མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༧༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༧༽

 


2017-12-30 9:12:30 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། མཉམ་འབྲེལ་ལྷན་ཚོགས། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་ལྔ་བ་དེ་སི་ཁྲོན་དཀར་མཛེས་རྫོང་མཁར་དུ་བསྡུས་པ།

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་མ་འཚོགས་པའི་སྔོན་ཏག་ཏག་གི་ཉིན་གཉིས་ཀྱི་རིང་སྟེ། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་དགུ་བའི་ཚེས་གཅིག་དང་ཚེས་གཉིས་བཅས་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་མཐའ་མཇུག་གི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་ལྔ་བ་དེ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་མཁར་གྱི་གཉན་ཆེན་ཐང་ལྷའི་གསོལ་མགྲོན་ཁང་ཆེན་དུ་བསྡུས། རྒྱུན་ལས་ཕལ་ཆེ་བས་རླངས་འཁོར་གྱི་ཉིན་ལམ་གཉིས་ལྷག་གི་དུས་ཡུན་བེད་སྤྱད་དེ་རི་ཆུ་བྲག་གསུམ་མང་པོ་ཞིག་འཕྲལ་གྱིས་མ་བཅད་ཚེ། ཐག་རིང་གི་རྫོང་མཁར་འདི་ལ་བསླེབ་ཐུབ་བྲལ་བ་སོགས་ལམ་གྱི་ཆ་ནས་ཁོང་རྣམ་པའི་སྐུ་ལུས་ངལ་བརྒྱས་ཉོབ་ཡོད་པ་དངོས་ཡོད་གནས་ཚུལ་ཞིག་ཏུ་སོང་བ་དང་། མ་ཟད་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་ལྟ་བུར་མཚོན་ན་ཁོང་རྣམ་པ་ནི་དགུང་ལོ་བརྒྱད་ཅུ་རྩ་གྲངས་ལྷག་ལ་སོན་ཡོད་སྟབས་སྐུ་ངལ་གཞན་ལས་ཆེ་བ་སྨོས་མ་དགོས་པའི་དོན་དངོས་ཤིག་ལོས་ཡིན་མོད་ཀྱི། འོན་ཏེ་ཁོང་རྣམ་པ་ལོ་ན་རྒན་དར་གཞོན་གསུམ་སུ་ཡིན་ཡང་། སོ་སོའི་འཇོན་ཐང་དང་རྣམ་དཔྱོད་ལ་གཞིགས་ཏེ་བསྟན་དོན་ལ་སྟོབས་ཤུགས་ཡོད་དགུ་སྤྲུགས་པར་ཕངས་སེམས་ཁྱོན་ནས་མེད་ཅིང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་གྱི་ཞབས་ཞུ་དེ་བྱ་བ་ཡོངས་ཀྱི་གཙོ་རུ་བཟུང་ནས་ཚོགས་འདུ་ལ་དུས་ལྟར་ཕེབས་ཐོགཁོ་ཚོའི་ལུས་སྟེང་ན་དཀའ་ངལ་གྱི་རྣམ་འགྱུར་དང་ཆེ་ཆེ་རྫིག་རྫིག་གི་བཟོ་ལྟ་ཞིག་བཙལ་བཙལ་བྱས་ཀྱང་རྙེད་པར་དཀའ་བ་དེས། ང་ཚོའི་སེམས་ཁོང་ལ་དད་འདུན་གྱི་དྲོད་ཤུགས་གསར་བ་འགོག་ཐབས་མེད་པ་ཞིག་སྐྱེས་སུ་བཅུག་པས་མ་ཚད། རང་ཉིད་ཀྱི་མི་འདང་བའི་ཆ་རྣམས་ལེགས་ལམ་དུ་འཇུག་པའམ་བསྒྱུར་བཀོད་བྱེད་དགོས་པའི་སྐུལ་ལྕག་ཟབ་མོའི་མྱོང་ཚོར་ཞིག་ཀྱང་ངང་གིས་ཐེབས་པར་བྱས། སྣང་ཚུལ་འདི་ལས་དཔོག་ཐུབ་པ་ཞིག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་རྗེས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། སྤྱི་དོན་ལ་ལྷག་བསམ་མཐོ་ཞིང་། ཞང་བོད་རིག་གཞུང་དར་སྤེལ་གྱི་ལས་ཀར་ཧུར་ཐག་འབད་ཐག་བྱེད་འདོད་ཀྱི་མི་ཚེའི་ཁ་ཕྱོགས་གསལ་ལ་བརྟན་པོ་ཡིན་པ་དང་། བོན་བསྟན་གནས་བབ་ཀྱི་ཐོབ་ཐང་བསྐྱར་གསོ་ལ་ཕུལ་བྱུང་གི་བློ་སྟོབས་དང་མིག་རྒྱང་རིང་བའི་ལྟ་བ་ཡོད་པ་བཅས་ཀྱི་གཞོན་རབས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཐོན་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཆོག་པ་དེ་རེད།
   ཐེངས་འདིའི་ཚོགས་འདུ་ལ་ནང་དོན་གཙོ་བོའི་ཆ་ནས། བོན་འབངས་སྤྱི་ཡོངས་ཀྱི་སེམས་ཁོང་གི་དད་འདུན་དང་རེ་སྨོན་གྱི་གསོན་ཤུགས་འཕེལ་སའི་ཤེས་རིག་གི་བང་མཛོད་བླ་ན་མེད་པ་སྟེ། རྒྱལ་བ་གཤེན་རབ་མི་བོའི་བསྟན་དོན་འཕྲིན་ལས་སྤེལ་བའི་དགེ་མཚན་བླ་རུ་འདེགས་པ་དང་། བོད་ཀྱི་སྲོལ་རྒྱུན་རྩ་ཆེན་ཞང་ཞུང་ཤེས་རིག་འཛིན་སྐྱོང་གི་གཞི་རྩའི་ཐབས་ལམ་གལ་ཆེན་རྒྱ་བསྐྱེད་དང་། དེའི་ནུས་པ་གསོག་འཇོག་ལ་སྟོབས་ཤུགས་ཀྱི་དམ་ཚིག་གཅིག་སྒྲིལ་བྱེད་སའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་སྟངས་ལ། སྔར་ལས་ཀྱང་མང་པོ་ཞིག་གིས་དམིགས་བསལ་གྱི་དོ་སྣང་ཤུགས་ཆེན་དང་གདུང་སེམས་མཉམ་བསྐྱེད་བྱེད་པའི་མཐུན་སྒྲིལ་གྱི་ལག་གདང་དམ་ཟབ་ཏུ་སྦྲེལ་ནས་མུ་མཐུད་མདུན་དུ་བསྐྱོད་པར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ནས་གྲོས་གཞི་བཏོན་པ་ལྟར། ཚོགས་གཙོ་ཚུད་པའི་སྐབས་དང་པོའི་རྒྱུན་ལས་རྣམ་པ་སྔ་མའི་དུས་བཅད་བཞིན་བརྗེ་སྤོར་བྱེད་རྒྱུ་ཡིན་མིན་གྱི་ལམ་ཁ་གང་ཞིག་གདམ་ཀ་བྱ་རྒྱུ་དེ་དང་། གལ་སྲིད་ཁོང་རྣམ་པ་སྐབས་གཉིས་རེ་ལ་བསྐྱར་འདེམས་བྱེད་ཆོག་པའི་བྱེད་ཐབས་ལག་ལེན་དུ་བསྟར་ན་ཚོགས་པར་ཕན་རླབས་ཆེ་མིན་བཅས་ཀྱི་ཐད་ནས། རྒྱུན་ལས་རྣམ་པས་གཞན་གྱི་ལེགས་ཆའི་ཉམས་མྱོང་སྣ་ཚོགས་བསྡུ་ལེན་བྱས་ཐོག་གནད་འཕིག་པའི་རང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས་པ་སོགས། དཀའ་ཚེགས་ལ་མ་འཛེམས་པར་དེ་དག་གི་སྐོར་ལ་གྲོས་བསྡུར་ཞིབ་རྒྱས་གང་ལེགས་སུ་གནང་བའི་མཛད་བཟང་ལག་ལེན་དུ་ཐེབས་པར་བྱས་པ་རེད།

