གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༤༽
2017-12-21 10:02:53
རྩོམ་པ་པོ། གངས་ལྗོངས་བོན།
བྱུང་ཁུངས། གངས་ལྗོངས་བོན།
ཀློག་གྲངས།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དེ་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྟོགས་ལྡན་དགོན་ཆེན་དུ་གཟབ་རྒྱས་ངང་འཚོགས་པ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་དང་ཞབས་བཀོད་འོག་ཏུ། རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་ཆེན་གྱི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་ལ་སྙན་ཞུ་དང་ཆོག་མཆན་ཞུས་པ་བརྒྱུད་དེ། སྤྱི་ལོ༢༠༡༢ལོའི་སྤྱི་ཟླ༡༡པའི་ཚེས༢༤ཉིན་ནས་ཚེས༢༦བར་གྱི་ཉིན་གསུམ་གྱི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དེ་རྟོགས་ལྡན་དགོན་ཆེན་དུ་གཟབ་རྒྱས་ངང་འཚོགས། མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ནམ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་འབོད་པའི་དགོན་སྡེ་དེ་ནི། སྤྱི་ལོ༡༡༠༨ལོར་སྣང་ཞིག་བྱ་ཆེན་ཉི་མ་འཛིན་གྱིས་གྲོང་སྡེ་སེར་ཚོགས་ཀྱི་གཞི་ལ་ཚོགས་ཁང་ཞིག་ཕྱག་བཏབ་སྟེ་བོན་བློན་དར་རྒྱས་དགོན་ཞེས་མཚན་འདོགས་མཛད་པ་དེ་ཉིད་རྨང་གཞི་བྱས་པའི་སྟེང་། དུས་རབས་རིམ་བྱུང་གི་ལོ་རྒྱུས་འཕེལ་འགྱུར་ཁྲོད་དགོན་སྡེ་འདི་ལ་རབ་བྱུང་འདུལ་བའི་བཅས་ཁྲིམས་གཙང་དག་ཏུ་ཚུགས་པ་དང་བསྟུན། དགོན་འདིའི་མཚན་ལའང་འགྱུར་བ་ཁ་ཤས་སུ་ཐེབས་པ་བརྒྱུད་ནས་ད་ལྟའི་རྒྱ་ཁྱོན་འདི་བྱུང་བ་ཞིག་རེད། ད་ལྟ་དགོན་སྡེ་འདིར་རྟོགས་ལྡན་བླ་བྲང་དང་། བོན་བློན་ནང་ཆེན། ཞུ་གདུགས་ནང་ཆེན་སོགས་བླ་སྤྲུལ་ཆེ་ཆུང་ཁག་བདུན་ཡོད་ཅིང་། སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་གཏེར་ལས་དྲངས་པར་བཞེད་པའི་སྟོན་པ་ཆུ་འཁོལ་མ་དང་། ཁམས་ཆེན་བྱ་བྲིས་མ་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རིག་དངོས་སྒྱུ་རྩལ་དང་རྟེན་གསུམ་འགངས་ཆེན་འགྲན་ཟླ་བྲལ་བ་མང་དུ་བཞུགས། དེང་གི་དུས་སུ་རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ཞེས་པ་ཚུལ་ཆེན་སྐུ་འཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ཁྲི་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་འགན་བླ་མེད་འོགཞང་ཞུང་རྫོགས་ཆེན་སློབ་གླིང་གསར་འཛུགས་གནང་སྟེ་སྒྲུབ་རྒྱུད་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས་པས་མཚོན། བསླབ་གསུམ་ནོར་བུའི་འཁྲི་ཤིང་ལ་དབང་བསྒྱུར་ཞིང་གཤེན་རབ་ངུར་སྨྲིག་རྒྱལ་མཚན་འཛིན་པའི་འདུས་པ་བཞི་བརྒྱ་ལྷག་གིས། བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་གྱེར་བསྟན་རིན་པོ་ཆེ་དར་རྒྱས་སུ་སྤེལ་བཞིན་བཞུགས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་རྩ་ཆེན་བསླབ་པ་གསུམ་གྱི་འབྱུང་གནས་ཉམས་སུ་དགའ་བ་ཞིག་རེད། སྤྱི་ཟླ༡༡པའི་ཚེས༢༤ཉིན་ནི་ཇི་འདྲའི་གཟའ་སྐར་འཕྲོད་སྦྱོར་གྱི་ཉི་མ་ལེགས་པོ་ཞིག་དང་བསམ་པའི་དོན་ཀུན་འགྲུབ་པའི་ཉིན་བཟང་སྐར་བཟང་ཞིག་ཡིན་པ་གཞིར་བྱས་ཏེ། ནངས་མོ་ཆུ་ཚོད་བརྒྱད་པའི་སྟེང་རྟོགས་ལྡན་དགོན་པའི་ལྷ་སྡེ་མང་ཚོགས་དང་དད་གུས་བོན་ལ་བྱེད་པའི་མི་ཚོགས་སུམ་སྟོང་ལྷག་གིས། མཛེས་འཕྱོར་ཉམས་ཀྱིས་སྒེག་པའི་བོད་གོས་གཙང་མ་གྱོན་ཞིང་། ཀི་བསྭོ་རླུང་རྟས་བར་སྣང་འགེངས་པའི་དུས་མཚུངས་སུ། བོད་ཡུལ་སྟོད་སྨད་བར་གསུམ་ན་བཞུགས་པའི་བོན་དགོན་སུམ་བརྒྱ་ལྷག་གི་ཚབ་མཚོན་མི་སྣ་བསྟན་འཛིན་གསེར་གྱི་ལྷུན་པོ་རྣམས་ལྷན་གཅིག་ཏུ་འདུས་པ་དེ་ལ། བོན་འབངས་རྣམས་ཀྱིས་དད་གུས་དང་དགའ་འབོད་སྟོང་གིས་སྣེ་དྲངས་ཏེ། རླངས་འཁོར་སུམ་བརྒྱས་བསུ་བ་སྔོན་དུ་བཏང་ཞིང་། རྔ་བ་རྫོང་ཐོག་ནས་རྟོགས་ལྡན་དགོན་ཆེན་ལ་དཀྱོགས་པའི་ལམ་ཁ་རུ་ཆེད་དུ་བརྩེགས་པའི་སྒོ་འཕྱོར་ལ། གཡུ་ཤུག་སྔོན་མོའི་མཛེས་རྒྱན་སྤྲོས་ཤིང་དར་ཚོན་སྣ་ལྔའི་གཟུངས་ཐག་ཕྱོགས་སུ་བྲེས་པས་མ་ཚད། “རྒྱལ་གཤེན་བསྟན་པའི་དབུ་འཕང་དགུང་དུ་བསྟོད། ”ཞེས་པའི་འཕྲེད་བྱང་ཆེན་མོ་དང་སྒོ་འགྲམ་གཡས་གཡོན་དུ། ཞང་བོད་བསྟན་པའི་དར་ཆེན་ཕྱར། བསྟན་སྤེལ་འགྲོ་ཕན་མཛད་འཕྲིན་རྒྱས། ”ཞེས་གསེར་ཡིག་གིས་བྲིས་པའི་འགེལ་བྱང་གཉིས་ཀྱང་གཟར་འདུག་པ་དེས། ཐེངས་འདིའི་ཚོགས་འདུ་ལ་མདུན་སྐྱོད་ཀྱི་ཟིལ་ཤུགས་ཆེན་པོ་ཞིག་རྒྱས་ངེས་ཡིན་པ་ཡོངས་སུ་དཔག་ཐུབ་པར་བྱས་ཡོད་ལ། དེ་མཚུངས་དགོན་འདིའི་བླ་མ་གྲྭ་ཚོགས་འཁོར་དང་བཅས་པས་ནོར་བུ་དགུ་འཁྱིལ་ལྟ་བུའི་གོམ་འགྲོས་སེར་ཕྲེང་གི་མཆོད་པས་ལྷ་མིའི་དང་ག་དབང་མེད་དུ་འཕྲོག་པར་བྱེད་པའི་ཉེར་བསྡོགས་བརྩམས། དེ་ཚེ་རྟོགས་ལྡན་དགོན་པའི་རྣམ་རྒྱལ་ཚོམས་ཆེན་ཁང་བཟང་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པ་དང་། རྒྱུན་ལས་ལས་འཛིན་དང་ཚོགས་ཞུགས་མི་སྣ་ཐམས་ཅད་རང་རང་གི་ཐོབ་ཐང་ལྟར་དུ་གྲལ་རིམ་ཚུལ་གནས་ཀྱིས་བཞུགས་པ་དང་བསྟུན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དངོས་སུ་འཚོགས་པ་ཁྱབ་བསྒྲགས་མཛད་པ་དང་། དེ་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་གདོང་བཙུན་རྒྱ་ཐར་ལགས་ཀྱིས་ཚོགས་འདུར་འགོ་འཛིན་མཛད་ཅིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ནས་གསུང་བཤད་གལ་ཆེན་གནང་རྗེས་སུ། ནང་བསྟན་ཤེས་རིག་རྒྱུན་འཛིན་གྱི་འོས་འགན་རླབས་ཆེན་ཕྲག་ཏུ་ཁུར་ཞིང་། མི་རིགས་སློབ་གསོའི་ལས་དོན་འཛིན་སྐྱོང་ལ་ཕྱག་རྗེས་ཆེ་བའི་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་དང་། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། མཁན་པོ་རིག་འཛིན་དབང་རྒྱལཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ལི་ཤུ་གཤེན་རྒྱལ་བསྟན་འཛིན། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་སོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་འཐུས་དབུ་ཁྲིད་རྣམ་པས་ལྷན་ཚོགས་ཀྱི་བྱ་བའི་འགལ་འབྲེལ་ཅི་རིགས་སྙོམ་པོར་བྱེད་ཅིང་ཚོགས་པའི་ལས་ཀ་སྔར་ལས་ཀྱང་དོན་ལྡན་དུ་འགྱུར་བ་དང་། ཚོགས་པའི་ངོ་བོ་སྲ་བརྟན་བྱེད་པ་དང་འབྲེལ་ཚོགས་པའི་བྱ་བཞག་ཡོད་ཚད་བོན་བསྟན་སྤྱིའི་ཁེ་ཕན་དང་འཚམ་པའི་ལས་གཞི་འགངས་ཆེན་ཞིག་ཏུ་དོན་འཁྱོལ་ཡོང་སླད། ཚོགས་པར་སྤྱི་དོན་སྒྲུབ་ལུགས་ཀྱི་སྒྲིག་སྲོལ་ལེགས་ཤོས་ཤིག་ཆགས་དགོས་རྒྱུ་དེ་མིག་སྔའི་བྱ་བ་ཡོངས་ཀྱི་གནད་དམ་པར་འཛིན་དགོས་པའི་སྐོར་ནས། བསྟན་ལ་སྨན་ཅིང་འགྲོ་ལ་ཕན་པའི་དགོངས་འཆར་དང་ཐུགས་རེ་ཅི་རིགས་བཏོན་པ་མ་ཟད། གཞན་ཡང་དགོན་སྡེ་སོ་སོ་ནས་ཕེབས་པའི་འཐུས་ཚབ་མི་སྣ་སྐོར་ཞིག་གིས་ཀྱང་རང་རང་གི་ཐུགས་འདུན་དང་འཚམ་པའི་གསུང་གླེང་དང་ཐུགས་ཡིད་ཚིམ་པའི་རེ་བ་ཅི་ཡོད་སྦ་གསང་མེད་པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་དུ་སྙན་སྒྲོན་ཞུས། སྐབས་འདི་དང་བསྟུན་རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་མོ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་གནང་བའི་ཤིས་ཚིག་དྲུང་ཡིག་ཚོགས་པས་སྒྲོག་སྦྱོང་གནང་ཞིང་། ལྷག་པར་མི་སེམས་གཏིང་ནས་དགའ་འོས་པའི་གནས་ཚུལ་ཞིག་ལ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་ཀྱང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཐུགས་རེ་འདི་ལྟར་བཏོན་འདུག་པ་སྟེ། དེང་སྐབས་གངས་རིའི་ལྗོངས་ཀྱི་སྟོད་སྨད་བར་གསུམ་དུ་འཁོད་པའི་གཡུང་དྲུང་བོན་སྤྱོད་རྣམས་ཀྱི་གཙོ་འཛིན་བླ་སྤྲུལ་དགེ་བཤེས་རྣམས་ཚོགས་འཛོམས་དང་། ནང་གནས་ཞིབ་མོལ་གྱི་མཛད་བཟང་ལ་དགའ་གུས་ཡི་རང་ཞུ་བཞིན་ལགས། གངས་ཁྲོད་ཀྱི་ཕྱི་རོལ་ཏུ་འཁོད་པའི་གློ་དོལ་གྱི་ཡུལ་དུ་བོན་བསྟན་སྙིང་པོ་མདོ་སྔགས་སྤྱི་དང་། ཁྱད་པར་ཨ་རྫོགས་སྙན་གསུམ་གྱི་བོན་སྡེའི་སྐོར་པོད་བརྒྱ་ཙམ་མི་ལོ་སྟོང་ཕྲག་ཙམ་གྱི་རིང་མཁས་བླུན་གྱིས་འདོད་བཅོས་དང་། དག་ཁྲིམས་གང་གི་འོག་ཏུ་མ་སོང་བར་བཞུགས་པ་འདི་ཉིད་ཕྱི་རོལ་འདིར་བོན་རིན་པོ་ཆེ་ལ་ལོག་རྟོག་གི་གཡའ་སྒྲིབ་མཐུག་པོས་གོས་པ་དག་གསལ་བྱེད་ཀྱི་རྫས་འགངས་ཆེན་ཞིག་ཏུ་གྱུར་ནས། མི་ལོ་ལྔ་བཅུ་ཙམ་གྱི་རིང་རིམ་བཞིན་གཙང་སེལ་དུ་འགྱུར་བཞིན་ལགས། གཞན་ཡང་གཡུང་དྲུང་བོན་རིན་པོ་ཆེ་ལ་སྤྱོད་སྦྱོང་འཕེལ་ཡུལ་རྒྱ་བལ་འབྲུག་འབྲས་གློ་དོལ་སོགས་དང་། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཨ་རི་དང་། ཧྥ་རིན་སི། འཇར་མན། དབྱིན་ལན། ཁ་ན་ཏ། ཨིས་ཏྲ་ལན། ཨོ་སི་ཁྲུ་ལེ་ཡ། ཧོ་ལན། པོ་ལན། མིག་སི་པོ། ཨུ་རུ་སུ། ཧང་གི་རིས། རོ་མན་ནིས། ཨ་ཇན་ཀྲིས་ན། ཅིག་སྤྱི་མཐུན་རྒྱལ་ཁབ། ལྷོ་ཨ་རི། གེ་རིས་སུ། མབ་ཏ། ཡོ་གོ་སུ་ལ་ཝིའི། སུད་སུ། ལོ་སམ་བྷུ་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མའི་ནང་། སྤྱིར་མདོ་སྔགས་བོན་སྡེ་དང་། ཁྱད་པར་དུ་ཨ་རྫོགས་སྙན་གསུམ་དང་གྲུབ་དབང་ཤར་རྫ་བའི་ལེགས་བཤད་སོགས་ཀྱིས་གཙོས་སྒྲ་བསྒྱུར་འཆད་ཉན་དང་། བསམ་སྒོམ་བྱེད་པོ་ཚིག་གི་སྦོམ་བཤད་ཙམ་མིན་པར་འབྱུང་བཞིན་ལགས་པ་བཅས་བབ་ཞུ་དང་། སླད་མར་ཡང་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱིས་རང་རེ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་ཕྱག་ལས་གང་གནང་བ་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་དང་། ཚོགས་ཞུགས་ཡོངས་ལ་འཚམས་འདྲིའི་ཤིས་སྨོན་བཅས་བགྲེས་པོ་བསྟན་འཛིན་རྣམ་དག་གིས་རང་གནས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ཡི་འདུས་སྡེ་ནས་སྤྱི་ལོ༢༠༡༢པའི་ཟླ༡༡ཚེས༡༣ཉིན་ཕུལ། ཞེས་རྒྱང་རིང་གི་གསུང་འཕྲིན་འབྱོར་བ་འདིས་རང་ཅག་སུ་ཡིན་ཡང་མི་རིགས་ཀྱི་རིག་གཞུང་དང་བསྟན་དོན་ལ་འབད་པ་ནི། རང་འགན་རང་སྟེང་དུ་རང་བཞིན་གྱིས་བབས་པའི་ལས་ཀ་ཞིག་ཡིན་པ་ལས་དྲིན་དུ་གོ་མི་རུང་བའི་ཅི་འདྲའི་རླབས་ཆེ་བའི་གདམས་ངག་གསེར་གྱི་ཞུན་མ་ཞིག་རེད་ཨང་། དེ་བཞིན་དུ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། དཔལ་གཤེན་བསྟན་སྨན་རིའི་བླ་སྤྱི། གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ་སོགས་ཀྱིས་བསྩལ་བའི་བཀའ་ཆབ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཐུགས་རིས་ཟབ་མོ་བཏོན་པའི་གནས་ཚུལ་དྲུང་ཆེ་རྒྱ་ཐར་ལགས་ཀྱིས་སྒྲོག་སྦྱོང་གནང་བས། ཞང་བོད་ཤེས་རིག་གི་རླབས་ཆེའི་སྙིང་སྟོབས་བསྐྱར་གསོ་དང་དར་སྤེལ་བྱ་བར་ཚོགས་ཞུགས་མི་སྣ་ཡོངས་ལ་སྔར་ལས་ཀྱང་རབ་ཏུ་བརྟན་པའི་སེམས་ཤུགས་ཆེས་ཆེར་འཕེལ། བོན་བསྟན་ཤེས་རིག་གནས་བབ་ཀྱི་ཐོབ་ཐང་གི་ཁེ་དབང་ལ། འགན་ལེན་བྱེད་ཐུབ་པའི་ཐབས་ལམ་མཆོག་གྱུར་ཅིག་ཡོད་པ་དེ་ནི་མཉམ་འབྲེལ་ལྷན་ཚོགས་ལ། རང་མཐོང་གིས་རང་རྩིས་འཇོག་པའི་སེམས་ཤུགས་ཀྱི་མེ་ལྕེ་ཆེ་རུ་སྤར་ཐུབ་མིན་ལ་རག་ལས་པ་དེ་ཡིན་སྟབས། ཚོགས་ཡུན་ཉིན་གཉིས་པ་དང་གསུམ་པའི་སྐབས་སུ་ཚོགས་ཆུང་བཞི་རུ་བགོས་ཤིང་། རང་ནུས་ཀྱིས་འཇོན་ཚུལ་དང་མཐུན་པར་གཤེན་རབ་བསྟན་ལ་བཅངས་པའི་ལྷག་བསམ་དྲོན་མོ་ཁ་རུ་འདོན་ཞིང་བརྩི་འཇོག་ཟབ་མོ་ལག་ཏུ་བསྟར་བའི་སྒོ་ནས། འདས་མ་ད་གསུམ་གྱི་བྱ་བའི་གོ་རིམ་ཁྲོད་དུ། གཡུང་དྲུང་བོན་གྱི་བསྟན་པ་ལ་བསྒྲུབ་དགོས་པའི་ལས་འཆར་རྣམས་དང་། དེ་དག་ཀྱང་ཆ་རྐྱེན་གང་ལ་བརྟེན་ནས་སྟོབས་ཤུགས་ཀྱི་དཔུང་བསྐྱེད་དགོས་པའི་ཐབས་ལམ་སོགས་ཀྱི་བཀའ་མོལ་དང་བསམ་གཞིགས་བརྗེ་རེས་གཏིང་ཟབ་དུ་སྤེལ་བ་སྟེ། ཐེངས་འདིའི་བརྗོད་གཞི་གཙོ་བོའི་ཆ་ནས་ནང་བའི་གྲུབ་མཐའ་ཁག་ཙམ་དུ་མ་ཟད་འཛམ་གླིང་སྟེང་གི་རིགས་མི་འདྲ་བའི་ཆོས་ལུགས་གྲུབ་མཐའ་ཡོད་ཚད་ལ་མཐུན་སྒྲིལ་དང་དེ་དག་གི་ལྟ་སྒོམ་སྤྱོད་གསུམ་ལ་ཡང་བརྩི་འཇོག་གནང་རྒྱུ་གཞིར་བཞག་གིས་རིང་ལུགས་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཅི་ལྟར་འཛིན་སྐྱོང་བྱེད་རྒྱུ་དང་། བོན་དགོན་སོ་སོར་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་སའི་གཞི་ཡོད་པ་རྣམས་རྒྱ་བསྐྱེད་རྒྱུ་དང་མེད་པ་རྣམས་ལ་གསར་དུ་བཙུགས་ནས་དགོན་སྡེ་ནི་དོན་དངོས་ཀྱི་སློབ་གྲྭ་དང་རིག་གནས་ཀྱི་རྐང་འཛིན་སའི་བསྟི་གནས་ཡིན་པ་རང་གཞན་ཀུན་གྱི་ཡིད་ལ་འཇགས་པར་བྱ་རྒྱུ། དེས་མཚོན་དགོན་སྡེ་གྲྭ་བཙུན་རྣམས་སྤྱི་ཚོགས་ཀྱི་ཁུར་བོ་རུ་མི་འགྱུར་བར་འཛམ་གླིང་ཞི་བདེ་བསྐྲུན་པའི་བྱེད་པོ་དང་ལྷ་མིའི་དྭངས་པ་འདྲེན་པའི་མིག་དཔེ་སྟེ། རྩུབ་རག་བྲལ་ལ་ངང་རྒྱུད་འཇམ་ཅིང་ཤེས་འཇོན་གྱི་ཡོན་ཏན་མཐོ་བ་དང་། ལྷད་མེད་པའི་ལྷག་བསམ་དང་སྙིང་རྗེ་ཡི་མངར་ཁ་ཆེས་ཆེར་འཇོ་རྒྱུ་དེ་ནི་མ་མཐར་