྩེ་སེམས་ཀྱི་འགན་འཁྲི་དང་དེའི་དགེ་མཚན་འཕྲིན་ལས་སྔར་ལས་བླ་ལྷག་ཏུ་འཕེལ་ཞིང་། ལྷན་ཚོགས་འདི་ཉིད་འོད་སྟོང་འབར་བའི་ཤེས་རབ་ཀྱི་ལམ་ཆེན་སྟེང་རིག་གཞུང་དཔྱད་གླེང་གི་རྐང་བ་བརྟན་པོ་བཙུགས་ཏེ་མུ་མཐུད་མདུན་བསྐྱོད་བྱེད་ཐུབ་པར། རྒྱ་ཆེ་བའི་ལྷག་བསམ་ཅན་རྣམ་པས་ཚོགས་པ་འདི་ལ་རྒྱབ་སྐྱོར་ལམ་སྟོན་ཆེན་པོ་གནང་རྒྱུའི་འབོད་བསྐུལ་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བཞིན་ཡོད་ཅིང་། རྒྱུ་མཚན་ནི། ང་ཚོའི་ཡར་ཐོན་ནམ་ཚོགས་པས་བོད་ཀྱི་ཤེས་རིག་དར་སྤེལ་ལ་ཞབས་འདེགས་ཞུ་བའི་གོ་སྐབས་དང་གྲུབ་འབྲས་ཡོད་ཚད་ནམ་ཡང་མིའི་རིགས་ཀྱི་ཆོས་རིག་ལོ་རྒྱུས་སྤྱི་ལ་དུང་བ་ཟབ་པའི་མཁས་དབང་སྤྱི་དང་། ལྷག་པར་དུ་ཞང་ཞུང་ཤེས་རིག་ལ་དུང་བའི་བརྩེ་སེམས་དྲག་ཏུ་འཕྱུར་བའི་བོད་རིགས་གཞོན་སྐྱེས་དཔྱོད་ལྡན་རྣམ་པ་གཙོར་བྱས་ཐོགགཡུང་དྲུང་བོན་གྱི་བསྟན་པའི་ལས་དོན་ལ་ནམ་ཡང་ཐུགས་སེམས་གཙང་དག་ཡིན་པའི་རྒྱ་ཆེའི་བོན་དད་མང་ཚོགས་ཀྱི་ཤུགས་ཆེན་པོས་རྒྱབ་སྐྱོར་དང་བྱམས་བརྩེའི་སློབ་སྟོན་བཅས་ལ་དུས་གཏན་ཏུ་ཁ་འབྲལ་ཐབས་མེད་པས་ཡིན།