མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༦༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༦༽

 


2017-12-25 16:08:05 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དེ་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཨ་སྐྱིད་སྐྱང་ཚང་དགོན་དུ་འཚོགས་པ།

   སྤྱི་ལོ༢༠༡༤ལོའི་སྤྱི་ཟླ༡༠ཚེས༣༠ནས་ཟླ༡༡པའི༢ཏེ་དུས་ཡུན་ཉིན་བཞིའི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་སྐྱང་ཚང་དགོན་དུ་དངོས་སུ་འཚོགས་པ་རེད། ཨ་སྐྱིད་སྐྱང་ཚང་དགོན་ནམ་མཚན་ཆ་ཚང་ལ་ཨ་སྐྱིད་སྐྱང་ཚང་བཀྲ་ཤིས་གཡུང་དྲུང་གླིང་དུ་ཞུ་བའི་དགོན་སྡེ་དེ་ནི། སྐྱང་འཕགས་ཉི་མ་འོད་ཟེར་རམ་ནམ་མཁའ་གཡུང་དྲུང་དུ་འབོད་པའི་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་ཕྱག་བཏབས་མཛད་ཅིང་། དེ་ཡང་འཕན་ཆུ་དང་ཟིང་ཆུའི་ཡུལ་འདིར་སྔོན་གྱི་དུས་ན་གྲུབ་ཐོབ་ཟིང་བ་མཐུ་ཆེན་དང་། གྲུབ་ཆེན་གྱིམ་བུ་ལན་ཚ། རིག་འཛིན་གྱེར་མི་ཉི་འོད་སོགས་བྱོན་ནས་བསྟན་པ་སྤེལ་བའི་ལོ་རྒྱུས་འདུག་ལ། ཕྱི་དར་བསྟན་པའི་ཉིན་བྱེད་བསིལ་ལྡན་འཛིན་མའི་མཁའ་རུ་འབར་བའི་དུས་བཟང་དང་བསྟུན་ཏེ། ཡུལ་ལུང་འདིར་གྲུབ་ཆེན་སྐྱང་འཕགས་ཆེན་པོའི་གདུང་རབས་དང་གདན་རབས་མང་དུ་འཕེལ་ནས་བསྟན་པ་སྤེལ་སྟབས། ཡུལ་སྐད་དུའང་སྟོད་སྐྱང་དང་སྨད་སྐྱང་ཞེས་འབོད་སྲོལ་བྱུང་བ་ད་ལྟའི་བར་གཏན་འཇགས་སུ་གནས་པ་ལས། དགོན་སྡེ་འདི་ལ་གདན་རབས་དང་པོ་རིག་འཛིན་སྐྱང་འཕགས་ཉི་མ་འོད་ཟེར་ནས་བཟུང་ད་ཆར་གདན་རབས་ཉི་ཤུ་རྩ་བདུན་བར་གྱི་མཛད་འཕྲིན་རྣམ་པར་འཕེལ་བའི་ལོ་རྒྱུས་ཀྱི་ཕྲེང་བ་བར་མ་ཆད་པར་བརྒྱུས་ནས་བསྟར་ཡོད་པས། དགོན་སྡེ་འདི་ནི་བོན་བསྟན་ཕྱི་དར་གྱི་ལོ་རྒྱུས་ཁྲོད་འཕན་ཆུའི་སྐྱང་དགོན་ཁག་བདུན་དང་དགོན་ལག་རྣམས་ལ་འབྲེལ་བ་ཟབ་པའི་དགོན་སྡེ་འགངས་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ད་ཆའི་བསྟན་བདག་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་བ་ཆེན་པོ་མཆོག་གིས་དགོན་སྡེ་འདིའི་འཆད་ཉན་བཤད་སྒྲུབ་གཙོ་བྱས་པའི་བོན་སྲིད་ལུགས་གཉིས་ཀྱི་འཛིན་སྐྱོང་གི་ཁུར་ཆེན་ཐུགས་ཀྱི་ཟབ་ས་ནས་བཞེས་པའི་ཕྱག་རྗེས་ལ། ཉེ་ཆར་དགོན་སྡེ་འདི་རུ་གྲྭ་སྒོར་གསར་ཞུགས་སློབ་ཆུང་གི་སྐོར་དང་། རིག་གནས་ཆོ་ག་ཕྱག་ལེན་སྦྱོང་བའི་སྐོར། མདོ་སྔགས་བཤད་སྒྲུབ་སྡེ་གསུམ་ལ་འཆད་ཉན་སྒོམ་སྒྲུབ་བྱེད་པའི་སྐོར། སྦྱིན་བདག་རེ་སྐོང་ཞབས་འདེགས་ཞུ་བའི་སྐོར་སོགས་ཀྱི་སྡེ་ཚན་ནམ། འཛིན་གྲྭ་སོ་སོར་གཉེར་ཏེ་བསྟན་པ་འཕེལ་བཞིན་པའི་དགོན་སྡེ་བཀོད་ལེགས་ཉམས་སུ་དགའ་བ་ཞིག་ཏུ་འདུག་གོ།
    དེ་རིང་ནི་སྤྱི་ཟླ༡༠པའི་ཚེས༣༠ཐམ་པའི་ཉིན་ཡིན་ཞིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་སྟེ། དད་འདུན་དང་ཐུགས་སྟོབས་ཀྱིས་སྐྱོམ་པའི་ཡིད་ཆེས་བརྟན་པོའི་ཁྲོད་དུ་དངོས་སུ་ཚོགས་འགོ་བརྩམས། འདི་ནི་གོ་ལའི་གཙུག་རྒྱན་དང་གངས་ལྗོངས་མཛེས་རྒྱན་ཡིན་པར་རང་རྒྱལ་ལ་མིང་གྲགས་ཆོད་པའི་མཛོད་དགེ་རྩྭ་ཐང་ཆེན་མོར་འབོད་པ་དེ་རུ། ཐུགས་རྒྱུད་བསྟན་དོན་ལ་ལེགས་པར་བསྐུལ་བའི་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་མང་པོའི་ལོ་རྒྱུས་སྟེང་། བསྟན་པའི་སྤྱི་དོན་ལ་ཧ་ལམ་ཐེངས་དང་པོར་ལྷན་དུ་འདུས་པ་ཡིན་པའི་ཚོགས་འདུ་གལ་ཆེན་ཞིག་གི་ངོ་བོར་ཆགས།
   དུས་རབས་ཤིག་ལ་བཞག་པའི་མཛད་རྗེས་དང་། ཡོད་ཚད་ཤེས་རིག་ཞིག་ལ་སྟིམ་པའི་འོས་འཁྲིའི་དན་རྟགས་གཡེལ་བ་མེད་པ་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་པའི་སྤྱི་མཐུས་དབུ་འཛིན་རྣམ་པ་དང་རྒྱུན་ལས་ལས་འཛིན་རྣམ་པ་སྔ་དྲོའི་ཆུ་ཚོད༨དང་སྐར་མ༣༠སྟེང་། མཛོད་དགེ་གསོལ་ཁང་ཆེན་མོ་ནས་འཕན་ཆུ་ཨ་སྐྱིད་སྐྱང་ཚང་དགོན་ལ་ཕེབས་བསྐྱོད་མཛད་པའི་དབུ་བརྩམས་པ་རེད། དེ་ཡང་སྙིགས་དུས་ཀྱི་གཡུང་དྲུང་གཙུག་གཤེན་རྒྱལ་བ་སླར་ཡང་བྱོན་པ་ལྟ་བུའི་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་བ་རིན་པོ་ཆེས་ཟབ་ཅིང་བརླིང་བའི་ཐུགས་བཀོད་ནང་བཞིན། མཛོད་དགེ་རྫོང་ཁོངས་སུ་ཡོད་པའི་བོན་གྱི་དགོན་སྡེ་ཁག་གི་བླ་གྲྭ་དང་དད་ལྡན་མང་ཚོགས་ཡོངས་ཀྱིས། དད་སྟོབས་དང་རེ་འབོད་ཀྱི་དགའ་བའི་སེམས་པ་དྲོན་མོ་མཁའ་རུ་བཏེགས་ཤིང་། ས་བོན་གྱི་ཚུལ་དུ་བག་ལ་ཉལ་བའི་རིགས་ཞེན་ལ་རྒྱའི་དབའ་རླབས་དེ་ཆེས་ཆེར་བསྐྱེད་ནས་གོས་དེ་རིང་མི་གྱོན་ནམ་རེ་གྱོན་ཞེས་པའི་དཔེ་ལྟར། གཅེས་པ་དང་དམར་བའི་གོས་རྒྱན་ལུས་ལ་བགོས་ཤིང་མེ་ཏོག་གི་སིལ་མ་མཁའ་རུ་གཏོར་བ་དང་ཆབས་གཅིག་ཏུ། ཚར་དུ་དངར་བའི་རླངས་འཁོར་མང་པོ་དང་སེར་ཕྲེང་གིས་སྣེ་འདྲེན་བཞིན་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཨ་སྐྱིད་སྐྱང་ཚང་དགོན་ལ་གཟབ་རྒྱས་ངང་བསུས་བྱུང་།
