མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༡༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༡༽

 


2018-2-3 9:23:40 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། མཉམ་འབྲེལ་ལྷན་ཚོགས། ཀློག་གྲངས།

11.jpg
གཉིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་མི་སྣ།

མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ།
༡༩༧༠ལོར་བོད་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་དུ་སྐུ་འཁྲུངས། གཡུང་དྲུང་གླིང་གི་དགེ་བཤེས། བོན་གྱི་རྩ་བའི་གྲྭ་ས་གཡུང་དྲུང་གླིང་གི་ཁྲི་འཛིན་མཁན་རབས༡༡པ་ཡིན། མཆོག་ཉིད་དགུང་ལོ་བཅུ་གསུམ་སྟེང་ནག་ཆུ་ས་ཁུལ་གཉན་རོང་རྫོང་རྫ་དམར་ཤ་རི་དར་རྒྱས་གླིང་དུ་སྒྲིག་ཞུགས་མཛད་པ་དང་། རྗེས་སུ་གཙང་རུ་ལག་གཡུང་དྲུང་གླིང་ལ་ཕེབས་ཏེ་རྒྱལ་ཚབ་དཔོན་སློབ་ཀུན་བཟང་བློ་གྲོས་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་། ཐོས་བསམ་གྱི་ཡོན་ཏན་མཐར་ཕྱིན་པའི་འབྲས་རྟགས་སུ། ༢༠༠༢ལོར་གདན་ས་དེར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། ༢༠༡༠ལོར་གྲྭ་ས་གཡུང་དྲུང་གླིང་གི་མཁན་རབས་གསེར་ཁྲི་མཐོན་པོར་མངའ་དབང་བསྒྱུར། ཉེ་ཆར་རང་དགོན་གྱི་གྲུབ་ཆེན་ལྷ་ཁང་ཆེན་མོའི་ཕྱི་ནང་རྟེན་དང་བརྟེན་པ་གསར་བཞེངས་དང་སྦྲགས་བཤད་སྒྲུབ་ཀྱི་བསྟན་པ་མཐར་རུ་འཕེལ་བའི་མཛད་བཟང་ཉིན་བྱེད་ལྟར་འབར་བཞིན་བཞུགས་ཡོད་ལ། ད་ལྟ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ལས་འཛིན་དང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
དཔོན་སློབ་སྐལ་བཟང་ཉི་མ།
༡༩༦༠ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་སྐུ་འཁྲུངས། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས། གཙང་བཀྲ་ཤིས་སྨན་རིའི་གླིང་གི་དཔོན་སློབ་ཁྲི་ཟུར། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་དབུ་བླ་ཡིན། ད་ལྟ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་སྲིད་གྲོས་ཨུ་ཡོན་དང་། མེ་མོ་གནས་རིའི་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་གཙོ་འགན་པ། མེ་མོ་རི་ཁྲོད་དམངས་གཙོ་བདག་གཉེར་ཁང་གི་གཙོ་འཛིན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་ཡོད། རང་ལོ་ཉེར་གཉིས་སྟེང་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་མཐར་ཕྱིན་པར་སྦྱངས་རྗེས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། དེ་རྗེས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་གཙང་བཀྲ་ཤིས་སྨན་རིའི་དཔོན་སློབ་ལ་ཕེབས་ཏེ་བསྟན་པའི་བཙས་སུ་དགེ་བཤེས་དུ་མ་སྐྱེད་སྲིང་མཛད་ཅིང་། ༡༩༩༨ལོ་ནས་བཟུང་མེ་མོ་རི་ཁྲོད་ཀྱི་རྟེན་དང་བརྟེན་པ་རྨང་ནས་བསྐྱར་དུ་གསོས་པ་དང་བསྟན་འགྲོའི་ལས་དོན་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་པར་མ་ཟད། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