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན་པའི་སྐོར་ལ་ཐུགས་གྲོས་རྣམས་རྩལ་དུ་བཏོན་ཏེ་བློ་སྒོ་འབྱེད་པའི་དཔྱད་གླེང་ཟབ་དུ་སྤེལ་བས་མ་ཚད། ད་དུང་ཚོགས་ཞུགས་མི་སྣ་རྣམ་པས་རང་ཉིད་སྤྱི་ཚོགས་ཁྲོད་གནས་པའི་ཚེ་སྲོག་གི་རིན་ཐང་ལ་ཤེས་རྟོགས་མཐོ་རུ་གཏོང་ཞིང་། འདི་བདེ་ཕྱི་སྐྱིད་འབྱུང་བའི་ནང་བསྟན་ཤེས་རིག་གི་བྱམས་བརྩེའི་བདེ་ཐང་ངང་སྔར་ལས་འཕེལ་རྒྱས་འབྱུང་བའི་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་གི་ཆེད་དུ། ཅིས་ཀྱང་ཚོགས་པའི་རྩ་འཛུགས་ཀྱི་གྲུབ་ཆའི་སྟོབས་ཤུགས་དེ་ནི་བོན་བསྟན་ཤེས་རིག་བསྐྱར་དར་གྱི་གནས་བབ་ལ་མདུན་བསྐྱོད་ཀྱི་ལམ་ཆེན་བསྐྲུན་པའི་ཟླ་མེད་ཀྱི་དེད་དཔོན་ཆེན་པོ་ཞིག་དང་། རང་ཉིད་ཀྱི་རིན་ཐང་དང་འཚམ་པའི་བོན་གྱི་རིག་གཞུང་གི་ཁྱད་དབང་ལ་ཁྲིམས་མཐུན་སྲུང་སྐྱོབ་འགན་ལེན་གྱི་རྟགས་མ་ལེན་སའི་མཐུ་སྟོབས་ཀྱི་དཔུང་གཉེན་ཡ་ལན་མེད་པ་དེ་ཡིན་པས་མ་ཚད། རང་རིགས་ལ་དུང་ཞེན་དང་རང་རྩིས་ཀྱི་རང་ངོ་སྤྲོད་པར་བྱིན་རླབས་ཀྱི་ན་བུན་མ་ཡལ་བའི་ཟབ་གདམས་ཉག་ཅིག་གི་ཡང་རྩེར་འཕགས་ཡོད་ལུགས་ལ་བདེན་ཁ་དང་ངོས་འཛིན་གཅིག་གྱུར་དུ་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུ་འཐུས་ཤོར་དུ་ལུས་པའི་ཉམས་ཉེས་ཀྱི་བསླབ་བྱའི་འཁྱག་རུམ་བཙན་པོའི་འགག་འཕྲང་དེ། ཅིས་ཀྱང་རང་རོགས་འགལ་མེད་ཀྱི་བསམ་པ་དྲང་བཞག་དང་མཐུན་ལམ་གཅིག་སྒྲིལ་གྱི་ལག་ལེན་གཙང་མ་ལ་བརྟེན་ནས་གཤགས་དགོས་པའི་ཆོད་སེམས་སྙིང་ལ་དམ་དུ་བཅས་ཤིང་། མ་ཚད་རྒྱ་ཆེའི་མང་ཚོགས་ནས་ཀྱང་ལྷན་ཚོགས་ཆེན་མོའི་ནུས་པ་ཅི་ཡིན་སྐོར་ལ་རྟོགས་སད་བྱེད་པའི་བསམ་བློའི་བློ་སྟོབས་རྒྱས་པའི་ཐབས་ལམ་དམ་པར། གནས་ལུགས་འདྲེན་པའི་སློབ་གསོའི་ལག་ལེན་གཙིགས་ཆེན་དུ་འཛིན་དགོས་པའི་སྐོར་ནས་ཁྱུང་ཆེན་གནམ་འཕང་བསྟོད་པའི་དཔེ་ལྟར། དོན་དངོས་གཞི་རུ་བཟུང་སྟེ་སོ་སོའི་ལྟ་བ་གང་ཡོད་རིག་པས་ལམ་ལྷོངས་དང་བཅས་དམིགས་བརྗོད་གནད་ལ་འཁེལ་བ་བྱས་སྟབས། ཐེངས་འདིའི་ཚོགས་འདུ་དེས་ཕན་ཚུན་ལ་བསམ་བློའི་སྐུལ་ལྕག་དང་ཡིད་ཆེས་ཆེ་རུ་ཕྱིན་པ་སོགས་ཚེ་སྲོག་གི་ངོ་བོ་ཤེས་རིག་གི་འོད་སྣང་དུ་བསྐྲུན་ཞིང་། དེ་དང་ཆབས་ཅིག་ང་ཚོའི་གཉོམ་སོ་ཆ་ཤོས་དེ་ཉིད་ཅི་འདྲའི་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ཀྱི་ཐོན་ཁུངས་འཛད་མཐའ་མེད་པ་ཞིག་ཏུ་ངོས་འཛིན་གཅིག་གྱུར་བྱུང་བ་དེས། ང་ཚོར་རང་ཉིད་ཀྱི་མཐའ་སྐོར་དུ་སྡོད་པའི་མི་རྣམས་ནམ་ཡང་སོ་སོའི་ཕུ་