མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༩༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༩༽

 


2018-1-21 16:09:02 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཀློག་གྲངས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ་ཐར་བདེ་མི་གཡོ་བསམ་གཏན་གླིང་དུ་འཚོགས་པ།
11.jpg

  སྤྱི་ལོ༢༠༡༦ལོའི་ཟླ༨ཚེས༡༦ནས་ཚེས༢༠བར་ཏེ་དུས་ཡུན་ཉིན་བཞིའི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཐར་བདེ་མི་གཡོ་བསམ་གཏན་གླིང་དུ་བསྐོང་འཚོགས་བྱས། ཐར་བདེ་མི་གཡོ་བསམ་གཏན་གླིང་ངམ་ཡོངས་གྲགས་སུ་ཐར་བདེ་དགོན་དུ་འབོད་པའི་དགོན་སྡེ་དེ་ནི། སྤྱི་ལོ༡༢༠༠ཡས་མས་སུ་མཁས་པ་རྨེའུ་ཚང་གི་གདུང་རྒྱུད་ལ་སྐུ་འཁྲུངས་པའི་རྨེའུ་བླ་མ་གྲུབ་དབང་ཀུན་དགའ་རྣམ་རྒྱལ་མཆོག་གི་ཐུགས་དགོངས་ལྟར་དུ། ཁོང་གི་སྐུ་སྲས་རྨེའུ་ཉི་མ་རིན་པོ་ཆེས་ཕྱག་བཏབ་མཛད་པ་ལས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པའི་དགོན་སྡེ་ཞིག་ཡིན། དགོན་སྡེ་འདིར་དེ་སྔོན་རྨེའུ་ཚང་གི་གདུང་རྒྱུད་འཕེལ་ཏེ་བསྟན་པ་དར་བ་ལས། ད་ལྟའི་ཆར་དགོན་སྡེ་འདི་ཉིད་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་གསེས་ཏེ་ཁྱུང་དཀར་གྱི་གདུང་རྒྱུད་འཛིན་པའི་བླ་རབས་རིམ་བྱོན་གྱིས་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། ལོ་རྒྱུས་སྟེང་རྨེའུ་བླ་མ་ཀུན་དགའ་རྣམ་རྒྱལ་དང་། ལྷ་རྒྱལ་འཕེན། རྒྱལ་མཚན་ལྷུན་འགྲུབ། གཡུང་དྲུང་རྒྱལ་མཚན། གཡུང་དྲུང་ཕུན་ཚོགས། གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་བ། གཡུང་དྲུང་བསྟན་རྒྱལ། ཁྱུང་དཀར་ཉི་མ་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱིས་མཚོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གསེར་རིའི་ཕྲེང་བ་ལྟར་བྱོན་ཏེ། བསྟན་དང་འགྲོ་བའི་དོན་ཆེན་དཔག་མེད་མཛད་པའི་ལོ་རྒྱུས་སྣ་ཚོགས་དགོན་སྡེའི་གདན་རབས་མཛེས་པའི་དཔལ་ཡོན་དུ་བལྟམས་པར་བྱས། ཉེ་ལམ་ཐར་བདེ་མི་གཡོ་བསམ་གཏན་གླིང་གི་བསྟན་པའི་བདག་པོ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་རིན་པོ་ཆེ་མཆོག་དང་། ཁོང་གི་སྐུ་མཆེད་ཁྱུང་དཀར་བ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་དབུ་བཞུགས་ཀྱི་བཀའ་དྲིན་བླ་མེད་འོག་ཏུ། དགོན་སྡེ་གང་གི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དབྱར་མཚོ་ལྟར་འགོག་མེད་དུ་འཕྱུར་བ་མ་ཟད། དེའི་སྟེང་བཙུན་མའི་སྒྲུབ་གྲྭ་གསར་འཛུགས་གནང་བ་སོགས་རྣམ་དཀར་སྡེ་བཞིའི་དཔལ་ཡོན་མངོན་པར་རྒྱས་བཞིན་པའི་སྐབས་སུ་འཁེལ།
   སྤྱི་ཟླ༨ཚེས༡༦གི་ཉིན་གུང་ཆུ་ཚོད༡༢ཡས་མས་སུ་སྤྱི་སྒོས་ཀུན་ལ་སྨན་པའི་རིགས་ཞེན་ལ་རྒྱའི་མིག་ལྟོས་གཙོ་རུ་བཟུང་ཞིང་། བསྟན་དོན་གྱི་བྱ་བཞག་ལ་བློ་དང་སྤོབས་པའི་དཔུང་བ་མཉམ་གཤིབ་བྱེད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་ཕྱོགས་སོ་སོ་ནས་རི་ལུང་དང་ཆུ་ཕྲན་མང་པོ་བརྒལ། རྩྭ་ཐང་དང་འགག་འཕྲང་དུ་མ་སེལ་ཏེ་སྡེ་དགེ་རྫོང་མགུལ་གཟི་དགོན་གྱི་སློབ་གྲྭར་དུས་བཅད་ལྟར་མཉམ་འཛོམས་བྱུང་བ་དང་སྦྲགས་གནས་དེར་ཉིན་གུང་གི་བཀྲ་ཤིས་པའི་གསོལ་ཟས་བཞེས་པ་དང་། དེ་རྗེས་ཐར་བདེ་དགོན་པའི་རྒྱ་ཆེའི་མང་ཚོགས་ཀྱིས་རྔམ་བརྗིད་ལྡན་པའི་ཕེབས་བསུའི་རུ་ཕྲེང་ཚར་དུ་དངར་བའི་སྣེས་ལེགས་པར་དྲངས་ཏེ། ཚོགས་ཞུགས་སྟོན་འཁོར་ལྷན་རྒྱས་ཐར་བདེ་དགོན་མི་གཡོ་བསམ་གླིང་དུ་ཉིན་བྱེད་འབར་བའི་འོད་རླབས་ཀྱིས་ཕེབས་ཤིང་། རྔ་གཤང་དུང་གླིང་གི་དབྱངས་སྙན་ཁ་བ་རི་བོའི་ཀློང་དུ་འཁྲོལ། འཕན་གདུགས་རྒྱལ་མཚན་གྱི་མཚོད་རྗས་བར་སྣང་ཡངས་པོའི་རྒྱན་དུ་སྤུད། བསང་ཤུག་བདུག་སྤོས་ཀྱི་དྲི་བསུང་ངད་པས་ས་གཞི་གོར་མོ་བྱིན་གྱིས་བརླབས་པ་སོགས་ཚོགས་གཉིས་རྒྱ་མཚོའི་ཟེར་ཞགས་རྣམ་པར་རྩེན་པའི་དཔལ་དང་བསྟུན། གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སྣང་ཞིང་སྲིད་པ་ཐམས་ཅད་དགེ་བའི་བསོད་ནམས་སུ་འབྲུག་ཆེན་ལྡིར་བ་ལྟར་གདབས་ལ། ཉིན་དེའི་དགུང་མོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་བསྡུས་ཤིང་ཐེངས་དེའི་གྲོས་ཚོགས་ཀྱི་བརྒྱུད་རིམ་ཁག་ལ་དབྱེ་ཞིབ་དང་གྲོས་ཆོད་བྱས་པ་རེད།
   ཚེས་བཅུ་བདུན་ཉིན་གྱི་ཉི་མའི་འོད་སྣང་གི་དྲོད་ཐིག་ཤར་རིའི་དབུ་རྩེ་ནས་འཆར་བའི་ལོ་ཡག་དུས་བཟང་དང་སྒོ་བསྟུན་ཏེ། ཐེངས་དེར་ཕེབས་བཞུགས་གནང་བའི་སྟོན་འཁོར་རྣམ་བཞིའི་འདུ་ཚོགས་སྟོན་གྱི་སྙེ་མ་རླུང་གིས་སྐྱོད་པའི་དཔེ་ལྟར་མ་བགོས་ལྷན་གཅིག་ཏུ་ཕྱོགས་ཤིང་། ཐོག་མར་གསས་ཁང་དཀར་ནག་བཀྲ་གསལ་ལ་ཅི་འདྲི་བའི་ཐར་བདེ་མི་གཡོ་བསམ་གཏན་གླིང་གི་གཙུག་ལག་ཁང་ཆེན་མོ་ལེགས་འགྲུབ་སྒོ་འབྱེད་ཀྱི་མཛད་སྒོ་ལྷ་མི་དགྱེས་པའི་དགའ་སྟོན་དུ་སྤེལ་བ་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་བཀོད་སྒྲིག་ལྟར་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་། གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དང་གནས་དེའི་བསྟན་བདག་བཅས་ཡིན་པའི་མཆོག་སྤྲུལ་ཚེ་དབང་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་ཟོལ་མེད་དད་འདུན་དཔུང