མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་གྲོས་འགོའི་ཚོགས་འདུའི་བརྒྱུད་རིམ་ཁག

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་གྲོས་འགོའི་ཚོགས་འདུའི་བརྒྱུད་རིམ་ཁག

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༠༽


2017-11-23 11:34:58 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་བྱེ་བྲག་ཏུ་བཤད་པ།

གངས་ལྗོངས་དགེ་མཚན་དུས་ཀྱི་མཐར་ཡང་ཉམས་མེད་གཟི་བྱིན་ལེགས་འབར་བའི། །

ཞང་བོད་མེས་པོའི་གཙུག་ལག་མཛོད་ཆེན་གྱེར་བསྟན་ཉི་མ་འོད་པོ་ཆེ། །

འགྲོ་ཁམས་རྒྱ་མཚོའི་དཔལ་དུ་འདེགས་ལ་མཛད་བཟང་ཤིང་རྟ་འདྲེན་མཁས་པར། །

གནམ་སའི་བར་ན་འོད་ཀྱིས་བཞད་པའི་ལྷན་ཚོགས་ཏི་སེ་ལྟ་ན་སྡུག །

དང་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་རིམ་པའི་སྐོར།

གཅིགགཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་གྲོས་འགོའི་ཚོགས་འདུའི་བརྒྱུད་རིམ་ཁག

