མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༠༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༠༽

 


2018-1-24 12:43:51 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཀློག་གྲངས།

11.jpg

གཉིས་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་མི་སྣ།
གཅིག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།

གཤེན་སྲས་ནོར་བུ་དབང་རྒྱལ།
༡༩༥༦ལོར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་དུ་སྐུ་འཁྲུངས། ཁོང་ནི་དམུ་རིགས་གཤེན་གྱི་གསས་མཁར་དུ་གཤེན་ཆེན་ཉི་མ་འབུམ་གསལ་གྱི་སྐུ་སྲས་ཏེ་རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་མོ་དང་། གཞིས་ཀ་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་རི་རྒྱལ་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་བསྟན་བདག་བླ་མ་ཡིན། ད་ལྟ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ལ། སྐུ་ཉིད་ཀྱིས་སྔ་ཕྱིར་གངས་ལྗོངས་གཙུག་ལག་ཤེས་རིག་རྒྱ་མཚོའི་ནང་སྙིང་དུ་གྱུར་བའི་བོད་བརྒྱུད་ནང་བསྟན་སྤྱི་དང་། ཡང་ཆེད་གཡུང་དྲུང་བོན་གྱི་བསྟན་པ་འདི་བཞིན་ཁ་བ་གངས་རིའི་ལྗོངས་སུ་ཡང་དར་དུ་བྱུང་བར་བསུབ་ཐབས་མེད་པའི་ཕྱག་རྗེས་འགངས་ཆེན་རབས་དང་རིམ་གྱིས་བཞག་ཡོད་ལ། ལྷག་པར་དུ། བོན་བསྟན་རིག་གཞུང་གི་ཉིན་བྱེད་འབར་བའི་འོད་རླབས་དེ་ཉིད་ཕྱོགས་དང་མཐའ་རུ་ཡོངས་སུ་བརྡལ་ཕྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་བློ་འདྲི་ཞུ་ཡུལ་དང་། སྐབས་གཉིས་པའི་མཚན་འཛིན་ཚོགས་གཙོ་ཆེན་མོར་བཞུགས་ཡོད།
སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ།
༡༩༨༣ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྐུ་འཁྲུངས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་། རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་བསྟན་བདག་དབུ་བླ་ཡིན། ༢༠༡༥ལོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་མཚན་འཛིན་ཚོགས་གཙོར་བཞུགས་པ་རེད། ལོ་རྒྱུས་མདོར་བསྡུས་ཤོག་ངོས༡༥༠ལ་གཟིགས་པར་ཞུ།
ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།
༡༩༣༧ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་སྐུ་འཁྲུངས། རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་ཁྲི་འཛིན་གདན་རབས་བཅུ་གསུམ་པ་དང་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཡིན། སྔ་གཞུག་ཏུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ། རྔ་བ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་མྱོང་ལ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་མཆོག་དང་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན། ཡོངས་འཛིན་བཟོད་པ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་མཉེས་པ་གསུམ་གྱིས་བསྟེན་ཏེ་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཁོ་ལག་རྫོགས་པར་བྱས། ཁོང་གི་གསུང་རྩོམ་པོད་བཞི་ཡོད་པ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༢༠༠༧ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཚོགས་གཞོན་དུ་བདམས་ཤིང་། ད་ལྟ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་མཚན་འཛིན་ཚོགས་གཙོར་བཞུགས་ཡོད།