མདུན་ཤོག

བོན་གྱི་བྱ་འགུལ། - ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་གསར་འགྱུར་གཉིས།

ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་གསར་འགྱུར་གཉིས།

 


2017-12-19 16:27:26 རྩོམ་པ་པོ། ཉི་མ་བཟང་པོ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

1513671653886885.jpg

1513671653348987.jpg
1513671652661226.jpg 

དེ་རིང་སྟེ་སྤྱི་ལོ༢༠༡༧ལོའི་ཟླ༡༢པའི་ཚེས༡༨ཉིན་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་ལོ་མཇུག་རྒྱུགས་སྤྲོད་ཀྱི་རིག་གནས་ཡིག་རྒྱུགས་དང་བསྟུན་ཀ་ཤུལ་བསོད་རིན་གྱིས་སྒྲིག་རྩོམ་བྱས་པའི«ཀ་ཁ་ག་ང»ཞེས་པའི་སློབ་དེབ་དྲུག་གི་བདག་ཉིད་ཅན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཞོར་དུ་བསྡུས། ཚོགས་ཐོག་དེར་རིན་སྤུངས་དགོན་པའི་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་དང་། མཁན་ཀ་ཤུལ་བསོད་ནམས་རིན་ཆེན། བླ་མ་དོན་དབྱིངས་སོགས་དབུ་བཞུགས་ཐོག་ངེད་དགོན་པའི་དགེ་སྐོས་དང་ཨུ་ཡོན་ལྷན་ཁང་གི་མི་སྣ་རྣམས་དང་། ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་དགེ་སློབ་རྣམས་གཙོས་པའི་ལྷ་སྡེ་མི་སྡེ་སྟོང་ཡས་མས་ཤིག་མཉམ་ཞུགས་ཐོག་མཛད་སྒོའི་གོ་རིམ་རྣམས་རིམ་གྱིས་སྤེལ། དེ་ཡང་སྔ་དྲོའི་དུས་ཚོད་བཅུ་ནས་བཅུ་གཉིས་པར་ལོ་མཇུག་གི་རིག་གནས་ཡིག་རྒྱུགས་བླངས་ཤིང་། ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཙམ་ནས«ཀ་ཁ་ག་ང»འི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་རྟེན་འབྲེལ་གྱི་ཚུལ་དུ་སྤེལ་ཞིང་། ཚོགས་ཐོག་དེར་རིན་སྤུངས་དགོན་གྱི་དོ་དམ་ཁང་གི་ཨ་ཁུ་པད་མ་གཡུང་དྲུང་གིས་འགོ་འཛིན་འོག་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་བསྟན་འཛིན་དང་། ཀ་ཤུལ་བསོད་རིན། བླ་མ་དོན་དབྱིངས་སོགས་ཀྱིས་གསུང་བཤད་གྱ་ནོམ་པ་གནང་།

1513671652135455.jpg
1513671652106043.jpg

  དེ་ཡང་ཁམས་རིན་སྤུངས་དགོན་ལྔ་རིག་བོན་གྱི་སློབ་གླིང་འདི་ནི་སྤྱི་ལོ༢༠༡༦ལོའི་དབྱར་ཟླ་བརྒྱད་པའི་ནང་ཨ་མདོ་སྣང་ཞིག་གི་དགེ་བཤེས་ཀ་ཤུལ་བསོད་རིན་མཆོག་སྣང་ཞིག་སྐྱབས་མགོན་དང་སྣང་ཞིག་དགོན་གཞུང་ནས་དགོན་འདི་ལ་དགེ་རྒན་དུ་བཏང་གནང་བྱུང་བ་དང་བསྟུན་མཉམ་དུ་དབུ་འཛུགས་གནང་བ་ཞིག་ཡིན།

 


  དེ་ཡང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་མཚུངས་ཟླ་མེད་པའི་གཟིགས་སྐྱོང་འོག་དགེ་རྒན་ཆེན་མོ་ཀ་ཤུལ་བསོད་ནམས་རིན་ཆེན་ངེད་དགོན་པ་ལ་ཕེབས་གནང་བྱུང་བ་དང་བསྟུན་པད་མའི་ཚོགས་ལ་བོང་བ་འཁོར་བ་བཞིན་སློབ་མ་མང་པོ་མ་བོས་ངང་གིས་འཁོར་ཞིང་། དེ་བསྟུན་གྱི་ད་ལྟ་སློབ་གླིང་འདི་ལ་ལོ་རྒྱུས་འཛིན་གྲྭ་དང་། མཚན་ཉིད་འཛིན་གྲྭ། རིག་གནས་འཛིན་གྲྭ་སོགས་འཛིན་གྲྭ་སྣ་མང་གིས་གྲུབ་ཡོད། དེ་བཞིན་བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་གྱི་བསྟན་བདག་བླ་མ་མཆོག་སྤྲུལ་པད་མ་རིན་ཆེན་རིན་པོ་ཆེ་མཆོག་གི་བསྟན་དོན་བླ་ན་མ་མཆིས་པའི་གཟིགས་སྐྱོང་འོག་ངེད་སློབ་གླིང་གི་སློབ་མ་དྲུག་ཅུ་ལྷག་གི་གསོལ་ཚིགས་ལོ་བཞིའི་རིང་དུ་ཞལ་བཞེས་གནང་སྟེ། ད་ལོའི་དབྱར་ཁ་ནས་དབུ་བཟུང་སྟེ་དགེ་སློབ་ཡོངས་ལ་གཞུང་ནས་དུས་གསུམ་གྱི་གསོལ་ཚིགས་ཧ་ཅང་གྲ་རྒྱས་པ་འཛོམས་པར་མ་ཟད། བླ་མ་ཁོང་གིས་དགེ་རྒན་དང་ཇ་མ་སོགས་ཀྱི་ཟླ་ཕོག་སོགས་ཀྱང་ཐུགས་འགན་བཞེས་བཞིན་ཡོད་པས། ཁོང་གི་བཀའ་དྲིན་ལན་གྱིས་འཁོར་བ་ཞིག་ཡེ་ནས་མ་ཡིན་ནོ། །

 

   དེ་བཞིན་རྒྱལ་རོང་མཚོ་སྟེང་དགོན་པའི་སྐྱབས་རྗེ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ་ནས་སློབ་གླིང་འདིའི་ཁྲིད་བྱའི་ཡིག་ཆ་རྣམས་དང་ཟུར་བལྟས་བོན་གཞུང་མང་པོ་ཞིག་ལོ་རེ་བཞིན་སློབ་མ་རྣམས་ལ་གནང་བཞིན་མཛད་ཅིང་། ད་དུང་ཕྱེ་འབྲས་སོགས་གནང་སྟེ་དགེ་སློབ་རྣམས་ཀྱི་འཚོ་བའི་ཕྱོགས་ལ་མཐུན་རྐྱེན་བླ་ན་མེད་པར་བསྐྲུན།  དེ་བཞིན་མདོ་དབུས་ཁམས་གསུམ་གྱི་དགེ་བཤེས་མང་པོ་ཞིག་གིས་རིན་མེད་ངང་ངེད་སློབ་གླིང་གི་སློབ་མ་རྣམས་ཀྱི་གཟིགས་རྟེན་དུ་གཞུང་དེབ་དང་ཟུར་དེབ་ཡིག་ཆ་སོགས་སྔ་གཞུག་ཏུ་མཐུན་འགྱུར་གནང་བ་སོགས་ནི་ང་ཚོའི་བསྟན་པ་རྒྱས་པའི་རྒྱུ་ཡིན།

1513671652105724.jpg

  མདོར་ན་འདིར་བཤད་པའི་བསྟན་འཛིན་སྐྱེས་བུ་ཡོངས་དང་། ལྷག་པར་དུ་ངེད་དགོན་པའི་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་སོགས་བླ་མ་ལས་སྣེ་ཡོངས་ཀྱིས་ཡོད་ཚད་ཀྱི་གཙོ་བོ་སློབ་གླིང་ཡིན་པར་འཇོག་པའི་ཐུགས་བཞེད་འོག་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་བསྟན་པའི་པད་ཚད་སྔར་ལས་རྒྱས་པ་དང་། བསྟན་འཛིན་བུ་སློབ་ཡོངས་ཀྱི་མཛད་པའི་འཕྲིན་ལས་ཕྱོགས་མཐར་ཁྱབ་པའི་རེ་བ་དང་ཡིད་ཆས་སྔར་ལས་བརྟས་ཡོད།