མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༣༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༣༽

 


2017-12-20 10:45:39 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ་དཔལ་ཤར་རྫའི་རི་ཁྲོད་དུ་བསྐངས་པ།

   སྤྱི་ལོ༢༠༡༡ལོའི་ཟླ༩ཚེས༡༠ནས༡༢ཏེ་དུས་ཡུན་ཉིན་གསུམ་གྱི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དཔལ་ཤར་རྫའི་རི་ཁྲོད་དུ་བསྡུས། དེ་ལ་ཡོངས་གྲགས་ལྟར་ན་ཤར་རྫའི་རི་ཁྲོད་དུ་འབོད་པའི་རྒྱལ་དབང་ཤར་རྫ་པ་ཆེན་པོའི་གདན་ས་སྟེ། མཚན་ཆ་ཚང་ལ་ཤར་རྫའི་རི་ཁྲོད་དགེ་ཐང་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ་དུ་ཞུ་བ་དེ་ནི། རྒྱལ་དབང་ཤར་རྫ་པ་ཆེན་པོ༧བཀྲ་ཤིས་རྒྱལ་མཚན༡༨༥༩¨D༡༩༣༤མཆོག་ཉིད་སྙིགས་མའི་དུས་འདིར་ཟག་མེད་འཇའ་ལུས་འོད་གསལ་འཕོ་བ་ཆེན་པོའི་སྐུ་རུ་གྲོལ་བའི་གདན་ས་ཁྱད་པར་ཅན་ཡིན་ཞིང་། ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཁོང་གིས་སྤྱི་ལོ༡༨༩༣ལ་གནས་འདིར་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ་ཕྱག་བཏབ་མཛད་པ་ནས་བཟུང་། སྒྲུབ་སྡེ་དེ་ནི་ཤར་རྫ་གཡུང་དྲུང་ལྷུན་པོའི་རྒྱུད་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རྒྱ་ཆེར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་སོགས་ཁམས་ཁུལ་གྱི་གདན་ས་བླ་ན་མེད་པ་ཞིག་ཏུ་གྱུར་བས་མ་ཚད། ད་ལྟའི་ཆར་ཡང་མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་གསེར་ལྟར་ལྕི་བའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་། མཁན་པོ་རིག་འཛིན་དབང་རྒྱལ་གཙོར་བྱས་འབྲེལ་ཡོད་ཀྱི་བསྟན་འཛིན་སྐྱེས་ཆེན་མང་པོའི་ཐུགས་དགོངས་འོ་ཆུ་གཅིག་འདྲེས་ཀྱི་མཛད་བཟང་གོང་འཕེལ་འོགགནས་མཆོག་གང་གི་རི་ཁྲོད་གོང་མ་དང་རི་ཁྲོད་བར་མ། རི་ཁྲོད་འོག་མ་བཅས་ལ་སྒོམ་གྲྭ་དང་། སྒྲུབ་གྲྭ། བཤད་གྲྭ་སོགས་ཀྱི་ལུགས་སྲོལ་འགངས་ཆེན་དུ་ཚུགས་ཤིང་། མདོར་ན་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དཔྱིད་དུས་ཀྱི་དཔལ་ཡོན་རྒྱས་པ་ཇི་བཞིན། བོན་གྱི་གདན་ས་འཕེལ་སྟོབས་འགྲན་བཟོད་དཀའ་བ་ཞིག་ཏུ་འགྱུར་ངེས་ཡིན་པ་བཅས་རེད།
   ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་དང་། རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་ཉིད་རིགས་མི་འདྲ་བའི་ཚོགས་འདུའི་ལམ་ལུགས་གཉིས་སུ་དགར་ཡོད་ཅིང་། ཚོགས་འདུ་དེ་གཉིས་ཀྱི་རྒྱ་ཆེ་ཆུང་གི་འདུ་འགོད་ལ་ཁྱད་ཤིན་ཏུ་ཆེ་ནའང་། བོད་མེས་པོའི་རིག་གཞུང་དར་སྤེལ་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་ཀྱི་ངོ་བོའི་ཆ་ནས་བལྟས་ན། གོང་གི་ཚོགས་འདུ་དེ་གཉིས་ཀྱི་ཐབས་ལམ་གཉེར་སྟངས་ཕལ་ཆེར་གཅིག་མཚུངས་སུ་འདུག་ཅེས་བརྗོད་ཀྱང་འགལ་བ་ཆེར་མེད་སྙམ། གང་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམིགས་འབེན་གཙོ་བོ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་བྱེད་པའི་རིག་གཞུང་གི་ལས་གཞི་ཆེན་མོའི་བྱ་བཞག་ལེགས་འགྲུབ་རྒྱ་ཆེར་འབྱུང་བར། གཡུང་དྲུང་བོན་དག་གིས་ཀྱང་མ་སྐུལ་དང་བླངས་སྒོས་རང་ཉིད་ཀྱི་ནུས་པའི་འཁོས་ཀ་དང་བསྟུན་ཏེ་དོན་དེར་ཕན་རླབས་ཆེ་བའི་རི་བོ་གངས་ཅན་པའི་ཞང་བོད་ཤེས་རིག་གི་སྙིང་དོན་སྐོར་ཞིགདུས་རབས་ཀྱི་དཔུང་ཤུགས་དང་བསྡེབས་ནས་སྐྱེས་སུ་འདེགས་ཐབས་སྐོར་ལ་ཐུགས་ཀྱི་བཞེད་དགོངས་གྲོས་སུ་འདེབས་པའི་གཏན་འཇགས་ཀྱི་ལམ་ཁ་ཞིག་བསྐྲུན་པར་འབད་པ་དེ་རེད།
   སྤྱི་ཟླ༩ཚེས༡༠ཉིན་གྱི་ཞོགས་པར། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་སོགས་ཀྱིས་སྣེ་དྲངས། ཚོགས་ཞུགས་མི་སྣ་དང་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་སེར་ཕྲེང་ཚར་དུ་དངར་བས་མདུན་བསུས་ཏེ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་པར་གསར་དུ་བཞེངས་གྲུབ་བྱུང་བའི་ཚོགས་ཆེན་འདུ་ཁང་ལ་གདན་དྲངས་ཤིང་། རྟེན་འབྲེལ་ཕུན་སུམ་ཚོགས་པའི་གཟི་དཔལ་འབར་བཞིན་གཙུག་ལག་གསས་ཁང་ཆེན་མོ་སྒོ་འབྱེད་ཀྱི་མཛད་སྒོ་དང་སྦྲགས་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་དེ་དངོས་སུ་བསྡུས་པ་རེད།
