མདུན་ཤོག

བོན་གྱི་བྱ་འགུལ། - ཚུལ་ཆེན་རིན་པོ་ཆེ་ཐེ་ལན་ཆོས་ལྡན་རྒྱལ་ཁབ་ཀྱི་ཀུན་སྒྲོལ་གླིང་དུ་ཕེབས་པའི་མཛད་རིམ་མདོར་བསྡུས།

ཚུལ་ཆེན་རིན་པོ་ཆེ་ཐེ་ལན་ཆོས་ལྡན་རྒྱལ་ཁབ་ཀྱི་ཀུན་སྒྲོལ་གླིང་དུ་ཕེབས་པའི་མཛད་རིམ་མདོར་བསྡུས།

 


2017-12-23 21:54:52 རྩོམ་པ་པོ། རྨེའུ་ཡོན་ཏན་མཐོང་གྲོལ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

1514036074174192.jpg

མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་གྱི་བླ་རབས་བཅུ་གསུམ་པ་མཁས་ཤིང་གྲུབ་པའི་དབང་པོ་སྐྱབས་རྗེ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་ཁོང་ཉིད་ཡ་གླིང་ལྷོ་ཤར་ཐེ་ལན་ཆོས་ལྡན་རྒྱལ་ཁབ་ཀྱི་༼སྟོང་སྐར་ཚོགས་པའི་ལྟེ་གནས་ཀུན་སྒྲོལ་བདེ་ཆེན་འོད་གསལ་ལྷུན་གྲུབ་གླིང་༽དུ་ཕེབས་ནས་མཛད་རིམ་བསྐྱངས་པའི་གནས་ཚུལ་གནད་བསྡུས་ཅུང་ཙམ་བརྗོད་ན།

1514036074219849.jpg

2017ལོའི་སྤྱི་ཟླ་12པའི་ཚེས་13ཉིན། རྒྱལ་ས་བྷན་ཁོག་རྒྱལ་སྤྱིའི་གནམ་ཐང་དུ་རྩ་བའི་བླ་མ་དམ་པ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་སྐུ་འཁོར་བཅས་འབྱོར་བ་དང་། ཐེ་ལན་སྟོང་སྐར་ཚོགས་པའི་ཚོགས་གཙོ་རིན་པོ་ཆེའི་དགོས་སློབ་ལྕམ་མཁས་དབང་སྐལ་བཟང་ཟླ་བ་སོགས་ཀུན་སྒྲོལ་གླིང་གི་སློབ་མ་རྣམས་དང་། ཁྱད་པར་ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་བཅས་ཀྱིས་མཇལ་དར་ཕུལ་ཞིང་བསུ་མ་གནང་།

སྤྱི་ཚེས་14ཉིན་གྱི་ཞོགས་པར་སྟོང་སྐར་ཚོགས་པའི་ཚོགས་ཁང་དུ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དང་རྒྱལ་དབང་ཀུན་གྲོལ་སྤྲུལ་སྐུ་རྣམ་གཉིས་ཐུགས་དགྱེས་པ་ཆེན་པོའི་ངོས་ནས་ཕན་ཚུན་ཞལ་བརྡ་གནང་བ་དང་། རྒྱལ་ས་བྷན་ཁོག་ན་ཡོད་པའི་ཀུན་སྒྲོལ་གླིང་གི་སློབ་མ་དང་དད་ལྡན་བསྟན་སྦྱིན་འགའ་ལ་ཞལ་མཇལ་གནང་ཞིང་དགེ་སྒྲུབ་སྡིག་སྤང་གི་བཀའ་སློབ་ལམ་སྟོན་དང་བོན་སྦྱིན་བྱིན་རླབས་གནང་། ཉིན་གུང་སེན་ཁྲོལ་གསོལ་མགྲོན་ཁང་ཆེན་དུ་གསོལ་ཟས་མཆོད་པའི་ཚོགས་ལ་རོལ་བ་དང་དེ་རྗེས་རིན་པོ་ཆེའི་སྐུ་འཁོར་སློབ་ཚོགས་བཅས་ཀུན་སྒྲོལ་གླིང་ལ་ཕེབས།

1514036074134883.jpg

1514036074116095.jpg

སྤྱི་ཚེས་15ཉིན། ཀུན་སྒྲོལ་གླིང་དུ་རིན་པོ་ཆེ་ནས་ཀུན་མཁྱེན་ཤར་རྫ་བ་རིན་པོ་ཆེའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་ལྟར་སྔོན་འགྲོ་འབུམ་དགུའི་བསགས་སྦྱང་གནང་ཟིན་པ་དང་གནང་བཞིན་པ་བཅས་ཀྱི་སློབ་མ་ཚོར་རྫོགས་པ་ཆེན་པོའི་དངོས་གཞི་སེམས་དང་རིག་པའི་ཞལ་གདམས་འཆད་ཁྲིད་ཟབ་རྒྱས་གནང་།