་གིས་ཨ་སྔོན་ནམ་མཁའི་དབྱིངས་སུ་བསྒྲེངས་པར་མཛད། དེ་རྗེས་གདན་ཞུའི་སྐུ་མགྲོན་དང་འབྲེལ་ཡོད་གནད་ཆེའི་མི་སྣ་རྣམ་པས་ཀྱང་སྐབས་དོན་ལྟར་ཤིས་ཚིག་ཕུལ་བ་མ་ཟད། བཀུར་འོས་སྐྱེས་ཆེན་དག་གིས་ཤེས་རབ་ཀྱི་སྒྲོན་མེ་སྤར་ཞིང་བཀྲ་ཤིས་པའི་དར་ཚོན་བཅད་དེ་འདུ་ཁང་གི་སྒོ་གླེགས་ས་གསུམ་དགེ་བའི་མཆོད་སྤྲིན་དུ་ཡངས་པོར་ཕྱེས་པ་རེད།
   སྔ་དྲོའི་ཆུ་ཚོད་བཅུ་བའི་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་ལགས་ཀྱིས་ཐེངས་དེའི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་ཚོགས་འདུ་དབུ་བརྙེས་པ་ཁྱབ་བསྒྲགས་མཛད་ཁར། ཚོགས་འདུའི་གོ་རིམ་ལ་གསལ་བཤད་ཞིབ་ཕྲ་གནང་ཞིང་རྒྱུན་ལས་རྣམ་པར་སྤྲོ་སེམས་འཁོལ་བའི་འཚམས་འདྲི་བྱས་པ་བཅས་བརྒྱུད་དེ་ཚོགས་འདུའི་ནང་དོན་དངོས་ལ་འཁྲིད་པར་བྱས། ཚོགས་འདུའི་བྱ་བ་བདེ་བླག་ངང་འགྲུབ་ཅིང་དམིགས་འབེན་གྱི་རེ་བ་མངོན་འགྱུར་བྱེད་དགོས་པའི་བླང་བྱ་ལྟར། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་མཛད་རིམ་དང་གྲུབ་འབྲས་ཁག་ཚོགས་འདུར་སྙན་སྒྲོན་ཞུས། བསྟན་བདག༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དང་གཡུང་དྲུང་གླིང་གི་མཁན་ཆེན་བཅས་ཀྱིས་ཚོགས་འདུར་བཅངས་པའི་ཐུགས་སྣང་རེ་སྨོན་གྱི་གསུང་འཕྲིན་སྒྲོག་སྦྱོང་མཛད་པ་དང་བསྟུན། རང་རང་གི་གྲལ་རིམ་ཚུལ་གནས་ཀྱི་ཐོབ་ཐང་ཇི་བཞིན་རྒྱུན་ལས་རྣམས་ཀྱིས་ཞང་བོད་རིག་གཞུང་གི་རིན་ཐང་ཟབ་མོའི་ཡུལ་དངོས་ལ་ཐུགས་སྟོབས་ཀྱི་རྐང་བ་བརྟན་པོ་བཙུགས་ཏེ། ལོ་སྔ་མའི་ལས་གཞིའི་གྲོས་ཆོད་ཁག་ལག་བསྟར་བྱས་པའི་གནས་ཚུལ་སྐོར་ལ་རྒྱུས་ལོན་དབྱེ་ཞིབ་དང་ཕྱོགས་བསྡོམས་ཀྱི་གདེང་མཇོག་ཅུང་མཐོན་པོ་མཛད་ཅིང་། རྗེས་ཕྱོགས་བློ་སྟོབས་མ་ཉམས་པའི་ཐོག་ནས་མུ་མཐུད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཕྱོགས་སོ་སོར་ནུས་ཤུགས་ཡོད་རྒུ་འདོན་སྤེལ་བྱེད་དགོས་ལུགས་ལ་སྐུལ་འདེད་བྱས་པ་དང་། དེ་བཞིན་མང་པོ་ཞིག་གི་ཐུགས་སྣང་ལྟར་རྒྱུན་ལས་རྣམས་པ་སུ་ཡིན་ཡང་རང་ངོས་ཀྱི་སྤྱི་ཕན་སྙོམས་སྒྲིག་གི་འཛུགས་སྐྲུན་མཐོར་འདེགས་ཡོང་བར་རང་དཔེ་གཞན་སྟོན་གནང་དགོས་པའི་ཕྱོགས་ནས་ཕན་ཚུན་ལ་སྐུལ་མ་བཏང་བ་མ་ཟད། རྒྱ་ཆེའི་བོན་དད་མང་ཚོགས་ཀྱི་ཆོས་ལུགས་རིག་གཞུང་འཚོ་བའི་དཔལ་ཡོན་གོང་འཕེལ་གྱི་དགོས་མཁོ་ལྟར། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་བཀའ་དགོངས་ནང་བཞིན་ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་རྒུ་མཐའ་དག་གི་རྒྱུད་ལ་ཤེས་རབ་ཡང་དག་གི་ལྟ་བ་བསྐྱེད་ཅིང་། གཞན་ཕན་སྙིང་