ནུ་མིང་སྲིང་འབའ་ཞིག་ཡིན་པ་གཞི་ནས་ཧ་གོ་དགོས་པའི་རྩ་ཆེའི་ཉམས་མྱོང་དམར་ལ་འགེངས་སུ་ཆེ་བ་ཞིག་སྤྲད་པ་ཙམ་དུ་མ་ཟད། ཁོ་ཚོའི་བདེ་སྡུག་གཙོས་པའི་དྲང་བདེན་གྱི་གནས་ལུགས་ཤིག་གི་ཆེད་དུ་ངེད་ཅག་གིས་འདི་ལྟར་སེམས་པ་དང་། དེ་ལྟར་རང་ལུས་རྔུལ་ཆུར་བརྗེ་ནས་སྒྲུབ་བཞིན་པའི་ལས་གཞི་དག་ནི་ཅི་འདྲའི་རིན་ཐང་ལྡན་ལ་ནམ་ཡང་གླེང་རིན་ཡོད་པའི་ཚེ་སྲོག་གི་གཟི་བརྗིད་ཅིག་ཏུ་ངོས་འཛིན་གཅིག་མཐུན་བྱུང་བ་བཅས་རེད། ཐེངས་འདིར་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་དང་། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་ཚེ་རིང་ནོར་བུ་སོགས་ཀྱིས་ཚོགས་ཆུང་སོ་སོར་འགོ་འཛིན་མཛད་ནས་དེ་དག་གི་དཔྱད་གླེང་རྣམས་ཟིན་ཐོ་རུ་བཀོད་པ་ཡིན། ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད། ༡ སྤྱི་ལོ༢༠༡༣ལོར་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དེ་སི་ཁྲོན་ཞིང་ཆེན་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་དུ་བསྐང་རྒྱུ། ༢ ལོ་དེར(སྤྱི་ལོ༢༠༡༣)གོང་གི་ཚོགས་འདུ་དང་བསྟུན་མདོ་དབུས་ཁམས་གསུམ་ཚུད་པའི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང་། བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཐེངས་དང་པོ་གཉིས་དགའ་མལ་དགོན་ཆེན་ལ་མཉམ་གཅིག་ཏུ་བསྡུ་རྒྱུ། ༣ ༢༠༡༥ཡར་སྔོན་ལ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབォམུ་ཁྲི་བཙན་པོサརྩོམ་སྒྲིག་ཁང་གིས་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་རྩིས་འཁོར་དུ་བཅུག་ཐུབ་པ་གནང་རྒྱུ། ༤ ༢༠༡༤ལོར་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཐེངས་བཞི་བ་དེ་མཛོད་དགེ་རྫོང་ཨ་སྐྱིད་སྐྱང་ཚང་དགོན་དུ་བསྡུ་རྒྱུ། ༥ སྤྱི་ལོ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་དེ་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་༧དཔལ་རྒྱལ་དབང་ཤར་རྫ་བའི་གདན་སར་ཟབ་རྒྱས་ངང་སྤེལ་གནང་མཛད་རྒྱུ་དང་། རྫ་ཆུའི་སྟོད་སྨད་དུ་འཁོད་པའི་བོན་རུ་དགོན་ཡོངས་ཀྱིས་དོན་དེ་ལ་གཞོགས་འདེགས་མཐུན་འགྱུར་གང་ལེགས་སུ་གནང་རྒྱུ་བཅས་ཡིན་ལ། ཐེངས་འདིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་མི་སྣ་ནི་སྐབས་སྔོན་མ་དང་བསྡུར་ན་ཅུང་ཙམ་འཕྲི་སྣོན་བྱས་ཡོད་པ་གཤམ་གསལ་ལྟར་རེད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