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐུལ་བྱེད་པའི་བྱ་བ་དངོས་ཀྱི་བརྒྱུད་རིམ་ལ་མཚོན་ན། དེ་ལ་སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་ཇི་འདྲར་རྒོད་ཀྱང་ཡུལ་དངོས་ཀྱི་ཆ་ནས་ཁ་བའི་བླ་སྲོག་འགྲན་མེད་ཡིན་པའི་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ལ་ནུས་པ་འདོན་པའི་ཤུལ་འཛིན་གྱི་དཔུང་སྡེ་ཡོད་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱིའི་འགྲོ་ཕྱོགས་ལ་དཔེ་བལྟས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞང་བོད་ཆོས་རིག་གཙུག་ལག་རྒྱ་མཚོའི་ནོར་མཛོད་གང་ཞིག་སྙིགས་མའི་དུས་ཀྱི་རྒུད་པ་རྨང་ནས་གསོ་ཞིང་། མི་རབས་རྗེས་མའི་བསམ་བློའི་དཔལ་ཡོན་དུ་རྩིས་འབུལ་བརྒྱུད་སྤྲོད་བྱེད་པའི་འགན་འཁྲིའི་བྱ་བཞག་མངོན་འགྱུར་ཡོང་སླད་དུ་དམིགས་ཏེ། ༢༠༠༠ཐམ་པའི་སྟོན་ཁར་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་བརྗོད་གཞིར་བཟུང་བའི་བོན་གྱི་འདུ་ཚོགས་མཛད་སྒོ་ཞིག་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་དངོས་སུ་བསྡུས་པ་དང་། ཐེངས་དེར་ཚོགས་བཅར་གནང་མཁན་གྱི་བླ་སྤྲུལ་དགེ་བཤེས་དང་གྲྭ་སྔགས་སེར་སྐྱ་བཅས་མི་གྲངས་བཅོ་ལྔ་ཙམ་གྱིས་ཚོགས་ཐོག་ཏུ་རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་ངོ་བོ་དང་རིག་གཞུང་གི་ཕན་རླབས་སྐོར་ཟབ་ས་ནས་གླེང་བ་བཅས། མདོར་ན་བོད་ཀྱི་ཆོས་རིག་གཙུག་ལག་དར་སྤེལ་ལ་རང་རང་གི་ལས་གནས་སུ་སྤོབས་པའི་དཔུང་བ་མཉམ་གཤིབ་བྱེད་དགོས་རིགས་ཐད་ཕན་ཚུན་སེམས་པའི་ནང་དུ་སེམས་པ་བཞག་པའི་ཚོགས་འདུ་གལ་ཆེན་ཞིག་ཏུ་གྱུར་བ་དང་། དེ་རྗེས་སྤྱི་ལོ༢༠༠༣ལོའི་ཟླ༣ཚེས་༡༧ཉིན་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་བརྗོད་གཞིར་བཟུང་བའི་བོན་གྱི་འདུ་འཛོམས་མཛད་སྒོའི་ཚོགས་འདུ་ཐེངས་གཉིས་པ་དེ་ཡང་བསྐྱར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་བསྐོང་འཚོགས་བྱས། ཚོགས་ཐོག་ཏུ་ལྷ་སར་ཡོད་པའི་བོན་པོའི་འབབ་ཚུགས་ཀྱི་སྐོར་ལ་གྲོས་མོལ་གླེང་བརྗོད་བྱས་པ་དང་འབྲེལ་བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་ཤུན་གྱི་བྲག་དཀར་རྩེ་རྫོང་ལ་བསང་གསོལ་འདུ་འཛོམས་བྱེད་པའི་དུས་ཚིགས་གཏན་འཁེལ་བྱེད་པའི་སྐོར་དང་། བསྟན་འགྲོ་སྤྱི་ཕན་བོན་གྱི་ཐེབས་རྩ་ལྷན་ཚོགས་སམ་ཡང་ན་བོན་འབངས་སྤྱི་ལ་དབང་བའི་བོན་གྱི་སྒྲིག་འཛུགས་ཞིག་འཛུགས་དགོས་པའི་སྐོར་ལ་གྲོས་ཞིབ་ཟབ་ཏུ་གནང་ལ། དེ་བཞིན་སྤྱི་ལོ༢༠༠༦ལོའི་ཟླ༥པའི་ཚེས༡༣ཉིན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐུལ་འཛུགས་བྱེད་པའི་གྲོས་འགོའི་ཚོགས་འདུ་དེ་པེ་ཅིན་གྲོང་ཁྱེར་གྱི་བོད་ལྗོངས་གསོལ་མགྲོན་ཁང་ཆེན་དུ་བསྐང་བ་རེད། ཐེངས་དེའི་ཚོགས་ཞུགས་མི་སྣ་ལ། འཇར་མན་རྒྱལ་ཁབ་ཏུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཅིག་པར་ཕེབས་མཁན་གྱི་མཁས་དབང་བོན་བརྒྱ་བ༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་། སྣང་ཞིག་སློབ་ཟུར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ལན་གྲུ་སློབ་ཆེན་གྱི་དགེ་རྒན་ངག་དབང་རྒྱ་མཚོ། དེ་མིན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་། སེང་སྤྲུལ་རིག་འཛིན་ཉི་མ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྤྲུལ་རིག་སྔགས་རྒྱ་མཚོ། མཁན་པོ་ཚེ་རིང་ནོར་བུ། རྟོགས་ལྡན་བསྐལ་ཁོ་སོགས་ཀྱིས་མཚོན་པེ་ཅིན་དུ་བཞུགས་པའི་བོན་གྱི་བླ་སྤྲུལ་དང་དགེ་བཤེས། རིག་གཞུང་ཞིབ་འཇུག་པ་བཅས་ཁྱོན་མི་གྲངས་བཅུ་གསུམ་ཐེངས་འདིའི་ཚོགས་འདུར་ཟབ་ཞུགས་གནང་།

