| གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༡༽
2017-12-18 15:33:13 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་སི་ཁྲོན་རྔ་ཡུལ་སྣང་ཞིག་དགོན་ཆེན་ལ་གཟབ་རྒྱས་ངང་འཚོགས་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཛུགས་པར་ཕྱོགས་གང་ཅིའི་ཐད་ནས་ཆ་རྐྱེན་ཡོངས་སུ་འཛོམས་པ་དང་བསྟུན། སྤྱི་ལོ༢༠༠༩ལོའི་ཟླ༡༢ཚེས༨ནས་ཚེས༡༠བཅས་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་ཨ་མདོ་རྔ་ཡུལ་སྣང་ཞིག་དགོན་ཆེན་ལ་གཟབ་རྒྱས་ངང་འཚོགས། ༢༠༠༩ལོའི་ཟླ༡༢པའི་ཚེས༨ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠ཡས་མས་ལ། ཕྱི་ནང་གཟུང་འཛིན་གྱི་སྣང་བ་བདེན་མེད་སྟོང་བའི་གཞི་དབྱིངས་སུ་དག་པར་ཞིག་པའི་ཞིག་ཆེན་གྲུབ་རིགས་ཀྱི་གདན་ས་མཆོག་གྱུར་ཨ་མདོ་རྔ་བ་སྣང་ཞིག་དགོན་ཆེན་དུ། ལྷ་བསང་གི་དུད་པ་སྔོན་མོ་ནམ་མཁའི་མཐོང་ལ་ལྷོག་ལྷོག་ཏུ་འཕྱུར་ཞིང་། ཙན་དན་དཀར་དམར་དང་སྤོས་ཤུག་དྲི་བཟང་གི་ངད་པ་ཆེས་ཆེར་ལྡང་བས་ཕྱི་ནང་གསང་གསུམ་གྱི་མཁའ་དབུགས་ཡོངས་སུ་གཙང་ཞིང་དག་པར་བྱས་པའི་ཀློང་ན། དགའ་དད་སྤྲོ་གསུམ་མཚོན་ཕྱིར་བོད་མི་རིགས་རང་གི་སྲོལ་རྒྱུན་ལྟར་ལུས་ལ་གཡུ་བྱུར་གོས་ཕྲུག་གི་གཟབ་འཆོར་སྤྲས་པ་དང་། ལག་ཏུ་དར་དཀར་རིང་མོ་མཁའ་རུ་འདྲེན་པའི་ལྷ་སྡེ་མང་ཚོགས་ཁྲི་ལ་ཉེ་བ་ཙམ་གྱིས་ཐོག་དྲངས་ཏེ། བཤད་སྒྲུབ་སློབ་གླིང་གི་སློབ་ཚོགས་འདུས་པ་རྒྱ་མཚོས། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་གསོལ་འདེབས་ཚངས་པའི་དབྱངས་སུ་གྱེར་པ་དང་ལྷན་ཅིག་སེར་ཕྲེང་ཚར་དུ་དངར་བས་མདུན་བསུ་བཞིན། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔ་དང་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་རྣམས་བཤད་སྒྲུབ་སློབ་གླིང་གི་ཚོགས་ཁང་ཆེན་མོར་བསུས་བྱུང་། སྔ་དྲོའི་ཆུ་ཚོད༡༡གི་སྐབས་མི་ཚོགས་ཀྱིས་སྤྲོ་དགའི་བསམ་སྦྱོར་དང་དད་པའི་སེམས་ཤུགས་སོགས་གཞི་གཅིག་ཏུ་འདྲེས་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་འབྲུག་སྟོང་ལྡིར་བ་ལྟར་དབྱངས་ལ་བསྐྱོན་པའི་ཁྲོད་