རྗེ་ཡི་དམིགས་རྣམ་འཛིན་ཞིང་སྐྱོང་ཐུབ་པ་དང་། མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སློབ་པའི་བསམ་བློའི་འདུ་ཤེས་ཆེར་བསྐྱེད་གཏོང་བའི་ཤེས་རབ་ཀྱི་འོད་སྣང་ཇི་ལྟར་སྒྲོན་དགོས་ལུགས་སྐོར་ནས་ལྟ་བ་བརྗེ་རེས་བྱེད་པ་དང་གནས་ལུགས་ཟབ་ས་ནས་ལྷུག་གླེང་མཛད་པའི་མཚོན། མདོར་ན་རང་ལ་མཁོ་ཞིང་གཞན་ལ་ཕན་པའི་ཉམས་མྱོང་གང་མང་བློ་སྟོབས་འཕེལ་བའི་སྐྱེས་སུ་བསྟར་བ་སོགས་ཚོགས་འདུའི་ནང་དོན་དགའ་འོས་པ་བྱུང་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུའི་སྟེང་ནས་བཏོན་པའི་གྲོས་གཞིའི་དོན་ཚན་ཁག་རེ་རེ་ལ་རྒྱུན་ལས་ཡོངས་ཀྱིས་ཉམས་ཞིབ་བླང་དོར་གཟབ་ནན་བྱས་མཐར་གྲོས་གཞིའི་དོན་ཚན་བརྒྱད་ལ་གྲོས་ཆོད་བྱས་པ་རེད།
   མ་ཚད་ཉིན་དེ་དག་གི་དགུང་མོའི་ཆུ་ཚོད་ཀྱང་འཐུས་ཤོར་དུ་མ་སོང་བར་བྱས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་སོགས་ཀྱིས་མགོ་འཛིན་གནང་བའི་འོགཐར་བདེ་ལྔ་རིག་བསམ་གཏན་སློབ་གླིང་གི་བཀུར་འོས་བཙུན་མ་རྣམ་པས་སློབ་སྦྱོང་ཡུན་རིང་བྱས་པའི་འབྲས་རྟགས་སུ། མདོ་སྔགས་རྫོགས་གསུམ་གྱི་གཞུང་གི་དཀའ་གནད་དང་འབྲེལ་བའི་བརྗོད་གཞིའི་ཐོག་ལུང་དང་རིགས་པ་རྒྱབ་རྩར་བཟུང་བའི་མཁས་པའི་བགྲོ་གླེང་གཟབ་རྒྱས་སུ་མཛད་པ་ནི་ཤིན་ཏུ་བསྟོད་པར་འོས་པའི་གནས་སུ་མཐོང་ཞིང་། དེས་མཚོན་ཚོགས་འདུའི་མངག་བཅོལ་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་མཆོག་དང་། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་རིན་པོ་ཆེ། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ་བཅས་ཀྱིས་ཕྱོགས་འདུས་དད་ལྡན་མང་ཚོགས་ཡོངས་ལ་གཡུང་དྲུང་བོན་གྱི་སྐྱབས་སེམས་ཀྱི་སྐོར་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་སྐོར། ལུགས་གཉིས་ཀྱི་བསླབ་བྱ་དང་མཐུན་པའི་དགེ་སྐུལ་སྐོར་བཅས་ནས་འཆད་ཁྲིད་ཟབ་མོ་དུས་ཐོག་ཆར་བའི་དཔེ་ལྟར་འཇོ་བར་མཛད་པའི་བཀའ་དྲིན་བསྐྱངས། ལྷག་པར་དུ། ཚོགས་འདུ་འཛིན་སྐྱོང་བཀོད་སྒྲིག་ཚན་ཆུང་གིས་བཀོད་སྒྲིག་བྱས་པ་ནང་བཞིན་གཡུང་དྲུང་བོན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་དང་པོ་དང་། གངས་ལྗོངས་བོན་དྲ་ཚིགས་ཀྱི་བོད་ཡིག་པར་ངོས་ཤར་གཏོང་མཛད་སྒོ། ཐར་བདེ་དགོན་ལྔ་རིག་བསམ་གཏན་སློབ་གླིང་གི་ཐེངས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་བཅས་ཀྱང་ཐེངས་དེར་ཕུན་སུམ་ཚོགས་པའི་ངང་སྤེལ་ཁར། ཐར་བདེ་དགོན་ལྔ་རིག་བསམ་གཏན་སློབ་གླིང་གི་སྦྱངས་པ་མཐར་ཕྱིན་གྱི་བཙུན་མ་བཅུ་གཅིག་