   ཚོགས་ཐོག་ཏུ། ཚོགས་ཞུགས་རྒྱུན་ལས་རྣམས་ཀྱིས་བོན་བསྟན་ཤེས་རིག་གི་གནས་བབ་སྤྱི་ལ་སེམས་ཁུར་གྱི་བསམ་བློའི་འདུ་ཤེས་མཐོ་རུ་གཏོང་དགོས་པའི་ཕྱོགས་ནས་ཕན་ཚུན་ལ་ཐུགས་རེ་བཏོན་པའི་ཚིག་བརྒྱ་མདོར་དྲིལ་ན་འདི་འདྲ་ཞིག་སྟེ། འགྱུར་ལྡོག་གི་རབ་ཁའི་རླབས་ཕྲེང་མུ་མཐུད་མདུན་ནས་མདུན་དུ་མཆོང་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་ཆུ་བོ་ཆེན་པོའི་བཞུར་རྒྱུན་ཁྲོད་དུ། སྤྱི་ཚོགས་དང་ཤེས་རིག་གསར་རྙིང་གི་རྡུང་ག་ཐེབས་པའི་བསམ་བློའི་རྦ་རླབས་སྣ་ཚོགས་ཅི་རིགས་སུ་འཕྱུར་མོད་ཀྱི། གཞན་ལ་འཁང་ར་བྱེད་ཤེས་པ་ལས་རང་གི་སྐྱོན་ཞན་གྱི་གནས་སྟངས་ལ་བསྐྱར་ཞིབ་ཀྱི་འགན་འཁྲི་བོར་བའི་སྣང་ཚུལ་གྱི་མཇུག་འབྲས་ལ་བསླབ་བྱ་གཟབ་ནན་དུ་ལེན་དགོས་པས་མ་ཚད། རང་ཅག་ལ་གཞན་གྱིས་ཅི་འདྲ་ཞིག་ཏུ་མཐོང་གི་ཡོད་མེད་དེ་རང་ཅག་གིས་རང་གི་མིག་མདུན་གྱི་བྱ་བ་ཙག་ཙིག་ལ་བསམ་ནས་བསྡད་པ་ཙམ་ལས་སྤྱི་དོན་བྱ་བཞག་གི་ཐད་ལ་འགན་འཁྲི་དང་རྩིས་ཐང་མ་ཤོར་བའི་བསམ་བློའི་མིག་རྒྱང་ཆེ་རུ་བསྐྱེད་ཅིང་། གནས་ལུགས་དང་སློབ་གསོའི་ཆེད་དུ་དད་འདུན་འབད་བརྩོན་གྱི་རྐང་བ་བརྟན་པོ་ཞིག་འཛུགས་རྒྱུར་སེམས་ཤུགས་བསྐྱེད་དགོས་པའི་ལོ་རྒྱུས་ལ་འགན་ལེན་བྱས་མ་བྱས་ཀྱིས་རྗེས་སུ་འགྲོ་ལྡོག་བྱེད་པའི་ཚུལ་ནས་གཏམ་གླེང་མང་དུ་བྱས་པ་དང་།
   ཉེ་ལམ་དུས་རབས་ཀྱི་འགྱུར་བ་དང་མཐུན་པར་བོན་བསྟན་སྤྱིའི་གཟི་བརྗིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་རིག་གཞུང་ལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་ཞིག་སྣོན་སླད་དུ། བོན་པོ་དག་གི་ནུས་པ་ཆུང་ཆུང་ཁྲི་ཕྲག་མང་པོ་ལྷན་ཅིག་ཏུ་སྦྲེལ་ནས་ནུས་པ་ཆེན་པོ་ཞིག་ཏུ་རྫོགས་པར་བྱས་པའི་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བྱ་བཞག་མུ་མཐུད་ཚད་ལྡན་ཡོང་བ་དང་། རིག་གཞུང་སྲོག་རྟ་བྱས་པའི་ལས་འགན་གཙང་མ་དེའི་ཆེད་དུ་རང་ཅག་སུས་ཀྱང་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོ་བོ་ལ་བརྩི་མཐོང་འཇོག་པའི་སེམས་ཤུགས་མུ་མཐུད་དྲག་ཏུ་བསྐྱེད་ཅིང་། སྤང་བླང་གི་རྣམ་དཔྱོད་ཀྱི་སྒྲོན་མེ་མཐོ་རུ་འདེགས་བཞིན་ལྷན་ཚོགས་ཀྱི་སྒྲིག་སྲོལ་གསར་བཏོད་བྱེད་པར་ཚོགས་པའི་བྱ་བར་འཇུག་སྤྲོ་བ་དང་འཇུག་གོམས་པ། འཇུག་སྤོབས་པ་སོགས་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ལས་འགན་ལ་རྐང་བཙུགས་ཏེ་བོན་བསྟན་ཤེས་རིག་དར་སྤེལ་ལ་གང་ལ་གང་འཚམ་གྱི་ཕྱག་རྗེས་འབུར་ཐོན་ཅན་འཇོག་དགོས་པའི་སྐོར་ནས། ཚོགས་ཞུགས་རྒྱུན་ལས་རྣམ་པས་ཕན་ཚུན་ལ་བསམ་བློས་སྐུལ་འདེད་དང་ཚོགས་པའི་ལས་ཀར་ཇི་ལྟར་ཧུར་ཐག་བྱེད་དགོས་ལུགས་ལ་གནད་དུ་ཐིངས་པའི་དཔྱད་བརྗོད་མང་དུ་སྤེལ་བ་ལས་མཐོང་བ་ལྟར་ན། བོན་བསྟན་ཤེས་རིག་གོང་ནས་གོང་དུ་སྤེལ་བའི་གནས་བབ་ལ་ཕྱོགས་སོ་སོ་ནས་དོ་ཁུར་བྱེད་པའི་བསྐལ་བ་བཟང་པོ་ཞིག་གི་དབུ་བཙུགས་ཡོད་པ་གསལ་བོར་རྟོགས་ཐུབ་པ་བཅས་རེད།
   བོད་ཆོས་ལྡན་གྱི་ཞིང་ཁམས་ལ་མཚོན་ན་བསྟན་འགྲོའི་བདེ་སྡུག་ཁུར་དུ་འཁྱེར་བའི་སྐུ་ཡོན་ཅན་དེ་འདྲ་མང་པོ་ཕྱོགས་གཅིག་ལ་གདན་འཛོམས་ཐུབ་པ་དེ་ནི། ལུས་ངག་ཡིད་གསུམ་བོན་ལ་ཕྱོགས་པའི་དད་ལྡན་ཞིག་གི་ཆ་ནས་ཤིན་ཏུ་གཅེས་ཤིང་དམར་བའི་བསྐལ་པ་བཟང་པོ་ཞིག་ཡིན་པ་སྨྲ་མི་དགོས་པ་ལྟར་དུ། ཡུལ་འདིར་གཉུག་མར་འཁོད་པའི་སྐྱེ་བོ་དག་གིས་དད་པའི་རྒྱགས་ཕྱེ་ཟབ་མོ་རུམ་ལ་བཅུག་ནས་གསོལ་བ་ཕུར་ཚུགས་སུ་བཏབས་པའི་ངོར། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ། སྣང་ཞིག་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར། རྟོགས་ལྡན་ཁྲི་བ་རིན་པོ་ཆེ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱལ་ཚབ་འཇིགས་མེད་དབང་ཕྱུག། མཁན་པོ་རིག་འཛིན་དབང་རྒྱལ། ཐར་བདེ་ཚེ་དབང་འཇིགས་མེད། ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། མང་སྤྲུལ་བསོད་ནམས་གཡུང་དྲུང་། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་ཚེ་རིང་ནོར་བུ། མཁན་པོ་བསྟན་པའི་ཉི་མ། རྩེ་དྲུག་ལུང་རྟོགས་བསྟན་འཛིན་དཔལ་ལྡན་སོགས་བསྟན་འཛིན་སྐྱེས་ཆེན་མང་པོས་ཡུལ་འདིའི་མི་སྣ་སྟོང་ཕྲག་ཁ་ཤས་ལ། བྱིན་རླབས་འབར་བའི་ཕྱག་དབང་གིས་བཀའ་དྲིན་བསྐྱངས་པ་དང་འབྲེལ་ལས་རྒྱུ་འབྲས་ཀྱི་ཐོག་ནས་གཞན་གྱི་ཚེ་སྲོག་ཡོད་ཚད་འདྲ་མཉམ་དུ་མཐོང་ཆེན་བྱེད་ཅིང་། དུས་ནམ་ཞར་དུ་ཀུན་སློང་གཙང་མ་དང་བསམ་པ་དཀར་པོ་སྙིང་ལ་ཉར་བའི་ཐོག་ནས། ཤེས་རིག་གི་མཁའ་དབུགས་སྤྱི་ཚོགས་ཡོངས་ལ་བསྐྲུན་པའི་མི་རིགས་སློབ་གསོའི་བྱ་བཞག་གོང་འཕེལ་གྱི་ཐད་ལ་རང་རང་གི་ཁྱིམ་ཚང་ནས་རྐང་བཙུགས་ཏེ། འབད་འབུངས་བྱེད་དགོས་པའི་སྐོར་གྱི་བཀའ་སློབ་གནང་བ་སྦྲེལ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བྱ་བའི་འཚམས་འདྲི་བྱས་པ་རེད།

 

ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད།

༡ སྤྱི་ལོ༢༠༡༣ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་གི་བྱང་བྱ་དུར་དགའ་མལ་དགོན་ཆེན་ལ་འཚོག་རྒྱུ།
༢མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དང་ལྷན་དུ་ཞང་བོད་ཤེས་རིག་འཕེལ་རྒྱས་གསར་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་ཅིག་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་སྐྱོང་དང་ཤར་ཁྲི་སྐྱང་ཁག་གསུམ་གྱིས་མཐུན་འགྱུར་རམ་འདེགས་གནང་རྒྱུ་བརྒྱུད། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང་། བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཐེངས་དང་པོ་བཅས་ནི་བྱང་བྱ་དུར་དགའ་མལ་དགོན་ཆེན་ལ་མཉམ་དུ་བསྡུས་ཏེ་མདོ་དབུས་ཁམས་གསུམ་རིས་སུ་མ་ཆད་པའི་དགོན་སྡེ་སོ་སོའི་རིགས་ལམ་པ་རྣམས་ལ། བོན་གྱི་གཞུང་ལུགས་ཟབ་མོ་དག་གི་གཏིང་དཀྲུག་པར་ཕན་ཚུན་ལ་རིག་ལམ་གསར་བ་སྤེལ་རེས་བྱེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐང་རྒྱུར་འབད་པ་དང་། དེ་དང་བསྟུན་རང་རྒྱུད་དུ་ཡོད་པའི་མ་རྟོགས་ལོག་རྟོག་གི་སྒྲོ་འདོགས་དུམ་བུར་གཅོད་ཅིང་མིའི་བློ་སྒོ་འབྱེད་བྱེད་ཀྱི་རིག་ལམ་དོན་དུ་གཉེར་བར་ཕེབས་པའི་བོན་གྱི་སློབ་གཉེར་བ་སུ་ཡིན་རུང་། རང་ཉིད་གནས་སྐབས་བཞུགས་སའི་དགོན་སྡེ་དང་བཤད་སྒྲུབ་སློབ་གླིང་གང་ཡིན་དེས་བསྟན་དོན་ལ་མི་བུ་གསོ་སྐྱོང་བྱེད་པར་མོས་པའི་ཐུགས་སྟོབས་གཟེངས་སུ་མཐོ་བ་མཚོན་ཕྱིར་དུ། གྲྭ་རྐྱང་ཁོ་ཚོའི་འཚོ་བའི་ལམ་དངུལ་སོགས་ལ་དཔལ་འབྱོར་གྱིས་མཐུན་རྐྱེན་རོགས་མགོན་ཅི་རིགས་གནང་ཐུབ་པ་ཡོང་བའི་རེ་སྐུལ་མཉམ་འབྲེལ་ལྷན་ཚོགས་ནས་ཆེད་དུ་ཞུས་པ་ཡིན།
༣ ཏི་སེ་གངས་ཀྱི་རི་བོའི་རྒྱུད་ལས་ཁ་འབབ་རྣམ་བཞིའི་དཔལ་དང་བསྡོངས་ཏེ་བབས་པའི་གཡུང་དྲུང་བོན་གྱི་ཤེས་རིག་གི་གནས་བབ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་སོགས་ལ། སྤྱི་ཚོགས་སྟེང་གི་མི་མང་པོ་ཞིག་གིས་སྔར་ལས་ལྷག་པའི་རྒྱུས་ལོན་དང་དོ་ཁུར་ཡོང་བ་བྱེད་ཐུབ་ཅིང་། ཤེས་རིག་དེ་ཉིད་ད་ལྟའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་བེད་སྤྱོད་ཀྱིན་རིག་གཞུང་གི་རིན་ཐང་གང་ཡོད་ཐད་ལ་ཡུལ་དངོས་ཀྱི་ཡིན་ལུགས་ལྟར་དྲང་ལྡོག་གི་དཔྱད་བརྗོད་ཅི་རིགས་སུ་སྤེལ་བ་དང་། ལྷག་པར་གཡུང་དྲུང་བོན་ལ་སྤྱོད་པའི་རྒྱ་རིགས་ཀྱི་སློབ་མ་མང་པོར་བོན་ཕྱོགས་ཀྱི་རིག་པའི་སྒྲོན་མེ་ཉམས་ལེན་གྱི་སྐྱེས་སུ་བསྟར་བའི་ཐབས་ལམ་མེད་ཐབས་མེད་པ་ཞིག་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་རྒྱ་ཡིག་གི་དྲ་རྒྱ་བཟོ་རྒྱུ་དང་། དྲ་རྒྱའི་མིང་ལ་གཡུང་དྲུང་བོན་ཞེས་འདོགས་རྒྱུ་ཡིན་ཞིང་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་ནི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་མཆོག་ནས་སྐྱོན་གནང་མཛད་ཅིང་། མ་ཟད་དྲ་རྒྱ་གཙོ་སྒྲུབ་པའི་ཟླ་ཕོག་སོགས་དེའི་ཕྱོགས་ཀྱི་འགྲོ་སོང་ཅི་ཡོད་ཐམས་ཅད་ཀྱང་ཁོང་གིས་རང་ངོས་ནས་ཐག་གཅོད་གནང་ཐབས་ལ་འབད་རྒྱུ།
༤ བརྩེ་བའི་ཕྱག་གིས་མཐོ་རུ་འདེགས་པའི་གཡུང་དྲུང་གི་གོ་ལ་ཟླུམ་པོའི་རི་མོ་དེ་ཉིད་མང་པོ་ཞིག་གིས་འདོད་པ་ལྟར། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་སུ་བཀོད་སྤྱོད་བྱེད་རྒྱུར་བཅད་ཅིང་། དེ་ཡང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དང་ཐམ་ཀའི་ངོས་ཀྱི་རི་མོ་གཉིས་གཅིག་གྱུར་ཡིན་ན་འགྲིག་པའི་ཁ་ཆད་ཀྱང་བྱས་ལ། དེ་མཚུངས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐམ་ཀའི་དབྱིབས་ནི་བསྟན་པ་ཐམས་ཅད་འགལ་མེད་གྲུ་བཞི་ཡུག་ཅིག་གིས་ལམ་ནས་སྐྱོད་ཐུབ་པའི་འབོད་སྐུལ་མཚོན་ཕྱིར་གྲུ་བཞིར་བཟོ་རྒྱུར་གྲོས་ཐག་བཅད།