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། རྒྱལ་བ་གཤེན་གྱི་གདུང་འཛིན༧དམུ་གཤེན་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རིན་པོ་ཆེ་རྣམ་པ་ཟུང་གིས། སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དང་མིའི་རིགས་ཀྱི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ། ཞང་ཞུང་ཤེས་རིག་གི་བསམ་བློའི་གཟི་བརྗིད་བསྐྱར་དར་ཡོང་ཆེད་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་ཨ་སྔོན་ནམ་མཁའི་དབྱིངས་སུ་བསྒྲེངས་པ་ན། དགོན་སྡེ་སུམ་བརྒྱ་ལྷག་དང་དེའི་སྐྱབས་འོག་གི་བོན་འབངས་ཡོངས་ཀྱིས། མཐུ་དཔུང་རྡོག་རྩ་གཅིག་ཏུ་སྒྲིལ་བ་མཚོན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོ་དངོས་སུ་དབུ་བརྙེས་པ་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་པ་རེད། རྔམ་བརྗིད་ལྡན་ལ་ཤེས་རིག་གི་མཁའ་དབུགས་ཀུན་ནས་གཙང་བའི་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ཚོགས་ཆེན་འགོ་བརྩམས་པ་དང་བསྟུན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས་ཚོགས་པའི་ཚབ་བྱས་ཏེ་གསུང་རྒྱུར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཟི་བརྗིད་ངང་ནས་དེ་རིང་དངོས་སུ་དབུ་བརྙེས་པ་འདི་ནི། བོན་གྱི་བསྟན་པ་སྲོག་ཤིང་ཡིན་པའི་ཞང་བོད་ཤེས་རིག་དར་སྤེལ་ཁྲོད་ཀྱི་ལས་གཞི་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་མཐོར་འདེགས་ལ་ཕན་རླབས་ཆེ་ཞིང་། འཛམ་གླིང་སྟེང་གི་མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་གི་ལས་ཀར་གཅིག་ཏུ་སྨན་པའི་ལོ་རྒྱུས་སྟེང་གི་མཛད་པ་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། ཚོགས་པ་འདི་འདྲ་ཞིག་དབུ་བརྙེས་པ་དེས་ས་སྒང་རིལ་བོའི་སྟེང་ཞང་བོད་རིག་གཞུང་ལ་དགའ་གུས་བླ་ལྷག་དང་ཉམས་ཞིབ་གནང་བཞིན་ཡོད་པའི་མི་བུ་ཡོངས་ལ་སྤོབས་སེམས་སྐྱེས་པའི་དྲན་སྐུལ་ཆེན་པོ་བྱེད་ཐུབ། བདག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཡོད་པའི་ཆ་ནས། ངས་ཚོགས་པའི་ཚབ་བྱས་ཏེ་གངས་ཅན་བོད་པའི་ཤེས་རིག་གི་འབྱུང་ཁུངས་གཡུང་དྲུང་བོན་གྱི་བསྟན་པའི་གནས་བབ་ལ་དོ་ཁུར་དང་། ཞང་ཞུང་རིག་གནས་ཀྱི་འཕྲལ་ཡུན་དགེ་བའི་སྙིང་སྟོབས་ཟབ་མོ་འཚོལ་ཞིབ་བྱེད་པའི་རྒྱ་ཆེའི་མི་དམངས་མང་ཚོགས་གཙོས། བོད་ཀྱི་ཆོས་རིག་ལོ་རྒྱུས་སྤྱི་ལ་དགའ་ཞིང་རྣམ་དཀར་དགེ་བར་བརྩོན་སེམས་ཆེ་བའི་ལས་རིགས་གཅིག་པའི་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་དགའ་འབོད་དང་གུས་བཀུར་བླ་མེད་བྱས་པ་བརྒྱུད། སྤྲོ་སེམས་འཁོལ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུང་ངག་ཚངས་པའི་དབྱངས་ཀྱིས་བསྙད་པས་ན། མི་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་ཚོགས་ར་ལས་བརྒལ་ཏེ་མཛེས་སྡུག་ལྡན་པའི་མདོ་དབུས་མཐོ་སྒང་གི་རི་ལུང་ལ་བར་མེད་དུ་ཁྱབ་ཅིང་། བོན་བསྟན་ཤེས་རིག་འཕེལ་རྒྱས་ཀྱི་དབང་གྲགས་ལྡན་པའི་ཐོབ་ཐང་གི་ལང་ཚོ་དེ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་དཔྱིད་ཀྱི་དཔལ་ཡོན་གྱིས་ཡོངས་སུ་སྒེག་པར་བྱས། མ་ཟད་ཁོང་གིས་ད་དུང་གནད་ལ་འཁེལ་ཞིང་ཐབས་ཇུས་ལྡན་པའི་གསུང་བཤད་གལ་ཆེན་གནང་བ་དེས་ཁོང་ཉིད་གཡུང་དྲུང་བོན་དང་དགོས་ཀྱི་ཞང་བོད་ཤེས་རིག་ལ་ཤ་ཞེན་རུས་དུང་ཆེ་བ་ལྷག་པར་མཚོན་ཞིང་། དེ་དང་བསྟུན་ཞང་བོད་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལ་ཚོགས་ཞུགས་བསྟན་འཛིན་སྐྱེས་ཆེན་རྣམ་པས་ཀྱང་། དངོས་ཡོད་གནས་ཚུལ་གཞི་རུ་བཟུང་སྟེ་བློ་སྒོ་འབྱེད་པའི་ལྟ་ཚུལ་གཅིག་བས་གཅིག་ཟབ་པ་མང་དུ་བྱུང་བ་བཅས་ཀྱིས། ཚོགས་འདུའི་ངོ་བོ་འཁྲུག་ཆ་དོད་ཅིང་རིན་ཐང་ལྡན་པར་བསྐྲུན་པ་ལས། དཔེར་ན་མཐུན་སྒྲིལ་ལྟ་བུའི་ཆ་ནས་མཐུན་སྒྲིལ་ནི་ཐུན་མོང་གིས་ངོས་ནས་ཚོགས་པར་བཅངས་པའི་ཐུན་མོང་གི་ཁེ་ཕན་མཚོན་ཐབས་ཀྱི་སོན་རྩ་དང་ཕུགས་རེ་མངོན་འགྱུར་བྱེད་པའི་འགན་ལེན་ཡིན་པ་སྟེ། མཐུན་སྒྲིལ་གྱིས་རང་ཉིད་སྟོབས་དང་ལྡན་པར་བྱེད་པས་མ་ཚད་མཐུན་སྒྲིལ་ནི་བོན་བསྟན་ཤེས་རིག་གི་གནས་བབ་ཇེ་ལེགས་སུ་འགྲོ་བར་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་རྩ་བ་ཡིན་སྟབས་མཐུན་སྒྲིལ་ལ་ཚང་མས་ལག་འཇུ་དམ་དུ་བསྐང་དགོས་ལ། གལ་ཏེ་སུ་ལ་མཐུན་སྒྲིལ་མེད་ན་དེ་ཡི་སྟོབས་ཤུགས་ཉམས་ཉེས་སུ་འགྲོ་ངེས་ཡིན་པ་དོན་དངོས་དང་མཐུན་པའི་གནས་ལུགས་ཤིག་ཡིན་ཞིང་། བསམ་བློའི་འདུ་ཤེས་ཀྱི་སྟོབས་ཤུགས་ཟད་པའི་སྤྱི་སྒེར་ཡན་ག་བ་ཞིག་ལ་ཡར་རྒྱས་ཟེར་བ་ཞིག་རྩ་བ་ཉིད་ནས་ཐོན་ཐབས་མེད་པ་སྤྱི་ཚོགས་ཀྱི་གྲུ་ཁ་གང་རུང་ནས་གསལ་ཁ་སྤྲད་ཡོད་སྟབས། མཐུན་སྒྲིལ་ནི་རྡོག་རྩ་གཅིག་སྒྲིལ་བྱེད་པའི་གོང་བུ་དང་ཚོགས་པའི་ལས་འགན་ལེགས་འགྲུབ་ཡོང་བའི་མཐུན་རྐྱེན་ནམ་ཤེས་རིག་དར་སྤེལ་གྱི་ལག་ཆ་གཙོ་གྲས་ཤིག་ཡིན་པར་ཚོགས་མི་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་དུ་གནང་ཐོགདེ་འདྲའི་མཐུན་སྒྲིལ་དེའང་སྤྱི་མཐུན་གྱི་ལས་ལ་ཡིད་ཆེས་ཀྱིས་དམིགས་པའི་ཁོ་ཚོའི་ཐུན་མོང་གི་སེམས་ཁམས་དང་གོམས་གཤིས། ཆོས་ལུགས་དད་འདུན་སོགས་ཕྲེང་ཐག་གཅིག་གིས་གཅིག་ཏུ་སྦྲེལ་བའི་བསམ་བློའི་སྙིང་སྟོབས་ཏེ། རིགས་ཞེན་གྱི་ལ་རྒྱར་ཚིགས་ཐུབ་ཀྱི་བསམ་གཞིགས་ཆགས་པ་ལས་བྱུང་བ་ཞིག་ཏུ་འདོད་ཅིང་། བདེན་དོན་དང་གནས་ལུགས་ཀྱིས་ཕྱུག་པའི་ཤེས་རིག་གི་རིན་ཐང་འཛིན་སྐྱོང་ཁྱབ་སྤེལ་གྱི་ཆེད་དུ། མཐུན་སྒྲིལ་དང་ལ་རྒྱ་ཞེས་པའི་སྙིང་སྟོབས་དེ་སོ་སོའི་སེམས་ཁོངས་སུ་སྨིན་ཞིང་ལུས་ངག་གི་སྤྱོད་པའི་སྟེང་ནས་མཚོན་པར་བྱེད་དགོས་པའི་བླང་བྱ་ནན་མོ་གལ་ཆེན་དུ་བཏོན། མ་ཟད་མི་སུ་ཡིན་ཡང་སྤྱི་དོན་ལ་སེམས་ཁུར་དང་། རིག་གནས་ལ་གཅེས་སྤྲས། ཆོས་བརྒྱུད་ཕན་ཚུན་ལ་བརྩི་མཐོང་། སྲོག་ལྡན་སྤྱི་དང་ལྷག་པར་འགྲོ་བ་མིའི་རིགས་ལ་དུང་ཞེན་བཅས་བྱེད་པའི་འགན་འཁྲིའི་སྙིང་སྟོབས་བཟང་པོ་མུ་མཐུད་དུ་དར་སྤེལ་གཏོང་བ་དང་ཆབས་ཅིག་ཏུ། ནམ་ཡིན་ཡང་དཀྱེལ་ཡངས་རང་བཞིན་གྱི་གནས་སྟངས་དང་། ཞི་བདེ་རང་བཞིན་གྱི་བསམ་བློ། འདྲ་མཉམ་རང་བཞིན་གྱི་ལྟ་ཚུལ་ལྡན་པའི་བོན་བསྟན་ཤེས་རིག་གི་སྙིང་སྟོབས་ཀྱིས། རང་རང་གི་མི་ཚེའི་ཕུགས་འདུན་ལ་མཛུབ་ཁྲིད་དང་ཚེ་སྲོག་ལ་རིན་ཐང་སྩོལ་བར་འབད་པ་ལེགས་པར་བྱེད་དགོས་པའི་ཕྱོགས་ལ་སོ་སོའི་བསམ་བློའི་ལྟ་ཚུལ་བརྗེ་རེས་དང་། དེ་དག་གིས་མཚོན་བོན་གསར་རྙིང་དང་། མ་དགོན་བུ་དགོན། གྲྭ་ས་གོང་འོག་སོགས་རྩོད་པའི་ཁ་སྟབས་ངན་པ་འཁྱེར་ནས་བོན་པོ་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་ཅིང་མི་སེམས་ཚལ་པར་གཤག་པའི་སྐད་ཆ་རྫིག་པོ་མི་བཤད་ཅིང་། བོན་དད་མང་ཚོགས་ཀྱི་སེམས་ལ་མུན་པ་བསྐྱེད་བྱེད་དེ། སངས་རྒྱས་ཀྱི་བཀའ་དང་མི་མཐུན་པའི་སྤྱོད་ངན་ལ་ཐེར་འདོན་དགག་བཞག་བྱེད་པར་འབད་པ་ལྷུར་ལེན་གནང་རྒྱུའི་ཆོད་སེམས་བརྟན་པོ་འཆང་བས་མཚོན། མདོར་ན་ཐེངས་འདིའི་ཚོགས་འདུ་ནི་སྤྱི་ཁྱོན་གྱི་ཆ་ནས་བལྟས་ཚེ་ཁག་གཉིས་ཀྱིས་གྲུབ་ཡོད་པ་སྟེ། ཁག་དང་པོ་ལས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཟི་བརྗིད་དང་བྱིན་ཆགས་པའི་ངང་དབུ་བརྙེས་པ་དེས། བསྟན་པ་ཕྱི་དར་ཁྲོད་བོན་པོ་རྣམས་ཉམ་ཆུང་ཁ་འཐོར་དུ་སོང་ནས་སྟོབས་ཤུགས་གཅིག་གྱུར་མ་བྱུང་བའི་ཐབས་སྡུག་གི་ལོ་རྒྱུས་ཀྱི་མཇུག་འབྲས་ལ་རྫོགས་ཚིག་བཀོད་པ་དང་། ཁག་གཉིས་པ་ལས་གཡུང་དྲུང་བོན་གྱི་གྲུབ་མཐའ་འདིའི་དབང་དུ་བྱས་པའི་བླ་མ་དང་མཁན་པོ། དགེ་བཤེས། གྲྭ་བཙུན་དཀྱུས་མ། སྔགས་འཆང་། ཇོ་དགེ་སོགས་སུ་ཞིག་ཡིན་ཡང་རང་སེམས་ལ་སྐོར་བ་བྱོས། རང་ལུས་ལ་མདུད་པ་རྒྱོབས། ཞེས་པའི་དཔེ་བཞིན་སོ་སོའི་ངོས་ནས་རང་ཉིད་ཀྱི་འགན་འཁྲིའམ་ཐོབ་ཐང་ལ་ཆ་འཇོག་པ་སྟེ། རང་གི་བསླབ་སྡོམ་གྱི་རིན་ཐང་གི་ངོ་བོ་མཐོང་བའི་སྒོ་ནས་རང་སྟེང་གི་འཛུགས་སྐྲུན་ཤུགས་སྣོན་བྱེད་པའི་ཐབས་ལམ་ལ་ལེགས་པར་འབད་ཅིང་། རང་གི་ཆེ་བ་དང་། བསྟན་པའི་མཛེས་རྒྱན་དུ་རང་ཉིད་ཆོས་དང་རིག་གཞུང་གིས་ཐུགས་རྒྱུད་ཕྱུག་ལ། ཡ་རབས་སྤྱོད་བཟང་གི་ཁྱད་བོན་བདོག་པ། ལྷད་མེད་ལྷག་བསམ་གྱི་རང་མདངས་མངོན་པར་གསལ་བ་ཡིན་པ་སོགས། ཤེས་འཇོན་ལྷག་གསུམ་གྱི་ཆ་གང་ཐད་ནས་ཀྱང་བཀུར་འོས་མི་སྣ་ཚད་ལྡན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་སྐུལ་འདེད་ངེས་ཅན་དུ་བྱས་པ་རྣམས་རེད། ཐེངས་འདིའི་ཉིན་དང་པོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་བསྐལ་ཁོ་དང་། ཉིན་གཉིས་པར་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ཉིན་གསུམ་པར་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་སེང་སྤྲུལ་རིག་འཛིན་ཉི་མ་བཅས་ནས་ཚོགས་འདུའི་འགོ་འཛིན་བྱས་ཤིང་། ཐེངས་འདིར་ངག་ཐོག་དང་ཡིག་ཐོག་གང་རུང་ནས་གཏམ་བཤད་ཕུལ་བ་བསྡོམས་པའི་བརྒྱ་དང་དྲུག་ཅུ་