སྐྱང་སྤྲུལ་དྲི་མེད་འོད་ཟེར།
༡༩༣༥ལོར་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་དུ་སྐུ་འཁྲུངས། རྒྱལ་ཁབ་རིམ་པའི་སྨན་རམས་པ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཨ་སྐྱིད་སྐྱང་ཚང་དགོན་པའི་བསྟན་བདག་དང་། འཕན་ཆུའི་སྐྱང་དགོན་ཁག་གི་དབུ་བཞུགས་བླ་སྤྱི་ཆེན་མོ་ཡིན། ཁོང་གིས་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭའི་དགེ་རྒན་དང་། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། མཛོད་དགེ་རྫོང་སྲིད་གྲོས་རྒྱུན་ཨུ་སོགས་ཀྱི་འགན་བཞེས་མྱོང་། ལྷག་པར་ཁོང་ནི་མཛོད་དགེ་རྫོང་བོད་སྨན་ཁང་གསར་འཛུགས་གནང་མཁན་གྱི་ཆེད་མཁས་པའི་གྲས་ཡིན་ཞིང་། མདོ་དབུས་ཁམས་གསུམ་གྱི་སློབ་བུ་གྲངས་མང་བསྟན་པའི་དཔལ་དུ་བསྐྱངས་པ་མ་ཟད། མདོ་སྨད་ཤར་རྒྱུད་ཀྱི་གཡུང་དྲུང་བོན་གྱི་བསྟན་བདག་ཆེན་པོར་གྱུར། ཁོང་གི་གསུང་རྩོམ་པོད་ཆེན་དྲུག་གི་བདག་ཉིད་ཅན་དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོ་དང་སྐབས་གཉིས་པ་བཅས་ཀྱི་བློ་འདྲི་ཞུ་ཡུལ་དུ་སྐུ་འཚོ་བཞུགས་གནང་ཡོད།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།
༡༩༣༥ལོར་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་དུ་སྐུ་འཁྲུངས། མདོ་སྨད་བྱང་རྒྱུད་ཀྱི་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ཆེན་མོ་དང་། མཚོ་སྔོན་ཞིང་ཆེན་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདགརེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བསྟན་བདག་བཅས་ཡིན། ཁོང་གིས་སྔ་ཕྱིར་ཀུན་ཏུ་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ཞིབ་འཇུག་པ་དང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སྲིད་གྲོས་རྒྱུན་ཨུ། རྨ་ལྷོ་ཁུལ་རེབ་གོང་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐེངས་དགུ་བ་དང་། བཅུ་བ། བཅུ་གཅིག་པ་སོགས་སུ་ཕེབས་ནས་དཔྱད་རྩོམ་སྒྲོག་གླེང་མཛད་པས་མཁས་པའི་གྲགས་པ་ཀུན་ཏུ་ཁྱབ། ཁོང་གི་གསུང་འབུམ་པོད་བརྒྱད་བཞུགས་ཤིང་བསྟན་རྩིས་དང་དཔྱད་རྩོམ་གྱི་སྐོར་ནི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོ་དང་སྐབས་གཉིས་པ་བཅས་ཀྱི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ།
༡༩༣༣ལོར་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་དུ་སྐུ་འཁྲུངས། སི་ཁྲོན་ཞིང་ཆེན་རྔ་ཡུལ་རྟོགས་ལྡན་དགོན་བཀྲ་ཤིས་སྨིན་གྲོལ་འཁྱིལ་གྱི་སྐྱབས་རྗེ་བླ་རབས་བཅུ་གཉིས་པ་ཡིན། ཡོངས་འཛིན་བཟོད་པ་རྒྱ་མཚོ་སོགས་ལྔ་རིག་མཁས་པའི་དབང་པོ་མང་དུ་བསྟེན་ཏེ་མདོ་སྔགས་རྫོགས་གསུམ་གྱི་གནས་ལ་གཞན་དྲང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར། སྔ་ཕྱི་ཀུན་ཏུ་རྟོགས་ལྡན་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་རྨང་ནས་གསོས་ཤིང་། གངས་ལྗོངས་སྟོད་སྨད་བར་གསུམ་གྱི་གྲྭ་སློབ་སྟོང་ཕྲག་ལས་བརྒལ་བ་བསྐྱེད་བསྲིང་བྱས་པས་མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་འབར། ཁོང་གི་ལྗགས་རྩོམ་པོད་བཞིའི་བདག་ཉིད་དུ་གྲུབ་པ་ནི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོ་དང་སྐབས་གཉིས་པ་བཅས་ཀྱི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
ཞུ་སྟོན་སྐལ་བཟང་གཡུང་དྲུང་།
༡༩༤༩ལོར་བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་སྐུ་འཁྲུངས། སྦྲ་ཆེན་རྫོང་ཀླུ་ཕུག་དགོན་པའི་ཁྲི་འཛིན་བླ་རབས་བཅུ་གཅིག་པ་ཡིན། ཞུ་སྟོན་ཉི་མ་རྒྱལ་མཚན་སོགས་དམ་པ་མང་པོ་བླ་མར་བསྟེན་ཏེ་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས་རང་རྒྱུད་ཕྱུག་པར་བྱས། གཡུང་གླིང་དཔོན་སློབ་ཀུན་བཟང་བློ་གྲོས་རིན་པོ་ཆེ་མདུན་དུ་དྲང་སྲོང་གི་ཁྲིམས་ཆེན་བཞེས་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱུང་བ་དང་བསྟུན་ཀླུ་ཕུག་དགོན་པའི་རྟེན་དང་བརྟེན་པ་རྨང་ནས་གསོ་བར་སྐུ་ངལ་ཚད་མེད་བསྐྱོན། སྔ་ཕྱིར་སྒྲུབ་རྒྱུད་བསྟན་པར་ཉམས་ལེན་ཆུ་བོའི་རྒྱུན་ལྟར་མཛད་ཅིང་། ཕྱོགས་ཀྱི་བོན་སྡེ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་གདམས་པའི་ནོར་ཆར་འཛད་མེད་དུ་བསྩལ་དང་སྩོལ་བཞིན་པར་བསྟན་འགྲོའི་དཔུང་གཉེན་དུ་བཞུགས་ཡོད། ༢༠༡༦ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
གྲུབ་ཆེན་ནམ་མཁའ་རྒྱལ་མཚན།
༡༩༥༦ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་སྐུ་འཁྲུངས། དགུང་ལོ་ཉེར་བཞིའི་ཐོག་ངེས་འབྱུང་གིས་ཐུགས་རྒྱུད་སྐུལ་ཏེ་རྩེ་དྲུག་དགོན་པར་རབ་ཏུ་བྱུང་། དགོན་དེའི་སྒྲུབ་གྲྭ་མཐར་ཕྱིན་རྗེས་གནམ་མཐོང་ཟླ་བ་རྩེའི་མགུལ་དུ་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བ་དང་། ཞོར་དུ་ཨ་རུའི་བཅུད་ལེན་ལ་ཞག་བརྒྱ་ནས་ཞག་བརྒྱའི་རྒྱུན་མཐུད་པས་ད་ལྟ་ཀ་ར་བུ་རམ་དང་ཤུག་འབྲས་ཙམ་ལས་གཞན་པའི་ཁ་ཟས་གང་ཡང་བརྟེན་མི་དགོས་ལ། གྲུབ་ཆེན་རིན་པོ་ཆེ་ཤུག་ཏོག་བླ་མ་ཞེས་བན་བོན་སྔགས་གསུམ་གྱི་ཁྲོད་དུ་གངས་ཀྱི་སེང་གེ་མཐུར་མེད་ལྟ་བུའི་སྒོམ་ཆེན་འགྲན་ཟླ་བྲལ་བར་གྱུར། ༢༠༠༢ལོ་ནས་བཟུང་སློབ་ཚོགས་བསྐྱངས་ཤིང་བསྟན་པའི་གནས་གཞི་གང་མང་བསྐྱར་དུ་གསོས་པ་སོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་པ་བླ་ལྷག་ཏུ་འཕེལ་བཞིན་ཡོད་ཅིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོ་དང་། སྐབས་གཉིས་པ་བཅས་ཀྱི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
