མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༥༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༥༽

 


2017-12-23 10:34:00 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དེ་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་དུ་འཚོགས་པ། 

སྤྱི་ལོ༢༠༡༣ལོའི་སྤྱི་ཟླ༨ཚེས༢༩ཉིན་ནས་བཟུང་སྤྱི་ཟླ༩ཚེས༤སྟེ་དུས་ཡུན་ཉིན་བདུན་གྱི་རིང་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དེ་དགའ་མལ་དགོན་ཆེན་དུ་ཟབ་རྒྱས་ངང་འཚོགས་པ་རེད། རེབ་འདིར་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་སྣང་ཚུལ་འགངས་ཆེན་ཞིག་ལ། ཇི་སྐད་དུ། རྒྱུད་ལས། སྟོན་པ་གནས་འཁོར་དུས་དང་བཀའ། །ཕུན་སུམ་ཚོགས་པ་ལྔས་ཤོད་ཅིག། ཅེས་གསུངས་པ་ལྟར་ཐེངས་འདིའི་རྒྱུན་ལས་ལས་འཛིན་ཚོགས་འདུ་དེས་སྣ་དྲངས་ཏེ་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང་། གཡུང་དྲུང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཐེངས་དང་པོ་གཉིས་ཀྱང་། བོན་དགོན་ཡོངས་ཀྱིས་ཤུགས་ཆེའི་གཞོགས་འདེགས་མཛད་གནང་བརྒྱུད་གནས་མཆོག་འདི་རུ་གཟབ་རྒྱས་དང་ཕུན་སུམ་ཚོགས་པའི་ངང་སྤེལ་བ་དེ་ནི་བསྟན་དང་འགྲོ་བའི་ལས་རླུང་གྱེན་དུ་བསྒྱུར་ཅིང་། འཆད་ཉན་བཤད་སྒྲུབ་ཀྱི་མེ་ལྕེ་དགུང་དུ་མཆེད་པར་ཅི་འདྲའི་མཐུན་རྐྱེན་གྱི་མར་ཁུ་སྟོབས་ཀྱིས་བསྐྱིལ་བ་ཞིག་ཏུ་སོང་འདུག་པས་ཡིན། 

དེ་ལ་བྱང་བྱ་དུར་དགའ་མལ་དགོན་ཆེན་ནམ་མཚན་དངོས་ལ་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་དུ་འབོད་པའི་གདན་ས་དེ་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་གི་བྱང་ཕྱོགས་ཀྱི་གནས་ཆེན་བྱ་དུར་རི་བོའི་གཡས་ཞོལ་ན་བརྗིད་ཀྱིས་ཆགས་ཡོད་སྟབས་མི་རྣམས་ཀྱིས་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་བརྗོད་ཅིང་། ཁྱུང་ནག་བླ་རབས་རིམ་བྱོན་གྱི་གདན་ས་སྟེ་དགའ་མལ་གཡུང་དྲུང་དར་རྒྱས་གླིང་དང་དགའ་མལ་དགོན་ཆེན་གཉིས་གླིང་སྐོར་ལྕགས་རི་གཅིག་གི་ནང་དུ་ཆགས་ཤིང་། མཁར་ཡགས་མཁས་པ་བསྟན་འཛིན་ངག་དབང་རྣམ་རྒྱལ་དང་། ཐོགས་མེད་བླ་མ་བསྟན་པའི་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་དགོན་གནས་འདིར་མ་འོངས་པར་བསྟན་པ་རྒྱ་ཆེར་འཕེལ་བའི་ཕྱག་ལས་དང་ཐུགས་སྟོབས་ཀྱི་ལུང་བསྟན་ཅི་རིགས་སུ་བསྩལ་བའི་ལོ་རྒྱུས་ངོ་མཚར་བ་འདུག