གྲོས་ཚོགས་ཀྱི་མཐའ་མཇུག་གི་གྲོས་ཆོད།

༡ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་འདོམས་འགན་འཛིན་ཚོགས་གཙོ་ཆེན་མོ་དང་རྒྱུན་ལས་ཚོགས་གཙོ་སྐུ་གཞོན། དེ་བཞིན་དྲུང་ཆེ་དང་དྲུང་ཡིག་ཆེན་མོ་གཞོན་པ་བཅས་ནི་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོའི་སྟེང་། ཁོང་རྣམ་པ་ལ་ལས་བཟུར་དགོངས་ཞུ་བྱེད་ཆོག་པའི་ཐོབ་ཐང་གི་འགན་དབང་ཡོད་པར་ཚང་མས་ལྟ་ཚུལ་གཅིག་མཐུན་དུ་མཛད་པ།
༢ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་སྔར་ལས་ལྷག་པའི་ཁྱད་འཕགས་རང་བཞིན་གྱི་སྟོབས་ཤུགས་གོང་བུ་གཅིག་སྒྲིལ་ཡོང་ཆེད། ཚོགས་པའི་རྒྱབ་རྟེན་འགངས་ཆེན་མེད་ཐབས་མེད་པའི་མཚན་འཛིན་ཚོགས་གཙོའི་དཔུང་ཁག་སྟོབས་ལྡན་གསར་དུ་འཛུགས་པར་རྒྱུན་ལས་ཚང་མས་མགྲིན་བརྒྱ་དབྱངས་གཅིག་གིས་ལམ་ནས་འཐད་པར་བཅད་པ།
༣ མདོ་དབུས་ཁམས་གསུམ་དང་། ཞིང་ལྗོངས་ལྔའི་ས་ཁུལ་གྱི་གནས་སྟངས་ལ་རིས་སུ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བར་ཀུན་ལ་དྲང་སྙོམས་སུ་འཛིན་པའི་དོན་གནད་རྨང་གཞིར་བཟུང་སྟེ། མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་གཙོ་ཆེན་མོ་དང་རྒྱུན་ལས་ཚོགས་གཙོ་སྐུ་གཞོན། དྲུང་ཆེ་དང་དྲུང་ཡིག་ཆེན་མོ་གཞོན་པར་བདམ་བྱའི་འོས་མིའི་མཚན་ཐོ་ཚོགས་ཆེན་ལ་འབུལ་གནང་ཡོད་པ་ཞུས་ནས་ཚོགས་ཆེན་སྟེང་། དགོན་སྡེ་སུམ་བརྒྱ་ལྷག་གི་འཐུས་ཚབ་རྣམ་པས་རང་མོས་རང་དབང་གི་དམངས་གཙོའི་ལམ་ནས་གོང་གི་འོས་སྦྱོར་མི་སྣ་དེ་དག་ལ་མོས་མཐུན་ཡོད་མེད་ཀྱི་འོས་ཤོག་འཕངས་པ་བརྒྱུད། འོས་ཤོག་གི་མང་ཉུང་ལྟར་ལས་སྣ་གསར་བ་བསྐོ་བཞག་ཞུ་རྒྱུ།
༤ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལམ་ཁ་ཇེ་བརྟན་དང་མདུན་ལམ་ཇེ་ཡངས་སུ་གཏོང་ཆེད། ཚོགས་པ་འདི་ཉིད་བླ་སེར་རྐྱང་བ་ཙམ་མཉམ་འདུ་བྱེད་སའི་སྟེགས་བུ་ཡན་གར་བ་ཞིག་མ་ཡིན་པར། ཚོགས་པ་འདི་ལ་རབ་བྱུང་ཕོ་མོ་གཉིས་དང་དགེ་བསྙེན་ཕོ་མོ་གཉིས་ཏེ་སྟོན་འཁོར་རྣམ་བཞིའི་དཔུང་སྡེ་རྨང་གཞི་སྲོག་བྱས་ཐོགསྤྱིར་བཏང་གི་མི་སྐྱའི་ཐད་ནས་ཀྱང་ཞང་ཞུང་རིག་གནས་ལ་ལྷག་བསམ་དང་དགའ་ཞེན་གྱི་དུང་པ་བདོག་ཅིང་། བོན་བསྟན་འཛིན་སྤེལ་གྱི་གནས་སྟངས་ལ་ཉམས་ཞིབ་དང་དཔྱད་བརྗོད་ཀྱི་བློ་སྤོབས་མཐོ་བའི་ཞིབ་འཇུག་པ་དང་། སློབ་གསོའི་ལས་གཞི་གཉེར་མཁན་གྱི་དགེ་རྒན་ལྷག་བསམ་ཅན། དེ་མིན་ཚོང་བ་དང་། སྙན་གྲགས་ལྡན་པའི་མི་སྐྱའི་འཐུས་ཚབ་ཇེ་མང་དུ་གཏོང་དགོས་པའི་སྐོར་ལ་སྐུལ་འདེད་ངེས་ཅན་དུ་བྱས་པ་བཅས་སོ། །