དྭང་ར་ཤེལ་ཞིག་ཀུན་བཟང་བསྟན་འཛིན།
༡༩༨༧ལོར་བོད་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་དུ་སྐུ་འཁྲུངས། ཁོང་ནི་གྲུབ་པའི་བདག་ཉིད་ཤེལ་ཞིག་གི་གདུང་འཛིན་ཡིན་ཞིང་སྔོན་སྦྱངས་ཀྱི་ལས་འཕྲོ་སད་དེ་སྐྱེས་སྟོབས་ཀྱི་དཔལ་འབར་བ་དང་། ཉམས་རྟོགས་ཀྱི་གདེང་ཚོད་རྙེད་པའི་ཐུན་མིན་ཡོན་ཏན་གྱི་ཆ་ནས་སྙིགས་མའི་དུས་འདིར་གཞན་དང་མི་འདྲ་བའི་སྐྱེས་བུ་ཆེན་པོའི་རྟགས་མཚན་ལ། རིག་སྟོང་གཉུག་མའི་གཤིས་ལས་དགོངས་པ་ཕྱོགས་དང་མཐའ་གང་ལའང་མ་གཡོས་བཞིན་དུ། རྩལ་ཤར་ཡེ་ཤེས་ཀྱི་རིག་པའི་དགོངས་ཀློང་ཟབ་མོ་ཅི་ཡང་བརྡོལ་བས་བཀའ་གཏེར་སྙན་རྒྱུད་དུ་ཕབས་པ་ལ་ཐོགས་ཆགས་མེད་པའི་ཚོད་དུ་བཞུགས་འདུག་ཅིང་། བོན་གྱི་གནས་ཆེན་དུ་མར་སྔར་མེད་ཀྱི་གནས་བཤད་དཀར་ཆག་གསར་དུ་ཕབ་པ་དང་། དགོངས་གཏེར་ལས་འཕྲོས་པའི་ཟབ་མོ་སེམས་ཕྱོགས་ཀྱི་བོན་སྐོར་གླེགས་བམ་ལྔ་ཙམ་ཡི་གེར་བཀོད་ཡོད། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
སྟོང་སྐོར་ཚེ་རིང་ཐར།
༡༩༥༨ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་སྐྱེས། ལོ་རྒྱུས་ཡིག་ཆ་རིག་པའི་ཆེད་རམས་པ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་གླིང་གཙོ། འབུམ་རམས་པ་དང་རབ་འབྱམས་སློབ་མའི་མཛུབ་སྟོན་དགེ་རྒན། རིག་གནས་པུའུ་རྒྱལ་ཡོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་གྱི་ཆེད་མཁས་ཨུ་ཡོན། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ལས་འཛིན། རྒྱལ་སྤྱིའི་བོན་པོ་ཞིབ་འཇུག་ཚོགས་པའི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་སློབ་ཆེན་དང་། མཚོ་སྔོན་གསོ་རིག་སློབ་གླིང་གི་གདན་ཞུའི་སློབ་དཔོན་བཅས་ཡིན། ཁོང་གིས་སྔ་གཞུག་ཏུ་བོད་ཡིག་གཙོར་བྱས་རྒྱ་ཡིག་དང་། དབྱིན་ཡིགདབྱི་ཏ་ལའི་སྐད་ཡིག་གི་སྟེང་ནས་བརྩམས་ཆོས་འབོར་ཆེན་སྤེལ་ཞིང་། ལྷག་དོན་མཁས་དབང་དོན་གྲུབ་ལྷ་རྒྱལ་དང་མཉམ་འབྲེལ་གྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ་ཞེས་པར། པེ་ཅིན་གྲོང་ཁྱེར་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྐབས་བཅུ་གསུམ་པའི་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཨང་དང་པོ་ཐོབ། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
དོན་གྲུབ་ལྷ་རྒྱལ།
༡༩༦༤ལོར་བོད་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་དུ་སྐྱེས། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་གནའ་བོའི་བོན་གྱི་རིག་གཞུང་ཞིབ་འཇུག་ཆེད་མཁས་པ་ཡིན། ༡༩༨༦ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། རྗེས་སུ་ཡོ་རུབ་གླིང་གི་ནོར་ཝེ་རྒྱལ་ཁབ་ཀྱི་ཨོ་སི་ལོ་སློབ་གླིང་ཆེན་མོ་ནས་རབ་འབྱམས་པའི་བསླབ་གནས་གཉེར་བ་དང་། ༡༩༩༥ལོར་ནོར་ཝེ་དཔོན་ཚང