   རྒྱུན་རིང་ལོ་རྒྱུས་ཀྱི་གཟི་བྱིན་བླ་ན་མཐོ་བའི་དགོན་སྡེ་དེར་འབྱོར་བ་དང་བསྟུན་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་བརྡ་དར་ཆེན་མོ་དད་སྟོབས་ཀྱིས་མཁའ་ལ་ཕྱར་བ་དང་སྦྲགས། དེར་འཁོད་སྟོན་འཁོར་འདུ་བ་རྣམ་བཞིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་ཚངས་པའི་དབྱངས་ཀྱིས་བསྟོད་དེ་གསུངས་ཞིང་། དེ་རྗེས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་ཚོགས་འདུ་ལ་འགོ་འཛིན་མཛད་སྐབས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་དབུ་བཞུགས་བླ་ཆེན་གཡུང་དྲུང་རྒྱལ་བ་རིན་པོ་ཆེ་དང་། མངའ་རིས་པ་དགེ་སློང་བསྟན་འཛིན་དབང་གྲགས། ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ། སྨོན་རྒྱལ་ལྷ་སྲས་ཀུན་གྲོལ་ཚོགས་གཉིས་རྒྱ་མཚོ། སྟག་ལ་དངོས་བྱོན་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས། སོག་སྡེ་གྲུབ་དབང་བསྟན་པའི་ཉི་མ། སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན་སོགས་སྐུ་གཤེགས་བསྟན་འཛིན་སྐྱེས་ཆེན་དག་ལ་རྗེས་དྲན་ཞུ་བའི་གྲོས་གཞི་བཏོན་པ་ལྟར། ཚོགས་ཞུགས་མི་སྣ་ལྷན་རྒྱས་ནས་ཁོང་རྣམ་པའི་ལྷག་ཤེས་འབྱོན་གསུམ་གྱི་ཡོན་ཏན་དང་། ཁོང་རྣམ་པ་མི་ཡུལ་དུ་བཞུགས་རིང་གི་མཛད་པའི་རིན་ཐང་སོགས་ལ་སྙིང་ཁོང་རུས་པའི་གཏིང་ནས་གུས་ཤིང་ཡོངས་སུ་འདུད་པའི་མཛད་སྒོ་ཐུང་ཐུང་ཞིག་ཀྱང་སྤེལ།
   ཚོགས་འདུ་འགོ་བརྩམས་རྗེས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས། ཁ་བ་གངས་ཅན་པའི་ཆོས་རིག་ལོ་རྒྱུས་དང་བཅས་པའི་རྣམ་བཞག་གི་རྒྱབ་ལྗོངས་སྤྱི་ལ་ཀུན་ནས་ཁ་བྲལ་ཐབས་མེད་པ་ཙམ་དུ་མ་ཟད། འགྲོ་བ་མིའི་ཉོན་མོངས་ཀྱི་རྩ་བ་དྲུངས་ནས་འབྱིན་ཞིང་། རང་རྒྱུད་ཀྱི་དགེ་བ་རྣམ་པར་འཕེལ་བའི་ཐབས་མཆོག་བླ་ན་མེད་པ་སྟེ་མདོ་དབུས་མཐོ་སྒང་གི་ཡབ་མྱེས་གོང་མའི་རྗེས་སུ་བཞག་པའི་ཁ་བ་རི་བའི་ཐུན་མིན་གཙུག་ལག་རིག་གནས་ཀྱི་ཁྱད་ནོར། གཡུང་དྲུང་གི་བོན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་དུས་རབས་དང་། ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་འོས་འགན་བཤོལ་དུ་མེད་པ་ཞིག་ཡིན་པས་ན། རྒྱ་ཆེ་ལ་གཏིང་ཟབ་པའི་བོན་གྱི་བསམ་བློའི་རིག་གནས་ཀྱི་རིན་ཐང་ངོམ་པའི་སྡིངས་ཆ་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ཚོགས་པའི་སྙིང་སྟོབས་གཅིག་སྡུད་ཀྱི་སེམས་ཤུགས་མཐོ་རུ་བཏེགས་ནས་ཞང་བོད་ཤེས་རིག་བསྐྱར་དར་ཡོང་པར་ནུས་པ་གལ་ཆེན་འདོན་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་ཁམས་ཆེན་པོའི་མཐའ་དང་དབུས་མེད་པའི་ཀློང་རུམ་ན། རིན་ཐང་ཅན་གྱི་དངོས་པོ་ཇི་སྙེད་ཅིག་ཡོད་པའི་ནང་ནས་རིག་གནས་ཤིག་གི་རིན་ཐང་དང་། ཆོས་ལུགས་ཤིག་གི་སྙིང་རྗེ་ཡི་དམིགས་རྣམ་ཟབ་མོའི་སྐོར་འདི་དག་འགྲོ་བ་མིའི་རིགས་ལ་ལེགས་སྐྱེས་སུ་འབུལ་བའི་ལས་དོན་དེ་མུ་མཐུད་དུ་དར་སྤེལ་བྱེད་དགོས་པའི་གསུང་བཤད་གལ་ཆེན་གནང་ཞིང་། དེ་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཡུལ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། མཁན་པོ་རིག་འཛིན་དབང་རྒྱལ། ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། སེང་སྤྲུལ་རིག་འཛིན་ཉི་མ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། རག་ཞིག་ཀུན་གསལ་སྙིང་པོ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་སོགས་ཀྱིས་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་དེ་འཚོགས་ཐུབ་པ་གནང་དགོས་པའི་སྐོར་ནས་རང་རང་གི་ཐུགས་ཡིད་དང་འཚམ་པའི་གསུང་བཤད་གནང།
   ཐེངས་འདིའི་ཚོགས་འདུའི་བརྗོད་དོན་ཧྲིལ་བོ་གཅིག་ཏུ་དྲིལ་བས་ན། བདེན་པ་ནི་རང་སེམས་ལ་གསལ་ཞེས་པ་ལྟར། མང་པོ་ཞིག་ཤེས་ཡོན་གྱི་ཆུ་ཚད་ཅུང་མཐོ་རུ་ཕྱིན་ཞིང་། མཚན་སྙན་གྱི་གྲགས་པ་དང་འཚོ་བའི་ཆ་རྐྱེན་གཞན་དང་བསྡུར་ན་ལྟོས་བཅས་ཀྱི་ཏོག་ཙམ་འགྲིག་འདུག་པ་རྒྱུ་མཚན་དུ་བྱས་ཏེ། རང་ས་ན་ཁེངས་པ་དང་དྲེགས་པའི་ང་རྒྱལ་གྱིས་རང་རྒྱུད་སྦོས་ནས་ལྟོ་བ་འགྲངས་ཙམ་ལས། བསྟན་དོན་ལ་བོན་པོ་རྣམས་གཅིག་ཕན་གཅིག་གྲོགས་དང་། སྤྱི་དོན་གྱི་གཞོགས་འདེགས་སུ་ཅི་ལྕོགས་གང་ལྕོགས་ཀྱི་མཐུན་སྦྱོར་ཞུ་རྒྱུའི་བསམ་བློ་ཐད་དུ་བོར་ཞིང་། སྤྱི་ཆུས་ལ་ཉམས་ཉེས་ཇི་ལྟར