1514036075559671.jpg
1514036074110978.jpg

སྤྱི་ཚེས་16ཉིན། སྐྱབས་རྗེ་༧ཚུལ་ཆེན་རིན་པོ་ཆེ་ནས་ཡང་ཟབ་ནམ་མཁའ་མཛོད་ལས་བྱུང་བའི་རིག་འཛིན་དང་མཁའ་འགྲོ་དགོངས་འདུས་སོགས་ཀྱི་ལུང་གནང་བ་དང་། ནང་གསང་བ་སྔགས་ཀྱི་བསྐྱེད་རིམ་དམིགས་ཁྲིད་མདོར་བསྡུས་དང་ཏིང་འཛིན་རྣམ་གསུམ་བསྐོར་གྱི་འཆད་ཁྲིད་གནང་། དགུང་མོར་སློབ་ཚོགས་མཉམ་དུ་གསལ་བ་འོད་ཀྱི་སྒྲོན་མེ་ཁྲི་མཆོད་ཕུལ། 

1514036074103659.jpg
1514036075609373.jpg

སྤྱི་ཚེས་17ཉིན། ཀུན་སྒྲོལ་གླིང་དུ་རྣམ་ལྔ་སྟོང་མཆོད་དང་མེ་ཏོག་ཁྲི་མཆོད་བཅས་ཕུལ་བ་དང་། སྐྱབས་རྗེ་༧ཚུལ་ཆེན་རིན་པོ་ཆེས་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱི་དགེ་བའི་ཕན་ཡོན་དང་གནས་ལུགས་སྐོར་གསུང་བཤད་གནང་། དེ་རྗེས་མཆོད་རྟེན་འབྲེལ་འཇོག་མཛད་སྒོ་སྤེལ་བ་དང་རིན་པོ་ཆེ་ནས་བསྟན་དང་འགྲོ་བའི་དོན་དུ་༼གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོ་༽བཞེངས་བའི་དགོས་པ་རྒྱུ་མཚན་དང་དགེ་བའི་བསོད་ནམས་ཀྱི་ཕན་ཡོན་བཅས་གསུང་བཤད་ཟབ་མོ་གནང་ཤིང་རྗེས་སུ་བསྔོ་སྨོན་དང་བསང་གསོལ་བཀྲ་ཤིས་གཡང་འབོད་གནང་བ་བཅས་ལེགས་པར་གྲུབ། ཉིན་རྒྱབ་རིན་པོ་ཆེས་སྔོན་འགྲོ་བཞེངས་བའི་སློབ་མ་གཙོ་བོར་བཅས་ལ་གུ་རུ་ལྷ་གཅིག་དབང་གཅིག་གི་བཀའ་དབང་ཟབ་མོ་གནང་།

1514036075162918.jpg
1514036074625122.jpg

 སྤྱི་ཚེས་18ཉིན། སྔོན་འགྲོ་སྦྱངས་ཟིན་པའི་སློབ་མ་ཚོར་འཕོ་ཁྲིད་གསལ་གདབ་དང་ཉམས་ལེན་གདམས་སྐོར་གྱི་བཀའ་སློབ་གནང་། ཕྱི་དྲོར་སངས་རྒྱས་ཀྱི་བསྟན་པ་འཛིན་པ་སྤྱི་དང་ཁྱད་པར་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེའི་སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པའི་ཆེད་དུ་ངེད་ཅག་ཀུན་སྒྲོལ་གླིང་གི་དགེ་སློབ་དང་བསྟན་སྦྱིན་འགའ་བཅས་དང་མཉམ་དུ་ཐེ་ལན་ཧོ་ཧན་ས་ཁུལ་སན་གུར་ཅིང་ཞེས་པའི་མཚོ་གླིང་དུ་ཉ་འབུམ་གཅིག་ཚེ་ཐར་སྲོག་བསླུ་དང་བསྔོ་སྨོན་བཅས་གྲུབ་ནས་ཧོ་ཧན་རྒྱ་མཚོའི་ཉེ་ཟུར་དུ་ཉིན་གུང་གསོལ་ཟས་མཆོད་པའི་ཚོགས་ལ་རོལ་ཞིང་རིན་པོ་ཆེས་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་ཞལ་གདམས་ཞལ་རྩེད་མང་དུ་གནང་། 

1514036075372956.jpg

 སྤྱི་ཚེས་19ཉིན། སྐྱབས་རྗེ་༧ཚུལ་ཆེན་རིན་པོ་ཆེ་ནས་ཀུན་གྲོལ་སྤྲུལ་སྐུ་ནམ་མཁའ་དབང་ལྡན་དང་། གཤེན་གྱི་རྣལ་འབྱོར་བ་བཤད་སྒྲུབ་རྒྱ་མཚོ། མཁས་དབང་བསྐལ་བཟང་ཟླ་བ། རྨེའུ་ཡོན་ཏན་མཐོང་གྲོལ་བཅས་ལ་དམར་མོ་མཛུབ་ཁྲིད་ཀྱི་ལུང་དང་། མཁའ་འགྲོ་གསང་མཛོད་རྩ་རླུང་གི་དབང་གནང་བ་དང་། ཕྱི་དྲོར། དཔལ་ལྡན་ལྷ་མོའི་ཚོགས་མཆོད་དང་འཕྲིན་བཅོལ་གནང་།