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མིང་ཐོག་ནས་བསྟན་འཛིན་མྱུ་གུ་སྐྱོང་བའི་དེད་དཔོན་དུ་མཁན་མོའི་གཟི་བརྗིད་དཔང་ཡིག་གི་ལག་འཁྱེར་བསྩལ་བ་མ་ཟད། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་སོགས་བཀུར་འོས་སྐྱེས་ཆེན་བླ་སྤྲུལ་མཁན་དགེ་མང་པོས་བོད་རྒྱ་སོག་གསུམ་རིས་སུ་མ་ཆད་པའི་དད་ལྡན་ཡོངས་ལ་ཕྱག་དབང་གནང་བ་བཅས་རེབ་དེའི་སྐབས་དོན་ལྟར་གྱི་འགྲོ་བའི་རྒྱ་ལག་ཕྱད་པར་གྱུར་བ་ཡིན་ནོ། །
ཚོགས་འདུའི་མཐའ་མཇུག་གི་གྲོས་ཆོད།
༡ ཐོས་བསམ་སྒོམ་སྒྲུབ་ཀྱི་ལས་ནི་བསྟན་པའི་འཕྲིན་ལས་དང་གཤེན་གྱི་ལ་རྒྱའི་མཛེས་རྒྱན་བླ་མེད་དེ་ཡིན་པ་མཚོན་ཞིང་། བོན་གྱི་དགོན་སྡེ་རི་ཁྲོད་རྣམས་ལ་བཤད་སྒྲུབ་སློབ་གཉེར་སྔར་ཡོད་མི་ཉམས་གོང་འཕེལ་ཡོང་བ་དང་། སྔོན་མེད་གསར་འཛུགས་ཀྱི་ལས་དོན་སྒྲུབ་པར་སྐུལ་འདེད་བྱེད་པ། དེ་མཚུངས་རྒྱ་ཆེའི་གྲྭ་བ་དང་བཙུན་མ་རྣམས་ཀྱིས་སློབ་སྦྱོང་ལ་སྔར་བས་བརྩོན་སྟོབས་ཀྱི་ངར་ཤུགས་མཐོ་རུ་འདེགས་པ་སོགས་རྒྱུ་མཚན་མང་པོ་ཞིག་གི་ཆེད་དུ་མ་འོངས་པའི་གཡས་རུའི་འཆད་རྩོད་ཆེན་མོའི་ནང་། བོད་མདོ་དབུས་ཁམས་གསུམ་གྱི་བཤད་སྒྲུབ་འདུས་སྡེ་ཁག་གི་དཔོན་སློབ་རྣམ་པ་ཚོགས་ཡུལ་ལ་དངོས་སུ་ཕེབས་ཐུབ་པ་ཙམ་དུ་མ་ཟད། བསྟན་སྤྱིའི་ལས་དོན་འདིར་ཕན་ཚུན་ཕྱར་གྲུ་མཉམ་འདེགས་བྱེད་པའི་ཁོར་ཡུག་གི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བའི་ཐབས་ཤེས་འདོན་པར་གཡས་རུའི་འཆད་རྩོད་ཆེན་མོའི་ལས་འཛིན་ཚན་ཆུང་བཙུགས་ཏེ་དོན་དེའི་ཕྱོགས་ལ་ཞབས་འདེགས་ཀྱི་ནུས་པ་སྔར་ལས་ཐོན་པ་བྱེད་རྒྱུ་དང་། དེ་དང་བསྟུན་རིག་ལམ་རྩོད་པའི་གདར་ཤ་བཅད་དེ་མཚན་སྙན་འཛམ་གླིང་གི་སྙན་པ་འཕྲོག་ཕྱིར་ཚད་མཐོ་དཔེ་ལེགས་ལྟ་སྤྱོད་གཉིས་འཛོམས་ཅན་གྱི་རྩོད་པ་བ་སྐོར་ཞིག་བདམས་ཏེ། བོན་པོ་སྤྱི་ལ་དབང་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་གཞན་གྱིས་སློབ་སྦྱོང་གི་མིག་དཔེ་བལྟ་སའི་མི་སྣ་དེ་དག་ལ་གཟེངས་རྟགས་མཐོན་པོ་སྤྲོད་པ་སྟེ། དཔེར་ན། སློབ་གཉེར་བ་ཕུལ་བྱུང་ཅན་རྣམས་ལ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་སྤྲོད་པའི་ལམ་ལུགས་གཉེར་རྒྱུ།
༢ དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་བོན་བསྟན་ལ་སྲི་ཞུ་འབུལ་སྟངས་དང་དགེ་སྡིག་བླང་དོར་གྱི་གནས་ལ་སློབ་གསོའི་སྐུལ་ལྕག་གནང་མཁན་སྐྱེད་སྲིང་བྱེད་པ་དང་འབྲེལ། ཉི་མ་དང་བར་ཐག་ཆེས་ཉེ་བའི་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཞང་བོད་ཤེས་རིག་གི་གནས་བབ་ལ་སྔར་ལས་ལྷག་པའི་དོ་ཁུར་དང་རྒྱུས་ལོན་