་བྱུང་ཡང་དེ་ལ་འགན་འཁྲིའི་སྙིང་སྟོབས་ཀྱི་ལྟ་བ་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་མགོ་བོ་སྐེ་ནས་བཅག་སྟབས། ནམ་ཡང་མགོ་འཕང་མགྱོག་པར་རང་སྒོ་དམ་པོར་བརྒྱབ་འདུག་པའི་ཕན་ཚུན་འབྲེལ་འདྲིས་དང་། མཐུན་ལམ་གཙིགས་སུ་གཉེར་བའི་སྒོ་མོ་ཆེར་འབྱེད་ཀྱི་མཉམ་འབྲེལ་ལྷན་ཚོགས་ནི། ཁེར་རྐྱང་འཁོས་ཞན་གྱི་བསམ་བློ་གུ་དོག་པའི་གནས་བབ་དང་། ནུས་མེད་ཉམ་ཆུང་གི་དཀའ་སྡུག་སྒོས་ཁུར་བྱེད་པའི་དངོས་ཡོད་ཀྱི་སྣང་ཚུལ་ལ་རྡོག་བརྫིས་དྲག་ཏུ་གཏོང་ཞིང་། བོན་པོ་དག་གི་ལུས་ངག་ཡིད་གསུམ་ན་སྤྱི་ལྡོག་ཏུ་མངོན་ཐུབ་པའི་སྐྱོ་ཞུམ་བག་འཁུམས་ཀྱི་ནད་བརྒྱ་དྲུངས་ནས་འབྱིན་པའི་གཉེན་པོ་དཀར་པོ་ཆིག་ཐུབ་དེ་ཡིན་པར་འདས་དོན་གྱིས་ར་འཕྲོད་པར་བྱས་ཡོད་ན། མང་མང་གི་ཁེ་དབང་དང་འབྲེལ་བའི་བསྟན་པའི་ལས་གཞི་འགངས་ཆེན་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་ནུས་ལྡན་ཞིག་ཏུ་བརྗོད་ཆོག་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཆར་ཅན་ལས་སྒོ་གང་རུང་ལ། བསྟན་འཛིན་སྐྱེས་ཆེན་དུ་ཁས་འཆེ་བར་མི་གཞིའི་ཆ་ནས་མི་བུ་སྒེར་ཚུགས་ཐུབ་པ་ཅན་སུ་ཡིན་ནའང་ཀུན་ནས་རུང་སྟེ། རང་རང་གི་འགན་བབས་ལ་རྩིས་ཐང་མ་ཤོར་བའི་སྒོ་ནས་རང་སྟོབས་ཀྱིས་སྤྱི་དོན་ལ་འཇུག་ཐུབ་པའི་བསམ་བློའི་གོ་རྟོགས་མཐོ་རུ་བསྐྱེད་ཅིང་། དེའི་ཐོབ་ཐང་གི་ཁེ་དབང་སྲུང་བའི་འགན་འཁྲིའི་འདུ་ཤེས་སྤོབས་ཉམས་ཀྱིས་གཙིགས་འཛིན་བྱེད་པ་དང་། དེ་མིན་ལྷན་ཚོགས་ཀྱི་བྱ་བའི་ཁྲོད་དུ་བྱུང་བའི་དོན་གནད་ལ་རྟོག་དཔྱོད་བྱེད་པའི་དོ་ཁུར་གྱི་སེམས་ཤུགས་དྲག་ཏུ་འཕྱུར་ཐོགཚོགས་པའི་གནས་སྟངས་སྙོམས་སྒྲིག་དང་ལྷན་ཚོགས་ཀྱི་བྱེད་སྒོ་ཁག་ཅུང་འཐུས་ཚང་ཅན་དུ་ཡོང་སླད་ཕན་ཚུན་བློ་ཁ་གྲོས་སུ་བསྡུར་བ་སོགས། བསམ་འཆར་འདོན་པའི་མདུན་བགྲོད་ཀྱི་གོམ་ཁ་བརྟན་པོའི་ཕུགས་འདུན་མཐོ་ས་རུ་བཏེགས་ཏེ། བརྩོན་པ་དམའ་ས་ནས་བསྐྱེད་དགོས་པའི་བསླབ་བྱའི་ནང་དོན་ལྟར། སྤྱི་དོན་ལ་འདུན་པའི་མཛའ་གཅུགས་སྙིང་སྟོབས་ཀྱི་མེ་དཔུང་བོན་འབངས་ཡོངས་ཀྱི་སེམས་སུ་བདེན་དོན་གནས་ལུགས་དྲོད་ཁོལ་གྱིས་སྤར་ཞིང་བསྲིང་དགོས་པའི་སྐོར་ནས། ཐེངས་འདིར་ཚོགས་ཞུགས་རྒྱུན་ལས་རྣམ་པས་མཛོད་དགེ་གསོལ་ཁང་ཆེན་མོར། གྲོས་བསྡུར་གྱི་