   ཚོགས་འདུ་དེ་ནི་གཞི་ཁྱོན་གྱི་ཆ་ནས་ཤིན་ཏུ་ཆུང་རུང་། དེ་ཡང་མི་བུ་ཆུང་ཡང་རིགས་ཀྱི་སྲས་ཤེས་པའི་དཔེ་ལྟར་མི་སེམས་སྒུལ་བར་བློ་བསྐྱེད་ཆེ་བའི་ཚོགས་འདུ་ཞིག་གི་ངོ་བོར་ཕྱིན་ཡོད་པ་སྟེ། ཤེས་འཇོན་ལྷག་གསུམ་གྱི་ཡོན་ཏན་མངོན་པར་མཐོ་བའི་ཚོགས་མི་རྣམ་པས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་དུས་རབས་དང་བསྟུན་ནས་སྔར་ལས་དར་སྤེལ་ཇི་ལྟར་གཏོང་ཐབས་སྐོར་ཕན་ཚུན་ལ་བསམ་བློའི་ལྟ་ཚུལ་བརྗེ་རེས་བྱས་པས་མ་ཚད། བོན་འབངས་ཡོངས་ཀྱི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་སྐུ་ཚེ་ཧྲིལ་བོར་འཛམ་གླིང་གོ་ལའི་ཁྱོན་ཆེན་པོར། གཤེན་བསྟན་འཛིན་སྐྱོང་སྤེལ་བའི་གསང་གསུམ་མཛད་འཕྲིན་གྱི་བྱ་བཞག་བསྐྱང་བ་ལ་གུས་བཀུར་ཡི་རང་གི་སྡོམ་ཚིག་ཡང་དག་བཀོད་ཅིང་། བསྟན་པ་མཁའ་མཐར་སྤེལ་བའི་ཐུགས་སྟོབས་ལ་སྙིང་དབུས་ནས་ཚད་མཐོའི་གདེང་འཇོག་བླ་མེད་བྱས་པ་དང་འབྲེལ་སྔགས་བརྗོད་ཀྱི་མེ་ཏོག་ཀྱང་མཁའ་ལ་གཏོར།

   དེས་མ་ཚད་བོད་དུ་བསྟན་པ་ཡང་དར་གྱི་ཉི་མ་ཤར་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་རྒྱང་བལྟ་བྱེད་པའི་ཁྲོད་དུ། སྔར་བྱོན་མཁས་པ་རྒན་རབས་པ་རྣམ་པའི་ཕྱག་རྗེས་ལ་རྒྱུས་མངའ་ལོན་པའི་སྒོ་ནས་མཐོང་ཆེན་བྱེད་པར་ཤུགས་སྣོན་བརྒྱབ་ཞིང་། གཞན་ཕན་བྱམས་བརྩེ་རིག་གནས་ཀྱི་ཡབ་ཆེན་དུ་བགྲངས་པའི་བོན་བསྟན་ཤེས་རིག་གི་གནས་བབ་ལ་དོ་སྣང་དང་། བོད་མི་རིགས་ཀྱི་བསམ་བློའི་མཚོན་བྱེད་ཉག་ཅིག་ཏུ་གྱུར་བའི་རིག་གཞུང་དེ་ཉིད་ཀྱི་སྙིང་སྟོབས་དར་སྤེལ་ལ་སེམས་ཁུར་བྱེད་པའི་མི་བུ་སྔར་ལས་ཇེ་མང་དུ་འགྲོ་ཕྱིར། ཚོགས་ཞུགས་མི་སྣ་རང་རང་གི་ངོས་ནས་ཀྱང་རང་ལ་བདོག་པའི་ཤུགས་རྐྱེན་དང་ནུས་པ་ཅི་ཡོད་འདོན་སྤེལ་གང་ལེགས་བྱས་ཏེ། དུས་སྐབས་འོས་འཚམས་ཤིག་ལ་རྔ་ཡུལ་སྣང་ཞིག་དགོན་ཆེན་ནས་རྒྱལ་ཡོངས་རང་བཞིན་ཅན་གྱི་བོན་པོའི་གྲོས་ཚོགས་ཤིག་བསྐང་ན་དགེ་ཕན་ཆེ་བའི་ལྟ་ཚུལ་ལ་བསམ་བློ་གཅིག་མཐུན་བྱུང་བ་བརྒྱུད། དེ་བཞིན་སྣང་ཞིག་དགོན་ཆེན་ལ་གྲོས་འདོན་རེ་ཞུའི་ཡི་གེ་འབུལ་རྒྱུ་ལག་ལེན་དུ་འཐུས་པར་མཛད་པ་སོགས། མདོར་ན་ཚོགས་འདུ་དེ་ནི་བོད་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བོན་བསྟན་ཤེས་རིག་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པར་དོན་སྙིང་ལྡན་པའི་གནས་ཚུལ་དགའ་འོས་པ་ཞིག་ཏུ་གྱུར་པ་དེ་རེད།