ཉམས་ཞིབ་གནང་མཁན་ཇེ་མང་དུ་འགྲོ་བར་ཤུགས་སྣོན་བརྒྱབ་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འདི་ཉིད་ཞང་ཞུང་རིག་གནས་འཛམ་གླིང་ལ་སྔར་བས་གསལ་བསྒྲགས་བྱེད་སའི་བོད་ཀྱི་ཆོས་རིག་གཙུག་ལག་གི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བ་ཡོང་སླད། གོང་གི་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་དང་བསྟུན་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་སྤེལ་རེས་བྱེད་པའི་གཡུང་དྲུང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་གི་མཛད་སྒོ་ཡང་བསྡུ་ཐུབ་པ་བྱེད་རྒྱུ་མ་ཟད། དེ་ལ་མཁས་དབང་གདན་ཞུ་བྱས་ཏེ་འཛམ་གླིང་སྤྱི་ཕན་གྱི་བགྲོ་གླེང་གལ་ཆེན་གནང་བ་དང་འབྲེལ་བོན་བསྟན་དཔྱད་བརྗོད་ཐད་ཀྱི་གཡུར་དུ་ཟ་བའི་དཔྱད་གླེང་རིན་ཐང་ལྡན་པ་རེ་འགའ་ལ། ཕྱོགས་དང་རིས་སུ་མ་ཆད་པར་དཔྱད་འདེམས་བྱས་ཏེ་ཕུལ་དུ་བྱུང་བའི་བྱ་དགའི་གཟེངས་རྟགས་སྤྲོད་རྒྱུའི་ལམ་ལུགས་ལག་ལེན་དུ་བསྟར་རྒྱུ་དང་། དེ་མཚུངས་སྐབས་དེར་ཞང་བོད་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་རྩོམ་རིག་སྒྱུ་རྩལ་དང་ཡིག་བྲིས་མགར་བླུགགསོ་རིག་སྨན་དཔྱད་སྐོར་སོགས་ཀྱི་རིག་དངོས་རྩ་ཆེན་ཁག་ཅིག་འགྲེམས་སྤེལ་བྱེད་པའི་ཁོར་ཡུག་བསྐྲུན་རྒྱུ།
༣ བོན་ལ་དད་འདུན་དམ་གཙང་ཡིན་ཞིང་གཤེན་ལ་སྙིང་ནས་བརྩི་བཀུར་མཐོ་བའི་བོན་གྱི་ཤེས་རིག་གི་སྙིང་སྟོབས་མཚོན་པའི་སྔར་གྱི་སྲོལ་རྒྱུན་བཟང་པོའི་ཆ་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་དུ་གཏོང་བར་གཡུང་དྲུང་བོན་གྱི་བསྟན་པར་འཁོར་ལོ་གསུམ་གྱི་མཛད་བཟང་བསྐྱངས་པའི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བར་མཚམས་ནས་སྐུ་ཞི་བར་གཤེགས་པ་རྣམས་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་དྲན་གསོ་ཞུ་རྒྱུ་དང་། ད་བཞུགས་ཀྱི་དགུང་ལོ་བརྒྱད་ཅུའི་སོ་མཚམས་ནས་བརྒལ་བའི་བསྟན་ལ་ཕྱག་རྗེས་བླ་ལྷག་གིས་ཆེ་བ་རྣམས་ཀྱི་བཀའ་དྲིན་མཚོན་སླད་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དངོས་སུ་སྐུ་གམ་བཅར་ཏེ་ཁམས་འདྲི་གཟིགས་སྐོར་གནང་བ་དང་སྦྲགས་དྲིན་ལན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་ཁོང་རྣམ་པའི་ཚེ་སྲོག་གི་སྐྱེས་སུ་ཕུལ་ཏེ། རང་རེའི་བོན་པོ་ཚང་གི་མི་སེམས་གོང་བུ་གཅིག་སྡུད་ཡོང་བར་ཤུགས་སྣོན་པ་དང་། གཞོན་རབས་པ་མང་པོ་ཞིག་ནས་བསྟན་པ་སྤྱིའི་ལས་དོན་ཐད་ལ་སྔར་ལས་ལྷག་པའི་སེམས་ཁུར་དང་ཐུགས་རྒྱ་ཆེ་རུ་བསྐྱེད་པར་སྐུལ་མ་གཏོང་རྒྱུ།