རླབས་ཕྲེང་ཡང་བསྐོར་བསྐྱར་བསྐོར་གྱི་མཁའ་རུ་འཕྱུར་བར་བྱས་པ་སོགས་ཀྱིས། གྲུབ་འབྲས་ལ་གཏོང་དགོས་པའི་མ་རྩ་དེ་ནི་དཀའ་སྤྱད་ཀྱི་རྔུལ་ཆུ་ལས་གྲུབ་པར་བྱས་པའི་རྒྱུ་འབྲས་ཀྱི་བདེན་དོན་འབའ་ཞིག་ཏུ་སོང་ཡོད་ཅེས། རང་རང་གི་ཚེ་སྲོག་ལ་རིན་ཐང་རྒྱས་པར་ཕན་ཚུན་ལ་འབོད་སྐུལ་བཏོན་པའི་སྙིང་སྟོབས་ཀྱི་ཟིལ་ཤུགས་དགའ་འོས་པ་ཞིག་རེད་ཨང་། ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་བསྐལ་ཁོ་ལགས་དང་དྲུང་ཡིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་ཚེ་རིང་ནོར་བུ་སོགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་འགོ་འཛིན་མཛད་པ་རེད།
   དེ་མཚུངས་སུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་དུ་བཏབས་པའི་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་བ་ཆེན་པོའི་གསུང་འབུམ་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་ཡང་རེབ་འདི་ལ་ཟབ་རྒྱས་སུ་སྤེལ་ཞིང་། ཕྱོགས་འདིའི་མཛོད་དགེ་དཔལ་སྐྱིད་ལུང་བ་དང་བབ་བཟོ་ལུང་བ། ཀན་སུའུ་ཐེ་བོ་རྫོང་ཁོངས་སུ་འཁོད་པའི་སེར་སྐྱ་ཡོངས་ཀྱིས་ཡུལ་ལུགས་བཞིན་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་པ་བརྒྱུད། ཐེངས་འདིའི་ཚོགས་ཞུགས་མི་སྣ་ལྷན་རྒྱས་བབ་བཟོའི་མདའ་ཆེན་དགོན་དང་། བཙུན་དགོན་འདོད་དགུ་གཡུང་དྲུང་སྡེ་དགེ་གླིང་། སྒྲུབ་ལུང་ཁའི་བསམ་འགྲུབ་དགོན་པའི་རི་ཁྲོད། སྒུར་བའི་སྐྱང་ཚང་དགོན། ཀན་སུའུ་ཐེ་བོའི་ཆགས་ར་དགོན། ཐེ་བོའི་ལེགས་ལུང་གཙོ་ཚང་དགོན། བྲག་དཀར་བྱ་རྒོད་ཉོས་ཞིང་དགོན་སོགས་ལ་བསྟན་དོན་དུ་ཆིབས་བསྒྱུར་ཐུགས་རྗེས་བརྩེ་གཟིགས་གནང་བ་དང་འབྲེལ་ཁོང་ཚོར་ལས་ཀའི་འཚམས་འདྲི་བྱས་ཤིང་། ས་གནས་དེ་ཀའི་སེར་སྐྱ་མང་ཚོགས་ཀྱི་གནས་སྟངས་དང་ཐུགས་འདུན་ཅི་ཡོད་ལ་རྒྱུས་ལོན་གྱི་མཛད་འཕྲིན་བླ་མེད་བསྐྱངས་མཐར། ཐེངས་འདིའི་ཚོགས་འདུ་ཕུན་སུམ་ཚོགས་ལ་ཁུར་ལྕིའི་འབྲས་བུ་སྡོངས་སུ་ཆེ་བའི་ངང་ཡོངས་སུ་མཇུག་གྲུབ་པར་བྱས་པ་དེ་རེད།

ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད།