༥ གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་ནི་མཉམ་འབྲེལ་ལྷན་ཚོགས་མཚོན་བྱེད་ཀྱི་དར་ཆར་བེད་སྤྱོད་གནང་རྒྱུ་ཡིན་པ་དང་། སྲིད་པའི་བརྡ་དར་ཆེན་མོའི་བཟོ་དབྱིབས་དང་བཞེངས་སྟངས་སོགས་ནི་སྨྲ་བའི་སེང་ཆེན་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས། རྒྱལ་བའི་བཀའ་དྲི་མ་མེད་པ་ཀུན་འབུམ་གོ་འབྱེད་ཀྱི་དགོངས་པ་ལྟར་བཀྲལ་ཡོད་པའི་ཁུངས་ཐུབ་ལོ་རྒྱུས་ལ་གཞིར་འཛིན་རྒྱུ་ཡིན་པས་མ་ཚད། དགེ་མཚན་དང་ཡོན་ཏན་འབུམ་གྱིས་མངོན་པར་ཕྱུག་ཅིང་། རྒྱུན་རིང་ལོ་རྒྱུས་ཀྱི་རིན་ཐང་མཚོན་པའི་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་དེ་ཉིད། མདོ་དབུས་ཁམས་གསུམ་དུ་འཁོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཡོད་དོ་ཅོག་གིས་ཀྱང་གཅིག་གྱུར་ངང་བེད་སྤྱོད་གནང་ཐུབ་པ་ཡོང་རྒྱུའི་རེ་བ་དང་འབོད་སྐུལ་གནང་བ་ཡིན།
   དེ་ལ་འདིར་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་ནི་འབྱུང་བ་ལྔའི་ཁ་དོག་ལས་གྲུབ་ཅིང་། དབུས་སུ་གཡུང་དྲུང་ཆག་ཤིང་གིས་རྒྱན་པའི་དབྱིབས་གྲུ་བཞི་ཅན་གྱི་དར་ཆ་ཞིག་ཡིན་ལ། དར་ཆ་དེའི་རྨང་གཞི་སེར་པོར་བྱས་ཐོགདེའི་སྟེང་ནས་རིམ་བཞིན་ལྗང་ཁུ་དང་། དམར་པོ། དཀར་པོ། སྔོན་པོ་བཅས་འཕྲེད་བསྙལ་གྱི་རྣམ་པས་ཞིང་ཚིགས་བཀྲམ་པ་ལྟར་བཀོད་པ་དེས་ཕྱི་ལྟར་ན་འབྱུང་བ་ལྔ་དབང་དུ་འདུ་ཞིང། ནང་ལྟར་ན་རིགས་ལྔའི་ལྷ་ཡི་ཞིང་ཁམས་སུ་གྲོལ་བ་མཚོན་པ་དང་། དར་ཆའི་དཀྱིལ་ན་ཕྲ་སྡོང་གི་ཚུལ་དུ་བརླིང་བའི་གཡུང་དྲུང་ཆག་ཤིང་དེས་སྲིད་པ་ཡེ་དབང་རིགས་ལྔར་འབྲེལ་བའི་རིག་པའི་གནས་ཆེན་ལྔ་དང་མདོ་སྔགས་སེམས་གསུམ་གྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་བཞིན་པ་མཚོན་གྱི་ཡོད་པ་ཞར་བྱུང་ངོ་། །
༦ རང་རྒྱལ་གྱི་རྒྱ་རིགས་ས་ཁུལ་དུ་བོན་གྱི་བསྟན་པ་གཙོས་པའི་ཞང་ཞུང་རིག་གནས་ལ་དོ་སྣང་དང་བརྩེ་སེམས་འཆིང་བའི་མི་ཚོགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པའི་དུས་འདིར། མ་མཐར་ཡང་བོན་གྱི་མིང་མཛོད་གལ་ཆེན་སྐོར་རྣམས་རྒྱ་ཡིག་གི་ལམ་དུ་གཏན་འབེབས་གཅིག་གྱུར་ཚད་ལྡན་བཟོ་རྒྱུ་དེ་ནི་གཡོལ་ཐབས་མེད་པའི་ལས་གཞི་འགངས་ཆེན་ཞིག་ཏུ་ཆགས་འདུག་པ་སྟེ། གཅིག་གྱུར་གྱི་ཐ་སྙད་ནི་རིག་གཞུང་གི་ལས་དོན་བསྒྲུབ་པར་རིག་གནས་དང་རིག་གནས་སོ་སོའི