༤ གཡུང་དྲུང་བོན་གྱི་བཀའ་འགྱུར་སྔ་ཕྱིར་ལན་གྲངས་དུ་མར་པར་བསྐྲུན་གནང་བ་ཤིན་ཏུ་བཀའ་དྲིན་ཆེ་བ་བཤད་མ་དགོས་མོད་ཀྱི། དེ་དག་ལས་སོ་སོའི་དཔར་སྐྲུན་གྱི་ཚད་གཞི་མི་འདྲ་བ་དང་། གླེགས་བམ་གྱི་གྲངས་ཀའི་མང་ཉུང་མི་འདྲ་བ། དཔེ་བསྡུར་ཞུ་དག་ལ་ཁུངས་བཙུན་གཅིག་གྱུར་དུ་བྱུང་མེད་པ་བཅས་ཀྱིས། དེ་དག་གི་ཐད་ལ༧བསྟན་བདག་གཤེན་རིན་པོ་ཆེ་མཆོག་གིས་བཀའ་ལུང་ནན་གྱིས་བསྩལ་བའི་དགོངས་དོན་ལྟར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤུགས་བསྣན་ཏེ་འཛམ་གླིང་ན་འོད་སྟོང་འབར་བའི་ཁྱད་ནོར་རྩ་ཆེན་འདིའི་མ་ཕྱི་གཏན་འབེབས་གཅིག་གྱུར་བཟོ་ཐུབ་པ་གནང་རྒྱུ།
༥ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་ལོ་རྒྱུས་ཀྱིས་བཟོས་པའི་བོན་གྱི་བསྟན་པའི་ལས་དབང་གི་གནས་བབ་ལ་བསྒྱུར་བཀོད་བྱེད་པར་སྤྱི་དོན་ཟབ་ས་ནས་མཉམ་གླེང་བྱེད་ཅིང་། བོད་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་དང་གངས་ཅན་བོད་པའི་ཕ་མེས་ཡང་མེས་ཀྱི་ཆོས་རྒྱུད་རྩ་ཆེན་དུ་ཆགས་ཡོད་པའི་ཞང་བོད་བོན་དང་དེའི་རིག་གཞུང་སྐོར་འཛིན་སྐྱོང་དར་སྤེལ་ཐད་ནང་ཕན་ཚུན་ལ་གདུང་སེམས་ཡིད་རྟོན་དང་། བློ་དང་སྤོབས་པའི་སེམས་ཤུགས་སྩོལ་སའི་བོན་པོ་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་པ་དེ་ཡིན་པའི་ཆ་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣའི་གྲས་སུ་ད་དུང་འགངས་ཆེའི་མི་སྣ་སྐོར་ཞིག་བསྡུ་ལེན་བྱེད་དགོས་རྒྱུ།
༦ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་སྣ་ཚོགས་ས་གནས་གང་དུ་འཚོགས་ཀྱང་། དེ་ལ་རྒྱ་ཆེ་དད་ལྡན་མང་ཚོགས་རྣམས་ཀྱིས་དངོས་ཤུགས་གང་རུང་ནས་རྒྱུ་ནོར་དང་དཀའ་ཚེགས་མང་པོ་གདོང་གིས་བསུས་ཏེ། བསྟན་དོན་ལ་སྙིང་སྟོབས་ཆེར་བསྐྱེད་དང་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་འདིས་མཚོན། འདས་མ་ད་གསུམ་ཀུན་ཏུ་གཡུང་དྲུང་བོན་གྱི་བསྟན་པའི་དོན་ཆེད་དུ་ཁབ་དང་སྐུད་པའི་འབྲེལ་ཐོགས་དང་། ཚེགས་དང་བརྩོན་འགྲུས་བསྐྱེད་པའི་སེམས་ཅན་ཡོད་དོ་ཅོག་གི་ཚེ་འདིའི་བསམ་དོན་དང་ཕྱི་མའི་དགེ་དོན་འགྲུབ་པའི་སླད་དང་། ལྷག་དོན་རང་གཞན་ཤི་གསོན་ཡོངས་ཀྱི་ཐར་བའི་དགེ་རྩ་དང་འཇིག་རྟེན་འདིར་ནད་མུག་མཚོན་འཁྲུག་གི་བསྐལ་ངན་མཐའ་དག་ཞི་ཞིང་། འཛམ་གླིང་ཁོར་མོ་ཡུག་ཏུ་བདེ་སྐྱིད་བླ་མེད་འབྱུང་བའི་གསོས་སྨན་དུ་གཡུང་དྲུང་བོན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་འཛིན་སྐྱོང་ཚན་ཆུང་གིས་འགན་ལེན་ཐབས་བཀོད་འོགམཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་བསྡུ་བའི་ས་གནས་དེར་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་ལོ་རེ་བཞིན་དུ་འཚོགས་ཐུབ་པ་བྱེད་རྒྱུ།