1514036075736230.jpg

སྤྱི་ཚེས་20ཉིན། ཞོགས་པར་མཆོད་རྟེན་ཆེན་མོའི་ཡང་རྩེའི་སྒོ་རྒྱན་ནང་བཞུགས་རྟེན་མཆོག་ཀུན་ཏུ་བཟང་པོའི་སྐུ་འདྲ་དང་མཆོད་རྟེན་མདུན་གྱི་སྒོ་རྒྱན་ནང་བཞུགས་ཡེ་ཤེས་དབལ་མོའི་སྐུ་འདྲ་བཅས་ལ་གཟུངས་གཞུགས་འབུལ་བ་དང་རབ་གནས་གནང་། ཉིན་གུང་ཀུན་སྒྲོལ་གླིང་དུ་བྱང་ཆུབ་ཤིང་གི་སྡོང་བོ་བཙུགས་པ་ལྷ་ཆེན་སྦྱིན་བསྲེག་གི་ཆོ་ཀ་གནང་བ་སོགས་ཀྱི་བཀའ་དྲིན་བསྩལ། 

IMG_1171.JPG

སྤྱི་ཚེས་21ཉིན། སྐྱབས་རྗེ་༧ཚུལ་ཆེན་རིན་པོ་ཆེས་ཀུན་སྒྲོལ་གླིང་གི་མཛད་རིམ་རྣམས་ལེགས་འགྲུབ་བྱུང་རྗེས་ཉིན་གུང་ཐེ་ལན་རྒྱལ་ས་བྷན་ཁོག་ལ་འབྱོར་བ་དང་དད་ལྡན་སློབ་མ་ཚོར་མཇལ་ཁ་གནང་།  ཕྱི་དྲོར་ཚེ་དབང་ལྷ་དགུ་མའི་བཀའ་དབང་གནང་ཞིང་ཚེ་དབང་བསྐུར་བའི་དགོས་པ་དང་ཆེད་དམིགས་བཅས་ཐུགས་བྱམས་ཤིང་བརྩེ་བ་ཆེན་པོའི་སྒོ་ནས་དགེ་སྒྲུབ་སྡིག་སྤང་གི་ལས་གལ་ཆེན་ཡིན་པ་བཅས་ཀྱི་ཞལ་གདམས་མང་དུ་གསུངས་བ་བཅས་ཀྱི་བཀའ་དྲིན་བསྩལ།

1514036075980263.jpg

སྤྱི་ཚེས་22ཉིན། སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་སྐུ་འཁོར་དང་སློབ་ཚོགས་བཅས་ཐེ་ལན་རྒྱལ་རབས་སྐུ་འཕྲེང་རིམ་པའི་ཕོ་བྲང་དང་། རྒྱལ་སའི་དགོན་པ་རྩ་ཆེན་འགའ་ལ་མཆོད་མཇལ་ཕེབས་པ།

1514036690787481.jpg

སྤྱི་ཚེས་23ཉིན།  ངེད་ཅག་སློབ་བུ་སྐོར་གཅིག་གིས་རྩ་བའི་བླ་མ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་རྒྱལ་ས་བྷན་ཁོག་རྒྱལ་སྤྱིའི་གནམ་ཐང་དུ་སྐྱེལ་མ་བྱས་ཤིང་བཀའ་དྲིན་བརྗོད་པའི་མཇལ་དར་ཕུལ། ཐེངས་འདིར་རིན་པོ་ཆེ་ཐེ་ལན་༼ཀུན་སྒྲོལ་བདེ་ཆེན་འོད་གསལ་ལྷུན་གྲུབ་གླིང་༽དུ་ཕེབས་ནས་གང་ལ་གང་འདུལ་གྱི་དབང་ལུང་མན་ངག་གནང་བ་དང་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་བཀའ་སློབ་ལམ་སྟོན་གནང་བ་སོགས་དགེ་ཞིང་ལེགས་པའི་མཛད་རིམ་རྣམས་ལེགས་པར་གྲུབ་ནས་རང་རྒྱལ་གྱི་གྲོང་ཁྱེར་ཧྲང་ཧེ་རུ་ཕེབས་པ་བཅས་ཀྱི་མཛད་རིམ་བཀྲ་ཤིས་དགེའོ།།

1514036075505107.jpg
བསོད་ནམས་འདི་ཡི་དགེ་བའི་དཔལ་ཡོན་གང་།།
རྩ་བའི་བླ་མའི་ཞབས་པད་བརྟན་པ་དང་།།
བསྟན་འགྲོར་ཕན་བདེའི་གསོས་སུ་ཡོངས་སྨིན་ནས།།
འགྲོ་ཁམས་སྐྱིད་ཀྱི་ཉི་མ་རྟག་འཆར་ཤོག།