༡ སྤྱི་ལོ༢༠༡༨ལོར་སྒྲུབ་ངག་དང་སུན་འབྱིན་གྱི་སྒོ་ནས་ཚིག་དོན་ལ་འཁྲུལ་བ་ཚར་གཅོད་ཅིང་རང་གི་འདོད་པ་གཏན་ལ་འབེབས་བྱེད་ཀྱི་རིག་པ་སྨྲ་སའི་སྟེགས་བུ་སྟེ། གངས་ལྗོངས་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་དེ་ཨ་མདོ་རྔ་ཡུལ་སྣང་ཞིག་དགོན་ཆེན་ལ་བསྡུ་རྒྱུ་ཐག་གིས་བཅད་ཅིང་། གོང་གི་དུས་ཚོད་དང་སྒོ་བསྟུན་བོན་གྱི་ཤེས་རིག་ལོ་རྒྱུས་དང་ལྟ་སྒོམ་སྤྱོད་པའི་སྐོར་སོགས་ལ། དྲི་བ་དང་དེ་ལ་དྲིས་ལན་གདབ་པ་བཅས་ཚུད་པའི་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་ཡང་གནས་དེར་གཟབ་རྒྱས་ངང་འཚོགས་རྒྱུར་གྲོས་ཐག་བཅད་པ་དང་། དུས་ཡུན་ལོ་ལྔ་རེ་ནས་གཡས་རུའི་འཆད་རྩོད་ཆེན་མོ་དང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་རེ་དུས་མཉམ་དུ་འཚོགས་ཐུབ་པ་རྒྱུན་སྐྱོང་བྱེད་རྒྱུ།
༢ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་ལྔ་བ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཐོག་ལ་བསྡུ་རྒྱུ་དང་། སྐབས་དེའི་ཚོགས་འདུའི་བརྗོད་བྱ་གཙོ་བོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བསམ་བློའི་དབུ་ཁྲིད་ཚོགས་གཙོ་རྒན་གཞོན་ཐེ་བའི་སྐབས་དང་པོའི་རྒྱུན་ལས་ལས་འཛིན་མི་སྣའི་སྐོར་བརྗེ་སྤོར་བྱེད་དགོས་མིན་ལ་བརྟག་དཔྱད་ཉམས་ཞིབ་བྱེད་རྒྱུ།
༣ ཚོགས་པའི་བྱེད་སྒོ་ཆེ་ཆུང་གི་སྐབས་སུ་བརྩི་སྲུང་བྱེད་དགོས་པའི་དོན་ཚན་འགངས་ཆེན་རྣམས་ཡིག་ཐོག་ཏུ་འཁོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་སྲོལ་ལ་གལ་སྲིད་བོན་བསྟན་སྤྱིའི་ཁེ་དབང་དང་མི་འཚམ་ཞིང་། ལྷན་ཚོགས་ཆེན་མོའི་རྗེས་ཀྱི་བྱ་བའི་འཕེལ་རིམ་ལ་གེགས་རྒྱ་ཐེབས་སྲིད་པའི་དོན་གནད་བཅོས་སྒྱུར་བྱེད་འོས་རིགས་འགའ་ལྷག་ཡོད་ཚེ། མཁྱེན་དཔྱོད་ཀྱི་གཟིགས་རྒྱང་མཁའ་ལྟར་ཡངས་པའི་རྒྱུན་ལས་ལས་འཛིན་རྣམ་པས། རང་རང་ལ་དགོངས་འཆར་གང་ཡོད་རྟགས་བརྒྱབ་ནས་ཟླ་བ་གཉིས་ཀྱི་དུས་ཡུན་ནང་། ཚོགས་པའི་དྲུང་ཡིག་རྒན་གཞོན་གཉིས་ལ་འཕྲོད་ཐུབ་ཡོད་པ་མཛད་གནང་བསྐྱོང་རྒྱུ།
༤ འགྲོ་ཀུན་སྐྱབས་གནས་ཡུལ་མཆོག་གནས་བཞིའི་ཐུགས་རྗེ་སྐྱབས་འོག་ཏུ་འཁོད་ཅིང་། བོད་རིག་པའི་བྱ་བཞག་དེ་འཛམ་གླིང་གི་ཡང་རྩེར་གོང་འཕེལ་འགྲོ་བཞིན་ཡོད་པ་མཚོན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་དེ་མི་སྒེར་ནས་གང་བྱུང་དུ་བེད་སྤྱོད་མི་བྱེད་ཅིང་། གལ་ཏེ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངོས་ལེན་བྱས་པའི་ཡིག་ཆ་སོགས་ལ་ཚོགས་རྟགས་དེ་བཀོད་སྤྱོད་གནང་དགོས་ཚེ། དེའི་མཇུག་འབྲས་ཅི་བྱུང་ལ་མཉམ་འབྲེལ་ལྷན་ཚོགས་ནས་འགན་ལེན་ཁག་ཐེག་གནང་ཐུབ་པ་བྱེད་རྒྱུ།