༧མི་ཚེ་ཡི་ལྷ་སྐལ་གཡུང་དྲུང་བོན་དང་འབྲེལ་བའི་འོ་སྐོལ་བོན་འབངས་སེར་སྐྱ་མང་ཚོགས་སུ་ཡིན་ཡང་། ཞང་བོད་རིག་གཞུང་དར་སྤེལ་གྱི་ལས་དོན་ཐད་ལ་རང་ནུས་ཅི་ཡོད་འདོན་པའི་འགན་འཁྲིའི་འདུ་ཤེས་མཐོར་འདེགས་གནང་བ་མཚོན་པ་དང་། དེ་མཚུངས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཕན་པའི་དགེ་ལས་མཛད་སྒོ་ཁག་ཅིག་བསྡུ་བའི་དོན་དེར་རོགས་འདེགས་རྟིང་སྐུལ་བྱེད་པ་དང་འབྲེལ་རང་རང་གི་བསོད་ནམས་དགེ་བའི་སོན་རྩ་དམ་པ་ཞིག་གི་ཆེད་དུ། མེ་ཏོག་ཆུང་རུང་མཆོད་རྫས་ཀྱི་དཔེ་ལྟར། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་ཐེབས་རྩར་དོན་དེར་ཐུགས་སྣང་ཡོད་པའི་བོན་དད་སེར་སྐྱ་མང་ཚོགས་མི་རེ་ནས་ལོ་རེ་བཞིན་དུ་རང་འཐད་ངང་སྒོར་གཉིས་རེ་འབུལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
༨ གངས་ལྗོངས་བོན་ཞེས་བརྗོད་པའི་དཔྱད་དེབ་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་ཞིབ་འཇུག་གི་ངོ་བོ་སྟོན་པར་དབང་བའི་ལོ་དེབ་ཏུ་ཆགས་རྒྱུ་ཡིན་སྟབས། གངས་ལྗོངས་བོན་དུ་འཁོད་པའི་རིག་སྨྲ་བ་དག་གི་ཚབ་བྱེད་རང་བཞིན་དུ་བཟུང་ཆོག་པའི་དཔྱད་རྩོམ་གྱི་ཆུ་ཚད་ལ་ཁག་ཐེག་འབྱུང་བར་ཕན་ལ། སློབ་བརྩོན་པ་རྣམས་ལ་རྩོམ་འབྲིའི་མཐུན་སྦྱོར་རམ་ཞིབ་འཇུག་གི་བྱ་བའི་ཕྱོགས་ལ་སྐུལ་འདེད་བྱེད་པ་དང་། བོད་ཀྱི་སྨྱུག་ཐོགས་གཞོན་རབས་པ་མང་པོ་ཞིག་རིག་གཞུང་གི་ཞིང་ས་འདི་ལ་བརྟེན་ནས་སྐྱེད་སྲིང་འབྱུང་བ་ཙམ་དུ་མ་ཟད་དཔྱད་དེབ་འདི་ནི་ཁོང་རྣམ་པའི་སྙན་གྲགས་ཀྱི་ཟིལ་ཤུགས་རྒྱས་པའི་མཐུན་རྐྱེན་དམ་པ་རུའང་འགྱུར་བ་དང་། དེ་མཚུངས་བོན་ལ་རྒྱུས་ལོན་བྱས་པའི་ཞིབ་འཇུག་གི་རྣམ་འགྱུར་ལ་ཞིབ་ཚགས་ཆུ་ཚད་ལྡན་པའི་དཔྱད་རྩོམ་མང་པོ་ཞིག་ཤེས་རིག་དཔྱད་བརྗོད་ཀྱི་སྒེའུ་ཁུང་ཆུང་ཆུང་འདི་ནས་མཐོང་ཐུབ་པ་ཡོང་སླད། མཉམ་འབྲེལ་ལྷན་ཚོགས་ཀྱི་དཔྱད་དེབ་ཏུ་སྤེལ་བར་ཆུ་ཚད་ལོན་པའི་རྩོམ་ཡིག་རྣམས་ལ་ཚོགས་པའི་མིང་ཐོག་ནས་རྩོམ་ཡོན་གང་འཚམ་འབུལ་ཐུབ་པ་བྱེད་རྒྱུ་བཅས་སོ། །
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་སྐུ་གཤེགས་བླ་ཆེན་རྣམ་པར་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་དང་དྲན་གསོ་ཞུ།

བསྟན་འགྲོའི་དོན་ཆེན་སྐྱོབ་པ་རླབས་ཆེ་བ། །
འཁོར་ལོ་གསུམ་གྱི་མཛད་པས་མཐར་ཕྱུང་སྟེ། །
སྲིད་ལ་མི་ཆགས་ཞི་བར་མི་གནས་པའི། །
དབྱིངས་གཤེགས་སེམས་དཔའ་རྣམས་ཀྱི་མཛད་རྗེས་དྲན། །