་ཚན་རིག་སློབ་གླིང་གི་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་མཛད་པ་ལྟར། ཨོ་སུ་ལུའུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཕེར་ཁ་ཝེར་སོགས་དང་ལྷན་དུ་བོན་གྱི་བཀའ་འགྱུར་བོན་བློན་པར་མ་ལ་ཞིབ་འཇུག་དང་དཀར་ཆག་རྩོམ་སྒྲིག་བྱེད་པའི་བྱ་བར་ཞུགས། མ་ཟད་ཁོང་གིས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་བོད་ཀྱི་ཆོས་རིག་ལོ་རྒྱུས་ལ་ཕན་པའི་ཞིབ་འཇུག་གི་བརྩམས་ཆོས་མང་དུ་སྤེལ་བ་རྣམས་རྒྱལ་ཕྱི་ནང་གི་བོད་རིག་པའི་དུས་དེབ་ཁག་ཏུ་བཀོད་ཡོད་ལ། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
ཤར་བ་ཐོགས་མེད།
༡༩༦༤ལོར་སི་ཁྲོན་ཞིང་ཆེན་ཟིང་ཆུ་རྫོང་དུ་སྐྱེས། ཆོས་ལུགས་ཚན་ཉིད་རིག་པའི་འབུམ་རམས་པ། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། པེ་ཅིན་སློབ་གྲྭ་ཆེན་མོ། སི་ཁྲོན་སློབ་ཆེན་སོགས་སུ་བསླབ་གནས་གཉེར་ཞིང་། ད་ལྟའི་བར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་རྣམ་གྲངས་གཅིག་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་རྣམ་གྲངས་གཉིས་ཀྱི་འགན་འཛིན་མཛད་པ་གཞིར་བྱས། འཇར་མན་དང་། ཧྥ་རན་སི། གྷུ་རུ་ཡ། དབྱིན་ཇི་སོགས་སུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་སུ་ཞུགས་ནས་དཔྱད་རྩོམ་སྒྲོག་སྦྱོང་གནང་བ་མ་ཟད། བོད་ཀྱི་ཆོས་རིག་ལོ་རྒྱུས་སོགས་ལ་དཔྱད་པའི་ཆེད་རྩོམ་ལྔ་བཅུ་ལྷག་སྤེལ་མྱོང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
ཨ་སྔགས་ཚེ་རིང་བཀྲ་ཤིས།
༡༩༧༠ལོར་སི་ཁྲོན་ཞིང་ཆེན་ཟིང་ཆུ་རྫོང་དུ་སྐྱེས། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་པ་དང་། རྩོམ་སྒྲིག་པ། ཞུས་ཆེན་པ་བཅས་ཡིན། སྔ་ཕྱིར་ཟིང་ཆུའི་སློབ་གྲྭ་ཆུང་འབྲིང་དང་། སྡེ་དགེ་བོད་ཡིག་སློབ་གྲྭ་སོགས་ལ་འགྲིམས་ཤིང་། ༡༩༩༧ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་མཐར་ཕྱིན། ཉེ་ཆར་རྒྱལ་ཁབ་རིམ་པའི་ལས་གཞིའི་རྣམ་གྲངས་ཏེ་བོད་ཀྱི་མཛེས་རིས་ཀུན་བཏུས་དཔེ་ཚོགས་དེབ་བརྒྱ་ཡི་བདག་ཉིད་ཅན་དང་། ཀྲུང་ཧྭ་རིག་མཛོད་ཆེན་མོ་ལས་བོན་གྱི་བཀའ་འགྱུར་དཔེ་སྐྲུན་གྱི་གཙོ་འགན་གནང་བཞིན་ཡོད་ལ། ད་དུང་རྒྱལ་ཡོངས་དཔེ་སྐྲུན་ལས་རིགས་ཀྱི་རུ་འདྲེན་མི་སྣ་དང་། སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་རིག་གཞུང་དང་ལག་རྩལ་ཐད་ཀྱི་དབུ་ཁྲིད་མི་སྣའི་མཚན་སྙན། དེ་བཞིན་ཁོང་གི་དགེ་འདུན་ཆོས་འཕེལ་སྐོར་གྱི་དཔྱད་པ་ཞེས་པའི་བརྩམས་ཆོས་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་བཅས་ཐོབ་མྱོང་ཞིང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
རྫ་ཚེ་རིང་འགྱུར་མེད།