སྤྱི་ལོ༡༩༤༧མེ་ཕག་ནས་བཟུང་དགའ་མལ་དགོན་དང་སྐྱང་ཚང་དགོན། རིན་སྤུངས་དགོན། སྣང་ཞིག་ལྕགས་མདུད་དགོན། སྣང་ཞིག་དངུལ་སྐུ་དགོན། གཙོ་ཚང་དགོན་སོགས་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ལག་ལྔ་རུ་གྲགས་པ་སྟེ། མདོར་ན་ཨ་མདོ་ཤར་ཁོག་ཏུ་འབོད་པའི་གནས་ཀྱི་དགོན་མ་ལག་བཅོ་བརྒྱད་ཀྱི་འདུས་གྲྭ་སྤྱི་ཡི་ལྷན་འཚོགས་གནང་སའི་མ་དགོན་དུ་གྱུར་ཞིང་། དགོན་ཁག་གི་མཁན་པོ་ཤེས་རབ་མཐར་ཕྱིན་དང་། དཔོན་སློབ་སྐལ་བཟང་དར་རྒྱས། དགེ་བཤེས་བརྩོན་འགྲུས་གོང་འཕེལ་སོགས་ཀྱིས་བཀའ་དྲིན་ལས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དབྱར་མཚོའི་དཔལ་ལྟར་རྒྱས་པའི་རྒྱུན་འཛིན་དུ། ད་ལྟའི་ཆར་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་དབུ་བཞུགས་འོག་དགའ་མལ་དགོན་བཤད་སྒྲུབ་སློབ་གླིང་གསར་འཛུགས་གནང་བ་སོགས་ཕྱོགས་གང་ཅིའི་ཆར་ཡར་ལྡན་དུ་འགྲོ་བཞིན་པའི་གཡུང་དྲུང་བོན་གྱི་གདན་ས་ཉམས་དགའ་བ་ཞིག་ཏུ་བགྲང་ཆོག་ཆོག་གོ། 

སྤྱི་ལོ༢༠༡༣ལོའི་སྤྱི་ཟླ༨ཚེས་༢༩ཞོགས་ཀའི་ཐུན་མཚམས་ཀྱི་དྭངས་གཙང་གི་མཁའ་དབུགས་ཉིན་བྱེད་གསར་བའི་དཔལ་དང་སྦྲེལ་ཏེ་བོད་མི་ཁྲི་སྟོང་གི་སེམས་ཁོང་ན་འོད་ཀྱིས་བཞད་ཅིང་། འཛམ་གླིང་གི་རང་བྱུང་ཁམས་ཀྱི་ཤུལ་བཞག་དང་དུས་རབས་ཉེར་གཅིག་པའི་སའི་གོ་ལའི་སྔོ་ལྗང་ས་ཁུལ་བཅས་ཀྱི་སྙན་གྲགས་ཐོབ་པའི་དུང་རིའི་གསེར་མཚོ་དང་། གཟི་ཚ་སྡེ་དགུ་གཉིས་ལ་ལྟ་སྐོར་དུ་སྐྱོད་པའི་ས་ཚིགས་ཀྱི་ལྟེ་བ་སྟེ་ཟིང་ཆུ་རྫོང་གཙོ་ཚང་གྲོང་བརྡལ་ནས་དབུ་བརྩམས། བྱང་བྱ་དུར་དགའ་མལ་དགོན་ཆེན་ལ་མ་ཐུག་བར་དུ་གཅིག་རྗེས་གཉིས་མཐུད་ཀྱིས་བསྟར་ཕྲེང་བསྒྲིགས་པའི་མི་ཚོགས་ཀྱི་ཕྱག་ན་གཡང་མདའ་དང་། ལྷ་རྫས་ཀྱི་ཁ་བཏགས། མེ་ཏོག་གི་ཆུན་པོ། དྲི་ཞིམ་སྤོས་ཀྱི་སྤྲིན་ཕུང་སོགས་མཐོ་ནས་མཐོ་རུ་བཏེགས་ཤིང་། དགའ་བའི་འཛུམ་མདངས་ལ་དད་སྟོབས་ཀྱི་མཚོ་མོ་རླབས་ཀྱིས་སྐྱོམ་བཞིན་བསང་ཤུག་གི་དུད་པས་བར་སྣང་ཡོངས་སུ་འགེངས་པའི་ཁྲོད་དུ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཕེབས་སྐྱོད་འོག་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ལྔ་ནས་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པས་དབུ་དྲངས་ཏེ། གཡས་རུའི་འཆད་རྩོད་ཆེན་མོར་ཕེབས་པའི་དགེ་སློབ་སྟོན་འཁོར་ལྷན་རྒྱས་དང་བཅས་པ་དགའ་མལ་དགོན་ཆེན་ལ་བསུས་བྱུང་། 

དེ་ཡང་སྔ་དྲོའི་ཆུ་ཚོད༡༡སྟེང་འདུས་པ་སུམ་སྟོང་ལྷག་གིས་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་ཞིང་བསྟན་འགྲོའི་བདེ་སྐྱིད་ཡུན་ནས་ཡུན་དུ་གནས་པ་དང་། འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན་འཛོམས་པའི་གསོལ་བ་ཕུར་ཚུགས་སུ་གདབ་པ་དང་ཆབས་ཅིགགཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། གྲྭ་ས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རྣམ་པ་གསུམ་གྱིས་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་བསྙལ་བ་མེད་པར་བསྒྲེངས་ཤིང་། མི་ཚོགས་ཁྲི་སྟོང་གིས་དགའ་བའི་མེ་ཏོག་འཐོར་བཞིན་དད་པའི་ལྷ་ཕྱག་འཚལ་བའི་ངང་ཚུལ་དེ་ནི་མུ་མཐའ་བྲལ་བའི་ཞིང་བཟང་ན་སྟོན་གྱི་འབྲུ་དྲུག་གི་སྙེ་མ་རླུང་གིས་བསྐྱོད་པ་དང་གཉིས་སུ་མ་མཆིས་པར་གྱུར། 

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་བཟུང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་དང་དུས་བསྟུན་གཡས་རུའི་འཆད་རྩོད་ཆེན་མོ་ཡང་དངོས་སུ་འགོ་བརྩམས་པའི་མཛད་སྒོ་སྤེལ་ཞིང་། ཐེངས་འདིར་རྒྱུན་ལས་རྣམ་པས་གཡུང་དྲུང་བོན་གྱི་བསྟན་པའི་རྩ་བའམ་རིག་གཞུང་གི་ཁྱད་བོན་ནི་སྙིང་རྗེ་དང་ཤེས་རབ་ཡིན་པའི་ལྟ་བ་ལ་གཞི་བཟུང་སྟེ། མིའི་རིགས་ཀྱི་ཤེས་རབ་ཀྱི་ངོ་བོར་གྱུར་བའི་སྙིང་རྗེ་ཆེན་པོའི་སེམས་ཤུགས་དང་བྱམས་བརྩེ་ཡི་སྤྱོད་པའི་མཐུ་སྟོབས་ཀྱི་ནུས་རྩལ་གོང་ནས་གོང་དུ་སྤེལ་ཞིང་། རང་ཉིད་ཚུད་པའི་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བླ་མེད་སྤྱོད་བཟང་དང་ཕན་ཚུན་བརྩེ་སེམས། བྱམས་མཐུན་འགྲོགས་བདེ། རྣམ་དཔྱོད་ཀྱི་བློ་མིགགུ་ཡངས་ཁེངས་སྐྱུང་། ཞི་དུལ་གཞུང་དྲང་། རོགས་མགོན་ཁུར་བརྩོན། ཡར་ཐོན་དོན་གཉེར་གྱི་བློ་སྟོབས། བློ་བརྟན་ཞུམ་མེད་དང་། གཏོང་ཕོད། དྲང་བཞགའདྲ་མཉམ། བརྩི་འཇོགབཟོད་བསྲན། བྲོད་སེམས་སོགས་མཛའ་གཅུགས་ཀྱིས་གཏམས་པའི་ཚེ་སྲོག་གི་རིན་ཐང་མངོན་འགྱུར་ཡོང་སླད། བོན་དང་རིག་གཞུང་ལ་བརྩོན་པའི་སྤོབས་སེམས་ཀྱི་ཐུགས་སྟོབས་མཐོ་རུ་གཏོང་བ་དང་ཡ་རབས་སྤྱོད་བཟང་གི་འབྲེལ་ལམ་རྒྱ་ཆེར་འཛུགས་ཐུབ་ཅིང་། གཞན་ཕན་ལྷག་བསམ་གྱི་རང་མདངས་གཙང་མའི་འོད་སྣང་མཁའ་རུ་འདྲེན་པའི་དགའ་བའི་སྒྲོན་མེ་ཡིད་ཀྱིས་སྦར་བ་ལ། མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པར་སྣེ་ཁྲིད་ཀྱི་ནུས་པ་ངེས་ཅན་འདོན་པའི་ཐབས་ལམ་འཚོལ་ཐབས་སྐོར་ནས་རྒྱང་རིང་དམིགས་འདུན་ཅན་གྱི་གསུང་བཤད་གལ་ཆེན་དང་། དོན་གྱི་སྙིང་པོས་ཡོངས་སུ་ཕྱུག་པའི་བགྲོ་གླེང་ཟབ་ལ་དམར་བ་ཅི་རིགས་སུ་བྱས་པ་དེས་གང་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་དེ་ན་འགྲོ་དོན་ཤུགས་ཀྱིས་ཁུར་བའི་སྐྱེས་བུ་དམ་པ་མང་དུ་འབྱུང་ཞིང་། བསྟན་པའི་ངོ་བོ་སྙིང་རྗེ་དང་ཤེས་རབ་ཀྱི་འོད་སྣང་ལ་བལྟ་ཐུབ་པའི་བློ་གྲོས་ཀྱི་མིག་དབང་དུས་དང་རྣམ་པ་ཀུན་ཏུ་ཆེས་ཆེར་བསྣམས་ཡོད་པའི་ཚོར་བ་ཟབ་མོ་ཞིག་གིས་བདག་ཡིད་ཡོངས་སུ་བཟི་བར་གྱུར། 