ཐམ་པ་ཡོད་ལ། དེའི་ནང་དུ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་གཙོས་པའི་གྲྭ་ས་འོག་མ་གཡུང་དྲུང་གླིང་གི་དཔོན་སློབ་སྐལ་བཟང་རིག་འཛིན་དང་། རྒྱལ་གཤེན་ཞང་བོད་རིག་སློབ་གླིང་། ཤེས་རབ་བྱམས་མ་གླིང་། སྣང་རྒྱལ་ཨ་ཏི་ཤེས་རབ་ཉི་མས་མཚོན། ཚོགས་པ་དང་གྲགས་ལྡན་མི་སྒེར་ནས་ཕུལ་བའི་ལྷག་བསམ་གྱི་གསུང་འཕྲིན་བཅུ་གཉིས་འབྱོར་བ་དག་ཀྱང་ཚོགས་འདུའི་སྟེང་སྒྲོག་སྦྱོང་ལེགས་པར་གནང་། ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད། ༡དུས་ཡུན་ལོ་གཉིས་ཀྱི་རྗེས་སུ་རྒྱས་འཛོམས་ཚོགས་ཆེན་ཐེངས་གཅིག་རེ་བསྐང་རྒྱུ་དང་། རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་ལོ་གཅིག་ལ་ཐེངས་གཅིག་རེ་འཚོགས་ཐུབ་པ་གནང་རྒྱུ། ༢མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ་༢༠༡༠ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྩེ་ཞིག་དགོན་དུ་བསྡུ་རྒྱུ་དང་། ༣མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དེ་༢༠༡༢ལོར་སི་ཁྲོན་ཞིང་ཆེན་རྔ་ཡུལ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་ལ་ལྷན་འཛོམས་གནང་རྒྱུ། ༤ནག་ཆུའི་སྦྲ་ཆེན་ཀླུ་ཕུག་དགོན་གྱིས་གཙོ་སྒྲུབ་དང་གཙང་ཚ་དགེ་བཤེས་དཔོན་སློབ་ཤེས་རབ་གཡུང་དྲུང་གཙུག་ཕུད་ནས་འགན་ཁུར་གནང་སྟེ། རྗེ་མཉམ་མེད་བླ་མ་ཆེན་པོའི་བཀའ་འབུམ་དེབ་གཟུགས་སུ་པར་བསྐྲུན་འགྲེམས་སྤེལ་བྱེད་རྒྱུ། ༥བོད་ལྗོངས་ཆབ་མདོ་རྩེ་དྲུག་གི་བཤད་གྲྭའི་མཁན་པོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས། ལུང་རིག་གི་མངའ་བདག་འགྲོ་མགོན་བློ་གྲོས་རིན་པོ་ཆེའི་གསུང་འབུམ་ཆ་ཚང་ཕྱོགས་བསྒྲིགས་དང་དེབ་གཟུགས་སུ་དཔར་བསྐྲུན་གནང་རྒྱུ། ༦མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་སོ་སོའི་ངོས་ནས་དགོན་སྡེ་རང་རང་གི་ལོ་རྒྱུས་དང་པར་རིས་གང་འཚམ་ཚགས་སུ་ཆུད་པ་བྱས་ཏེ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་བོན་གྱི་དགོན་སྡེ་ལོ་རྒྱུས་རྩོམ་འབྲི་བྱེད་པར་རྒྱུ་ཆའི་ཡིག་ཚགས་དུས་ལྟར་མཁོ་སྤྲོད་གནང་ཐུབ་པ་ཡོང་རྒྱུ། ༧དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ལགས་དང་ཐར་བདེ་ཚེ་དབང་འཇིགས་མེད་རྣམ་གཉིས་ནས། པར་རིས་དང་བཅས་པའི་ཀོང་པོ་བོན་རིའི་དཀར་ཆག་རྩོམ་འབྲི་དང་དཔར་བསྐྲུན་གནང་རྒྱུ། ༨སི་ཁྲོན་རྔ་ཡུལ་སྣང་ཞིག་དགོན་ཆེན་ནས་རང་གི་ལྷ་སྡེའི་ཁྲོད་དུ་ལུས་ཡོད་ཅིང་། དེ་སྔོན་པར་བསྐྲུན་དུ་མ་སོང་བའི་བོན་དཔེ་རྙིང་བའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་དང་དཔར་བསྐྲུན་གྱི་ལས་འགན་བསྒྲུབ་རྒྱུ། ༩བོད་ལྗོངས་ཉིང་ཁྲིའི་མཛེས་ལྗོངས་གྲགས་ཅན་དང་སྟོན་པའི་ཐུགས་ལས་སྤྲུལ་པའི་གནས་ཆེན་ཀོང་པོ་བོན་རི་དེ་ཉིད་མི་གཞན་གྱིས་གང་འདོད་ལྟར་རྐོ་སློག་སྔོག་པར་བྱེད་པ་དེ་མྱུར་དུ་མཚམས་འཇོག་ཡོང་བར་ཕྱོགས་སོ་སོ་ནས་གོང་རིམ་ལ་སྙན་ཞུའི་ཡི་གེ་འབུལ་བ་བྱེད་རྒྱུ་མ་ཟད། བོན་གྱི་གནས་རི་རྩ་ཆེན་བོན་རིའི་ཁོར་ཡུག་སྲུང་སྐྱོབ་དང་། བོན་རིའི་རིག་གནས་དར་སྤེལ་ཐད་ལའང་དགོས་པ་སྐབས་བསྟུན་ལྟར་ཞབས་འདེགས་ཅི་ནུས་བསྒྲུབ་ཨེ་ཐུབ་ལ་འབོད་སྐུལ་བྱེད་པ་བཅས་ཡིན་ཞིང་། སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ་ཐེངས་འདིར་སྣོན་འཕྲི་ཅུང་ཙམ་བྱས་པའི་རྒྱུན་ལས་ལས་འཛིན་རྣམ་པའི་མཚན་ཐོ་ནི་གཤམ་གསལ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བློ་འདྲི་ཞུ་ཡུལ་གྱི་མི་སྣ་དང་། ཚོགས་གཙོ། ཚོགས་གཙོ་གཞོན་པ། དྲུང་ཆེ། དྲུང་ཡིག་ཆེན་མོ་གཞོན་པ། དྲུང་ཡིག་པ་བཅས་ཀྱི་མཚན་ཐོ་ལས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བློ་འདྲི་ཞུ་ཡུལ་གྱི་མི་སྣ། གཤེན་སྲས་ནོར་བུ་དབང་རྒྱལ། རྒྱལ་ཚབ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། སྐྱབས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྨོན་རྒྱལ་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱལ་ཚབ་འཇིགས་མེད་དབང་ཕྱུག