| གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཕེལ་རིམ་མདོར་བསྟན།། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༩༽ 2017-11-16 14:10:23 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།
སྐྱེས་ཆེན་དམ་པ་ཁྲི་སྟོང་གི་ཐུགས་དགོངས་གཞི་གཅིག་ཏུ་སྒྲིལ་བའི་བོན་བསྟན་ཤེས་རིག་དར་སྤེལ་ཐད་ཀྱི་ལས་གཞི་འགངས་ཆེན་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་དེས། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཤེས་རིག་གི་རྩ་བའི་རྟེན་གཞིའམ། བོན་གྱི་བསྟན་པ་སྲོག་སྙིང་ཡིན་པའི་ཞང་ཞུང་ཤེས་རིག་གི་གཟི་འོད་རང་ས་བོད་ཀྱི་ཡུལ་ནས་ཡང་བསྐྱར་འཛམ་གླིང་ལ་འཕྲོ་ཐུབ་པའི་སྟོབས་ཤུགས་གསར་བ་ཞིག་འབྱུང་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་རུང་། ཁྱད་འཕགས་ཀྱི་སྟོབས་ཤུགས་དེ་གཡུར་དུ་ཟ་བའི་འབྲས་བུ་ཞིག་ཏུ་འགྱུར་བ་བྱེད་ཆེད། འབྲེལ་ཡོད་བོན་གྱི་དགོན་སྡེ་ཐམས་ཅད་མཁས་བརྒྱ་འགྲན་གླེང་གི་ཁྲོད་དུ་ཞུགས་ནས་རི་བོ་གངས་ཅན་པ་ཚང་གི་བོན་བསྟན་ཤེས་རིག་ལོ་རྒྱུས་ལ་བལྟ་འཚོལ་སྦྱོང་གསུམ་བྱེད་པའི་ཚོགས་འདུ་ཆེ་ཆུང་རིམ་གྱིས་བསྐང་བ་ནི། ཡབ་མྱེས་ཀྱི་རྗེས་བཞག་ཕྲག་ཏུ་འཁྱེར་ཞིང་ཤེས་རིག་གི་འཕྲིན་ལས་རླབས་ཀྱིས་འདྲེན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ཚེ་སྲོག་འཕེལ་རིམ་གྱི་དབང་དུ་བྱས་པའི་ལོ་རྒྱུས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར། སྣང་ཚུལ་འདིའི་བརྒྱུད་རིམ་དངོས་ནི་འདི་ལྟར་ལགས་ཏེ། དེ་ཡང་སྤྱི་ལོ༢༠༠༠ཐམ་པའི་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་བོན་གྱི་འདུ་འཛོམས་མཛད་སྒོ་སྤེལ་བ་དེ་རྨང་གཞིར་བྱས་ཐོག༢༠༠༣ལོར་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་བརྗོད་གཞིར་བཟུང་བའི་བོན་གྱི་འདུ་འཛོམས་མཛད་སྒོ་ཐེངས་གཉིས་པ་དེ་ཡང་བསྐྱར་ལྟ་སར་བསྡུས་པ་དང་། དེ་མཚུངས༢༠༠༦ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་ལས་འགོའི་ཚོགས་འདུ་དེ་པེ་ཅིན་གྲོང་ཁྱེར་གྱི་བོད་ལྗོངས་གསོལ་མགྲོན་ཁང་ཆེན་ལ་བསྐང་ཞིང་། སྤྱི་ལོ༢༠༠༧ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་རྒྱུའི་སྟ་གོན་གྱི་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་སྣང་ཞིག་དགོན་ཆེན་དུ་བསྡུས།