་བར་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་གལ་ཆེའི་ལག་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་བརྟེན། མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བོན་གྱི་མིང་མཛོད་རྒྱ་ཡིག་ཐ་སྙད་གཏན་འབེབས་ཚན་ཆུང་གི་ཚོགས་འདུ་དེ་ནི་ངེས་པར་དུ་རྒྱུན་སྐྱོང་གང་ལེགས་ཡོང་བར་ཕྱོགས་སོ་སོ་ནས་འབད་དགོས་ཤིང་། ལས་གཞི་འདིས་གཏན་འབེབས་གནང་བའི་ཐ་སྙད་རྣམས་དུས་ལྟར་ཞང་བོད་ཤེས་རིག་ཉམས་ཞིབ་པ་དག་གི་སྤྱན་སྔར་བསྟར་ཐུབ་པའི་ཐབས་ཤེས་གཉེར་རྒྱུ་དང་། ད་ལོའི་ཡིག་བསྒྱུར་གྱི་ཚོགས་འདུ་འགན་ལེན་གནང་མཁན་ནི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན་དང་། ཚོགས་པའི་དྲུང་ཡིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རྣམ་པ་གཉིས་ནས་བཞེས་རྒྱུ།
༧ གངས་ཏི་སེ་བོན་གཞུང་རིག་མཛོད་ཆེན་མོ་དེ་སྔོན་ལག་འབྱོར་མ་བྱུང་བའི་དགོན་སྡེ་ཆེ་ཆུང་གང་ཡོད་རྩར་ཆོད་པའི་སྒོ་ནས་དཔེ་ཚོགས་དེ་ཉིད་ད་དུང་མུ་མཐུད་འབུལ་གནང་མཛད་དགོས་པའི་འགན་འཁྲི་རང་ཚོགས་པར་ཡོད་པ་བཤད་མ་དགོས་མོད་ཀྱི། འོན་ཏེ་དཔེ་ཚོགས་སྦྱིན་ཡུལ་གྱི་དགོན་སྡེ་གང་ཡིན་རུང་ཚོགས་པའི་དྲུང་ཡིག་རྒན་གཞོན་རྣམ་གཉིས་ཀྱིས་བརྡ་སྦྱོར་བཏང་ཟིན་པའི་རྗེས་ནས་ཟླ་བ་གཉིས་ཀྱི་ནང་ལ་ཨ་ལན་ནམ་ཚོགས་པར་འབྲེལ་བ་གང་ཡང་མ་གནང་ཚེ། རྗེས་སུ་དཔེ་ཚོགས་འཕྲོད་མ་འཕྲོད་ཀྱི་ཕྱོགས་ནས་ཚོགས་པར་ངན་ཁག་དཀྲི་བའི་སྐད་ཆ་འདྲ་མིན་ལབ་མཁན་བྱུང་ཡང་ཚོགས་པས་ངོས་ལེན་བྱེད་རྒྱུ་མིན།
༨ སེར་སྐྱ་སུ་ཡིན་རུང་རང་གི་བསམ་བློའི་ཚབ་མཚོན་གྱི་རང་བཞིན་ཤུགས་ཆེར་ལྡན་ཞིང་། གཡུང་དྲུང་བོན་ལ་ཕན་ངེས་ཅན་གྱི་རང་གི་བརྩམས་ཆོས་གང་ཞིག་གི་སྟེང་ལ། གལ་སྲིད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དེ་འགོད་པའི་མོས་པ་ཆེ་རིགས་ཅན་ཚོས། ཐོག་མར་རང་གི་བརྩམས་ཆོས་ཚོགས་པར་གཟིགས་ཞིབ་གནང་དུ་ཕུལ་ཞིང་། ཚོགས་པའི་བརྡ་ལན་འབྱོར་རྗེས་སུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དེ་ཉིད་མི་སྒེར་རང་ཉིད་ཀྱི་གསུང་རྩོམ་གྱི་སྟེང་དུ་བཀོད་ཆོག་པར་གྲོས་ཐག་བཅད་པ་བཅས་རེད།