ཚོགས་འདུའི་བཀོད་སྒྲིག་དང་བསྟུན་རྒྱུན་ལས་རྣམ་པ་སངས་རྒྱས་མི་ཡི་གཟུགས་སུ་བྱོན་པའི་སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་ལྟེ་ཁྲག་འཕོས་སའི་སྦྲ་རྗེས་རྒུ་ཞེས་པའི་གནས་དེར་དད་སྟོབས་ཀྱིས་ཕེབས་ཤིང་། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་གསར་དུ་བཞེངས་པའི་སྐྱབས་མགོན་མཆོག་གི་ཟངས་སྐུ་བཞུགས་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ལ་རབ་ཏུ་གནས་པའི་ཆོ་ག་མཛད་པ་དང་། དེ་བཞིན་ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་གསེར་ཟངས་ཀྱི་རྒྱལ་མཚན་བཀའ་དྲིན་གྱི་མཚོན་རྟགས་སུ་འབུལ་གནང་མཛད་ཅིང་། དེ་བཞིན་སྐྱང་ཚང་དགོན་པ་དང་རིན་སྤུངས་དགོན། གཙོ་ཚང་དགོན། སྣང་ཞིག་ལྕགས་མདུད་དགོན། སྣང་ཞིག་དངུལ་སྐུ་དགོན་སོགས་ལ་ཕེབས་གཟིགས་གནང་བས་མ་ཚད། ཐེངས་འདིར་ཟིང་ཆུ་རྫོང་དང་གཟི་ཚ་སྡེ་དགུ་རྫོང་གཙོར་བྱས་ཐོག་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མཇལ་བ་ཁྲི་ཕྲག་ལྷག་ལ་ཚོགས་བཞུགས་བསྟན་འཛིན་སྐྱེས་ཆེན་རྣམ་པས་ལེགས་ཉེས་བླང་དོར་ཕྱོགས་ཀྱི་བཀའ་སློབ་གནད་སྨིན་དང་། ཐུགས་བསྐྱེད་བསྔོ་སྨོན་མཇལ་ཁ་གནང་བ་དང་འབྲེལ་ས་གནས་མང་ཚོགས་ལ་སྤྲོ་སེམས་འཁོལ་བའི་ལས་ཀའི་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་བཅས་ཐེངས་འདིའི་ཚོགས་འདུ་མཇུག་བསྡུས་པ་ཡིན། 

ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད། 

༡ ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཞིང་གངས་ཅན་བོད་པའི་ཕ་མེས་ཀྱི་ཆོས་རྒྱུད་དམ་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་། རྒྱ་ཆེའི་གཏིང་ཟབ་གཙུག་ལག་རིག་གཞུང་རྒྱ་མཚོའི་དགོངས་དོན་དཔྱད་གསུམ་ཚད་མའི་སྲང་གིས་གཞལ་བའི་སློབ་སྦྱོང་གི་ཁོར་ཡུག་དཔེ་མེད་ཅིག་སྟེ། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་དེ་ལོ་ལྔའི་ནང་ཐེངས་རེ་འཚོགས་རྒྱུར་གཏན་ཁེལ་བྱས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འཚོགས་ཡུལ་དང་དེ་ཇི་ལྟར་འཚོགས་རྒྱུ་ཡིན་པ་སོགས་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བའི་སྐབས་ཐག་གཅོད་དང་ཁྱབ་བསྒྲགས་བྱ་རྒྱུ།  

༢ རང་ཉིད་ཐེ་བའི་རྒྱ་ཆེའི་བོན་དད་མང་ཚོགས་ཀྱི་ཤེས་རིག་གི་དཔལ་ཡོན་གོང་དུ་སྤེལ་བའི་ཐབས་ལམ་མམ་བོན་སྲིད་ལུགས་གཉིས་ཕྱོགས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་འགན་ལེན་བྱེད་པ་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་འོས་བབ་ཀྱི་བཀོད་སྒྲིག་ཐོན་པར་བྱེད་པ་བརྒྱུད་དེ། ས་གནས་ཁག་ལ་བོན་བསྟན་ལོ་རྒྱུས་དང་འབྲེལ་ཞིང་བོད་ཀྱི་ཆོས་རིག་སྤྱི་ལ་སྨན་པའི་དགེ་བསྐུལ་སློབ་གསོ་གཏོང་རྒྱུ་དེ་ཚོགས་པའི་འོས་འགན་འགངས་ཆེན་གྱི་གྲས་སུ་ནམ་ཡང་འཛིན་དགོས་ཤིང་། སློབ་གསོ་བྱེད་སྟངས་ཀྱི་ཆ་ནས་ས་གནས་དེ་གར་སྙན་གྲགས་དང་བརྩི་བཀུར་ཆེ་བའི་བླ་མའམ་དགེ་བཤེས་སྔགས་བཙུན་གང་རུང་གིས་སློབ་གསོ་རྒྱག་རྒྱུ་གཙོ་རུ་འཛིན་དགོས་པ་དང་། སློབ་གསོ་རྒྱག་པའི་དུས་ཚིགས་དེ་ཡང་ཟླ་གཅིག་གི་སྔོན་ནས་བཟུང་སློབ་གསོ་རྒྱག་སའི་ས་གནས་དེ་ལ་བརྡ་སྦྱོར་གཏོང་དགོས་རྒྱུ་མ་ཟད། ས་གནས་དེ་གའི་རྒྱུན་ལས་མི་སྣས་དོན་དེར་དཀའ་ངལ་སེལ་བའི་རོགས་འདེགས་ཤུགས་ཆེན་གནང་ཐུབ་པའི་ཐབས་ལམ་ཅིས་ཀྱང་འདོན་དགོས་ལ། བོན་དང་འབྲེལ་བའི་སློབ་གསོའི་ལས་གཞི་དམངས་ཁྲོད་ལ་རྩ་སྟོང་དུ་མི་འགྲོ་བའི་ཆེད་རྨང་གཞིའི་སློབ་དེབ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་སོགས་ཀྱིས་མཚོན་པའི་ནང་དོན་གཅིག་གྱུར་ཅན་གྱི་སློབ་དེབ་གསར་བ་ཚོགས་པའི་ངོས་ནས་རྩོམ་སྒྲིག་བཟོ་རྒྱུ་འཐུས་ཤོར་དུ་མ་སོང་བ་བྱེད་དགོས་ཤིང་། བོན་གྱི་སློབ་གསོའི་ལས་གཞི་ཁྱབ་གདལ་དུ་གཏོང་བར་དཀའ་སྤྱད་འབད་བརྩོན་དང་ཕྱག་རྗེས་འབུར་ཐོན་ཡོད་པའི་མི་སྣ་གང་བྱུང་དེ་རིགས་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གང་ལ་གང་འཚམ་གྱི་བཀའ་དྲིན་ལེགས་གསོལ་མཚོན་པའི་གཟེངས་རྟགས་ཤིས་སྨོན་གནང་རྒྱུ་ཚགས་སུ་ཚུད་པ་བྱེད་དགོས་རྒྱུ། 

༣ མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཁོངས་མིར་བདམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པ་སུ་ཡིན་ཡང་རུང་སྟེ། བསྟན་པའི་སྤྱི་དོན་ལ་བསམ་གཞིགས་ཐུགས་སྟོབས་ཆེ་རུ་བཞེས་ནས་ཚོགས་འདུ་ཆེ་ཆུང་ཀུན་ལ་དུས་ཚོད་ལྟར་ཞུགས་ཐུབ་པ་གནང་དགོས་བྱེད་ཅིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་ཁེལ་བཟོས་པ་དག་རྒྱུན་ལས་རྣམ་པས་རང་རང་གི་ས་གནས་ཁག་ཏུ་ཁྱབ་བསྒྲག་དང་ལག་ལེན་དུ་བསྟར་བ་བརྒྱུད། ཐུན་མོང་མ་ཡིན་པའི་རྣམ་པ་མཚོན་ཚུལ་ལྡན་པའི་བོན་བསྟན་ཤེས་རིག་གི་འོད་སྣང་འཛིན་མའི་ཁྱོན་དུ་འགྲེམ་པའི་ཐུགས་སྟོབས་ཆེ་རུ་བཞེས་རྒྱུའི་ཐད་ནས་ཕན་ཚུན་ལ་སྐུལ་འདེད་གནང་རྒྱུ་དང་། རྒྱུན་ལས་ལས་འཛིན་པ་ཡོངས་ནས་རང་རང་དང་འབྲེལ་བའི་ས་ཕྱོགས་ཀྱི་བོན་འབངས་མི་གྲངས་སྤྱི་བསྡོམས་བྱས་ཏེ་ཐེངས་རྗེས་མའི་ཚོགས་ཆུང་སྐབས་ཡར་ཞུ་འབུལ་ཐུབ་པ་བྱེད་རྒྱུ། 