ཚོགས་གཙོ། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ། ཚོགས་གཙོ་གཞོན་པ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། ཐར་བདེ་ཚེ་དབང་འཇིགས་མེད། རྩེ་དྲུག་བསྟན་འཛིན་འོད་ཟེར། སོག་སྡེ་བསྟན་པའི་ཉི་མ། མཁན་པོ་རྒྱ་མཚོ་ནོར་བུ། ཁྱུང་མོ་སྟོབས་ལྡན་དབང་ཕྱུགལི་ཤུ་གཤེན་རྒྱལ་བསྟན་འཛིན། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། རག་ཞིག་ཀུན་གསལ་སྙིང་པོ། སེང་སྤྲུལ་རིག་འཛིན་ཉི་མ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་བཅས་སོ། ། དྲུང་ཆེ། གདོང་བཙུན་རྒྱ་ཐར། དྲུང་ཡིག་ཆེན་མོ་གཞོན་པ། རྟོགས་ལྡན་བསྐལ་ཁོ། དྲུང་ཡིག་པ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། མཁན་པོ་ཚེ་རིང་ནོར་བུ། ཁྱུང་དཀར་ཟླ་བ་བསྟན་འཛིན། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། བོན་བརྒྱ་བསྟན་པའི་ཉི་མ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྙན་བཟང་བསོད་ནམས་གཡུང་དྲུང་བཅས་རེད། གཤེན་གྱི་བླ་སྤྲུལ་དགྱེས་འཛོམས་སྤྲོ་ཚོགས་ཆེན་མོ་ཞེས་པའི་བརྙན་འཁོར་དང་ཞང་བོད་གཏམ་གླེང་སྤྱིའི་དེབ་གྲངས་གཉིས་པར་ཐེངས་འདིའི་གནས་ཚུལ་གྱི་སྐོར་ཞིབ་རྒྱས་སུ་འབྱུང་ཡང་འདིར་མང་དུ་དྭོགས་ནས་དེ་ཙམ་ལས་འདྲེན་མ་སྤོབས་མོད་ཀྱི། ཐེངས་འདིའི་ཚུལ་ལ་རྒྱུས་མངའ་ཆ་ཚང་གནང་འདོད་ཆེ་བའི་དཔྱོད་ལྡན་དག་ལ། གོང་གི་བརྙན་འཁོར་དང་དེབ་དེར་གཟིགས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞིང་། བསྟན་དོན་ལ་བཅངས་པའི་དད་འདུན་དྭངས་གཙང་དང་ལྷག་བསམ་དཀར་པོའི་སྙིང་སྟོབས་དབྱར་མཚོའི་དོ་ཟླར་ཆས་པ་མཚོན་ཕྱིར་ཐེངས་འདིའི་ཚོགས་འདུ་དེ་ཡང་ཨ་མདོ་སྣང་ཞིག་དགོན་ཆེན་ནས་གཙོ་སྒྲུབ་གནང་བས་མ་ཚད། དགོན་སྡེ་རང་དང་འབྲེལ་ཡོད་ཀྱི་ལྷ་སྡེ་མི་སྡེ་ཚང་མས་ཀྱང་། བསྟན་པའི་དོན་ཆེན་འདིར་བསམ་པ་རྣམ་དག་དང་ཀུན་སློང་གཙང་མའི་རྒྱགས་ཕྱེ་ཕངས་མེད་འདོན་གནང་མཛད་པ་སྟེ། ཚོགས་འདུའི་མགོ་མཇུག་བར་གསུམ་དུ་གང་ལ་གང་དགོས་ཀྱི་གྲོན་དངུལ་སོགས་གཏོང་སྒོའི་མཐུན་རྐྱེན་བླ་མེད་སྦྱར་བའི་ཞབས་འདེགས་དེ་ནི། མི་སེམས་ལ་མདུན་སྐྱོད་ཀྱི་བློ་སྒོ་འབྱེད་པར་སྐུལ་འདེད་གཏོང་བའི་ཅི་འདྲའི་ངར་ཤུགས་ཀྱི་རླུང་གཡོབ་སྟོབས་ལྡན་ཞིག་དང་། ལོ་རྒྱུས་གསར་བའི་གཡུལ་ཁ་ནས་བོད་ཀྱི་ཆོས་རིག་འཕེལ་རྒྱས་ལ་སྟོབས་ཤུགས་འཛད་མེད་སྩོལ་ཐུབ་པའི་འཕྲིན་ལས་རིན་ཐང་ལྡན་པ་ཞིག་ཏུ་སོང་ཡོད་པ་རེད་ཨང་།
|