༥ སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་མཛད་རྣམ་ལོ་རྒྱུས་བསྡུས་གཟུགས་ཀྱི་འཁྲབ་གཞུང་དུ་ཕབ་རྒྱུའི་ལས་གཞི་དེ། ལོ་རྒྱུས་ཤིག་གི་བར་མཚམས་ན་རྔ་ལྗོངས་ཁུ་བྱུག་སྔོན་མོ་རུ་གྲགས་པའི་བོད་ཀྱི་གླུ་བ་གྲགས་བྷེ་ཁོས་རང་གི་འདོད་མོས་ལྟར་རྩོམ་པ་པོ་ཞིག་ལ་བསྐུལ་མ་གནང་སྟེ་འཁྲབ་གཞུང་བྲིས་ཚར་རྗེས་སུ། ལྷན་ཚོགས་ཀྱི་དྲུང་ཆེ་དང་དྲུང་ཡིག་ཆེན་མོ་གཞོན་པ་རྣམ་གཉིས་ནས་དོན་དེ་ལ་ཞིབ་གཟིགས་གཟབ་ནན་དུ་གནང་ཞིང་། གནས་ཚུལ་དངོས་ལ་དགེ་སྐྱོན་ཅི་ཡོད་ཀྱི་གསལ་ཁའི་བརྡ་ལན་དུས་ལྟར་བསྐྱོན་ཐུབ་པ་གནང་རྒྱུ།
༦ མེ་ཏོག་གི་ལྷ་སྐལ་གཡུང་དྲུང་བོན་དང་འབྲེལ་བའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དུས་རབས་ཤིག་ལ་བཅངས་པའི་བསམ་བློའི་འབོད་པ་དང་། ཁོར་ཡུག་ཅིག་ལ་མོས་པའི་འདུ་ཤེས་འཛིན་སྟངས། རིག་གཞུང་གཅིག་གིས་བརྒྱུས་པའི་ཐུགས་སྟོབས་ཀྱི་དགོངས་ཀློང་བཅས་མཚོན་ཞིང་། བོན་རྣམས་ཀྱིས་གཅིག་གྱུར་དུ་བཀོལ་སྤྱོད་བྱེད་ཆོག་པའི་བོན་གྱི་ཞི་བདེ་གོང་རྟགས་དེ་བོན་རིང་ལུགས་ལྟར་ཇུས་འགོད་གསར་བཟོ་ཚུལ་མཐུན་དུ་བྱས་ནས་བོད་ཁམས་ཡོངས་ལ་བཀྲམ་ཨེ་ཐུབ་བལྟ་རྒྱུ།
༧ དེ་ཡང་དྲང་བ་དོན་གྱི་མདོ་ལས། སྡིག་དང་སྡོང་བའི་ལས་མ་བྱེད། །ཇི་ཙམ་སྡིག་པའི་ལས་བྱས་པ། །རྣམ་སྨིན་རྨོངས་པ་བདག་གིས་ཁུར། །ཞེས་དང་། གབ་པ་ལས། འཁོར་བའི་ལུས་བླངས་འཁོར་བའི་བཙོན་ར་ན། །འཁོར་བའི་སྲོག་གཅོད་འཁོར་བའི་ལྷ་འདྲེ་མཆོད། །འཁྲུལ་བ་དེས་ཀྱང་ཉམས་པའི་དོན་ལ་འགྲིབ། །ཅེས་གསུངས་པའི་གོ་དོན་དང་ཚེ་སྲོག་གི་རིན་ཐང་ནི་སྲོག་ལྡན་སོ་སོའི་ངོས་ཐད་ཀྱི་ཆ་ནས་ནམ་ཡང་འདྲ་མཉམ་ཡིན་པའི་ལྟ་བ་གཙིགས་འཛིན་ངང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་གང་འཚོགས་པའི་གནས་སྐབས་ཀུན་ཏུ། ངེས་པར་དུ་དམ་པ་གོང་མའི་རྣམ་ཐར་གྱི་རྗེས་སུ་ལེགས་པར་གཞོལ་བ་དང་འབྲེལ་མཆོག་གསུམ་དབྱིངས་ནས་དགྱེས་པའི་དཀར་ཟས་འབའ་ཞིག་ལ་རོལ་རྒྱུ་གཏན་དུ་འཁེལ་བ་བཅས་སོ། །