༤ མཁས་ཤིང་མཛངས་པའི་བདག་ཉིད་དམ་པ་རག་ཞིག་ཀུན་གསལ་སྙིང་པོ་ལགས་ཀྱིས་བོན་བསྟན་ཤེས་རིག་གི་སྲོག་རྩ་ཡུན་གནས་དང་རྒྱུན་འཛིན་དར་ཁྱབ་བླ་ལྷག་འབྱུང་བའི་མཐུན་རྐྱེན་དུ་དམིགས་ཏེ། ངལ་བ་བརྒྱ་དང་འབད་པ་སྟོང་གི་ཁུར་ཆེན་ཤུགས་ཀྱིས་འདེགས་བཞིན་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་སུ་བསྐྲུན་པར་དཔེ་རྙིང་འཚོལ་སྡུད་དང་དཔེ་བསྡུར་སོགས་ཕྱོགས་གང་ཅིའི་ཆ་ནས་ཀྱང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དགོས་པ་སྐབས་བསྟུན་ལྟར་ནུས་པ་འདོན་སྤྲོད་བྱེད་པ་སོགས་ལས་གཞིའི་རྩིག་རྨང་འདིང་བར་མཐུན་སྦྱོར་ཅི་ནུས་སྩོལ་ཨེ་ཐུབ་བལྟ་རྒྱུ། 

༥ དེ་ཡང་འགྲོ་འདུལ་སྲས་སྤྲུལ་གྱི་མདོ་ལས། ཚད་གསུམ་ཟུང་འབྲེལ་བོན་སྡེ་བདུན། དྲི་བ་རྟགས་གསལ་སྒྲོན་མེ་སྡེ། །རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། །སྤང་བ་རྒོལ་བ་ཚར་གཅོད་སྡེ། །བླངས་པ་ཀུན་འབྱུང་ཡངས་པའི་སྡེ། །འགལ་བ་མི་མཐུན་སྤང་པའི་སྡེ། །མཐུན་པ་རང་ལུགས་བཞག་པའི་སྡེ། །མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ། ཞེས་བསྟན་པ་ལྟར། མདོ་སྔགས་རྫོགས་གསུམ་གྱི་གསུང་རབ་སྤྱིའི་དོན་དང་ལྷག་ཏུ་ཐེངས་དེའི་སྐབས་བབས་ཀྱི་སྦྱང་བྱ་ཚད་མ་རིག་པའི་གཞུང་ཆེན་རྣམས་ཀྱི་དགོངས་པར་དམ་བཅའ་དང་། སྒྲུབ་བྱེད། སྐྱོན་སྤོང་། དྲི་བ། སུན་འབྱིན། ཤན་འབྱེད། དགོས་པའམ་འབྲས་བུ་བཅས་བཤད་གཞུང་བདུན་དུ་ཕྱེ་སྟེ་འཆད་རྩོད་རྩོམ་གསུམ་བྱེད་པའི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་ནས་ཡུལ་དངོས་ཀྱི་གནས་བབ་ལྟར་ཨང་རིམ་བཀར་ཏེ། རྩོད་པའི་རིག་ལམ་མཆོག་ཏུ་གྱུར་ཞིང་རྩོད་ཉམས་ཀྱིས་སྐལ་ལྡན་དྭངས་པ་འདྲེན་པའི་སྦྱང་འབྲས་ཁྱད་འཕགས་ཅན་འགའ་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་གཟེངས་རྟགས་ལེགས་སྐྱེས་གནང་རྒྱུ་བཅས་སོ། །