བློ་འདྲི་ཞུ་ཡུལ་གྱི་མི་སྣ་དང་། ཚོགས་གཙོ། ཚོགས་གཙོ་གཞོན་པ། དྲུང་ཆེ། དྲུང་ཡིག་ཆེན་མོ་གཞོན་པ། དྲུང་ཡིག་པ་བཅས་ཀྱི་མཚན་ཐོ་ལས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བློ་འདྲི་ཞུ་ཡུལ་གྱི་མི་སྣ། གཤེན་སྲས་ནོར་བུ་དབང་རྒྱལ། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྐྱང་སྤྲུལ་དྲི་མེད་འོད་ཟེར། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། མཁན་པོ་རིག་འཛིན་དབང་རྒྱལ། ཚོགས་གཙོ། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ། ཚོགས་གཙོ་གཞོན་པ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། ཐར་བདེ་ཚེ་དབང་འཇིགས་མེད། རྩེ་དྲུག་བསྟན་འཛིན་འོད་ཟེར། མཁན་པོ་རྒྱ་མཚོ་ནོར་བུ། ཁྱུང་མོ་སྟོབས་ལྡན་དབང་ཕྱུགལི་ཤུ་གཤེན་རྒྱལ་བསྟན་འཛིན། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། རག་ཞིག་ཀུན་གསལ་སྙིང་པོ། སེང་སྤྲུལ་རིག་འཛིན་ཉི་མ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་བཅས་སོ། ། དྲུང་ཆེ། གདོང་བཙུན་རྒྱ་ཐར། དྲུང་ཡིག་ཆེན་མོ་གཞོན་པ། རྟོགས་ལྡན་བསྐལ་ཁོ། དྲུང་ཡིག་པ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། མཁན་པོ་ཚེ་རིང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། བོན་བརྒྱ་བསྟན་པའི་ཉི་མ། སྙན་བཟང་བསོད་ནམས་གཡུང་དྲུང་། རིན་སྤུངས་ཚུལ་བསྟན། ཨ་ཀུན་གསལ་ཟླ་བ་བཅས་རེད། ཐེངས་འདིའི་ཚོགས་འདུ་དེ་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ནས་གཙོ་སྒྲུབ་གནང་བ་མ་ཟད། དགོན་དེའི་ལྷ་སྡེ་མི་སྡེ་ཚང་མས་ཀྱང་ནང་བསྟན་ཤེས་རིག་རྒྱུད་འཛིན་གྱི་བསྟན་པའི་དོན་ཆེན་འདིར་བསོད་ནམས་བསགས་པའི་ཞིང་དང་ཤེས་རིག་གི་རྒྱན། རང་གི་མི་ཚེ་གཅིག་གི་གཟི་བརྗིད་དུ་བསམ་ཏེ་དགའ་གུས་སྤྲོ་གསུམ་གྱི་སྒོ་ནས་དཀའ་བའི་ཚེགས་དང་། དཀོན་པའི་རྒྱུ་འབྱོར་གྱི་མཐུན་རྐྱེན་ཕངས་མེད་སྦྱར་བའི་ཉེར་ལེན་ལས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དེ་གཟབ་རྒྱས་དང་ནང་དོན་ཕུན་སུམ་ཚོགས་ལ། གྲུབ་འབྲས་གཡུར་དུ་ཟ་བ་ལོན་པ་དང་བཅས་ཡོངས་སུ་མཇུག་བསྡུས་པ་ཡིན་ཞིང་། དོན་དེ་རིགས་ཅུང་ཞིབ་གསལ་དུ་མཁྱེན་གནང་མཛད་དགོས་པ་ཡོད་ཚེ། ཞང་བོད་གཏམ་གླེང་སྤྱིའི་དེབ་གྲངས་བཞི་བ་དང་། མཉམ་འཛོམས་ཀྱི་གཟི་འོད་ཞེས་པའི་བརྙན་ཐག་ཟེར་སྡེར་ལ་གཟིགས་ན་འཐུས་པ་ཡིན་ཞེས་ཞོར་དུ་གླེང་བ་ཙམ་མོ། །
|