སྤྱི་ལོ༢༠༠༩ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་པར་ཕྱོགས་གང་ཅིའི་ཆ་རྐྱེན་ཡོངས་སུ་འཛོམས་པ་དང་བསྟུན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་ཉིད་ཡང་བསྐྱར་སི་ཁྲོན་ཞིང་ཆེན་རྔ་ཡུལ་སྣང་ཞིག་དགོན་ཆེན་ལ་གཟབ་རྒྱས་ངང་འཚོགས་པ་དང་། སྤྱི་ལོ༢༠༡༠ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྩེ་ཞིག་དགོན་དུ་བསྡུས། སྤྱི་ལོ༢༠༡༡ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཤར་རྫའི་རི་ཁྲོད་ལ་བསྐང་ཞིང་། སྤྱི་ལོ༢༠༡༢ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དེ་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་བའི་གླིང་ལ་སྐོང་འཚོགས་བྱས། སྤྱི་ལོ༢༠༡༣ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དེ་སི་ཁྲོན་ཞིང་ཆེན་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་དུ་འཚོགས། དེ་དང་ཆབས་ཅིག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོགཤར་ཁྲི་སྐྱང་ཁག་གསུམ་གྱིས་མཐུན་རྐྱེན་བླ་མེད་སྦྱར་ཏེ་ལོ་རྒྱུས་རང་བཞིན་ཅན་གྱི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང་། བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཐེངས་དང་པོ་ཡང་གནས་དེ་རུ་གཟབ་རྒྱས་ངང་བསྐང་བར་མཛད། སྤྱི་ལོ༢༠༡༤ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་སི་ཁྲོན་མཛོད་དགེ་རྫོང་ཨ་སྐྱིད་སྐྱང་ཚང་དགོན་ལ་བསྡུས་ཤིང་། སྤྱི་ལོ༢༠༡༥ལོའི་ཟླ༩པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་ལྔ་བ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ལ་སྐོང་འཚོགས་བྱས།
སྤྱི་ལོ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དཔལ་ཤར་རྫའི་རི་ཁྲོད་དགེ་ཐང་བཤད་སྒྲུབ་པདྨ་དགྱེས་པའི་དགའ་ཚལ་དུ་གཟབ་རྒྱས་ངང་འཚོགས་པ་དང་། ད་ལོ་སྟེ༢༠༡༦ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཐར་བདེ་དགོན་དུ་འཚོགས་པ་རེད། གང་ལྟར་དགོན་རི་གྲོང་དུ་མས་དོན་འདིར་མི་རྒྱུ་ཚེགས་གསུམ་གྱི་ཞབས་འདེགས་གྱ་ནོམ་པ་བསྩལ་བས་མཚོན། ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་རིམ་གྱིས་ཇེ་ལེགས་ཇེ་རྒྱས་སུ་འཛོམས་པ་ལ་བརྟེན་བསྟན་པའི་འཕྲིན་ལས་སུ་དགོངས་འཆར་གལ་ཆེན་དང་ལས་གཞི་གནད་སྨིན་བཅས་འདོན་པའི་ཚོགས་འདུ་འདི་དང་འདི་ལྟ་བུ་མུ་དང་མུ་མཐུད་ནས་བསྐོང་རྒྱུ་བཅས་ཀྱིས་གངས་ཅན་བོད་པའི་མེས་པོ་མཁྱེན་དཔྱོད་ཅན་དག་གི་ཤེས་རབ་བླ་མེད་ཀྱི་རིག་པའི་ཉི་གཞོན་བསྐལ་པའི་མཐའ་རུ་ཅི་དགར་མཁའ་ལ་རྟག་ཏུ་རྩེན་པར་བྱ་ཞིང་། གངས་ཅན་བོད་པའི་ཤེས་རིག་གི་རྒྱུན་བཟང་དུས་རབས་ཀྱི་རླབས་ཕྲེང་དང་བསྡོངས་ཏེ་འཛམ་གླིང་རིག་གཞུང་གི་རྒྱ་མཚོ་ཆེན་མོ་བསྐལ་པའི་མཐར་ཡང་མཁའ་ལ་འཕེལ་བའི་གསོས་སྨན་དུ་འགྱུར་ངེས་ཡིན་པ་དེ་རེད།
|