༡༩༦༩ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་སྐྱེས། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན། སྔ་གཞུག་ཏུ་སློབ་ཆུང་དང་སློབ་འབྲིང་བརྒྱུད་དེ་དར་མདོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་སི་ཁྲོན་ཏང་གི་སློབ་གྲྭ་སོགས་ནས་ཤེས་བྱ་སྣ་ཚོགས་སྦྱངས། རིམ་བཞིན་དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སོགས་ཀྱི་འགན་ཁུར་བ་མ་ཟད། མི་རིགས་སྐད་ཡིག་ཡིག་བསྒྱུར་དང་བོད་གྱི་རིག་གནས་ཞིབ་འཇུག་གི་ལས་ཀ་གཉེར། རིག་གཞུང་བརྗེ་རེས་དང་ཉམས་ཞིབ་ཀྱི་སླད་དུ་ཨ་རི་དང་། ཐེ་ལན་དྲི། མ་ལོ་སི་ཡ། ཐེ་ཝན། ཧོང་ཀོང་སོགས་རྒྱལ་ཁབ་དུ་མར་ཕེབས་ཏེ་རིག་གཞུང་འཆད་སྤེལ་གྱི་བྱ་བ་བསྒྲུབས། རབ་འབྱམས་ཞིབ་འཇུག་སློབ་མ་དང་། དངོས་གཞིའི་སློབ་མ་བཅས་ལ་སློབ་ཁྲིད་བྱེད་པའི་ཞོར་དུ་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གཉིས་དང་། ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི་གཅིག་གི་ལས་གཞིར་ཞུགས་ཡོད། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
སྔོན་འཛིན་ངག་དབང་རྒྱ་མཚོ།
༡༩༧༠ལོར་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་དུ་སྐྱེས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་གླིང་གི་ཐེངས་དང་པོའི་འབུམ་རམས་པ་འཕར་མ་ཡིན། ད་ལྟ་ལན་གྲུ་སློབ་ཆེན་གྱི་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ལན་གྲུ་སློབ་ཆེན་བོན་གྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་ཞིབ་འཇུག་པ། ཐེའི་ཝན་ཧྥོ་ཀང་སློབ་གྲྭ་ཆེན་མོའི་གདན་ཞུའི་སློབ་དཔོན་བཅས་ཡིན། ཁོང་གིས་སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་དང་། སི་ཁྲོན་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་མཚན་རྟགས་བླངས་ཤིང་། བརྩམས་ཆོས་གཙོ་བོ། འབྲུག་དཀར་གཙང་བོ་སྟོད་རྒྱུད་ཀྱི་བོན་ཆོས་ཞིབ་འཇུག་ལ་སི་ཁྲོན་ཞིང་ཆེན་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་དང་། བོན་པོ་ལེ་གུ་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད། ཅེས་པར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་ཅིང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
གདོང་བཙུན་རྒྱ་ཐར།
༡༩༧༢ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་འཁྲུངས། རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་བ་དང་། ཉག་རོང་རྫོང་རྒྱ་ཞིག་འབྲུག་གྲགས་དགོན་པའི་མཁན་པོ་ཡིན། ད་ལྟ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཁམས་ཡན་ལག་ཚོགས་པའི་དྲུང་ཆེ་དང་། གྲུབ་མཐའ་རིས་མེད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ། གངས་ལྗོངས་བོན་དཔྱད་དེབ་ཀྱི་སློབ་སྟོན་ཞུས་ཆེན་པ་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད་ཅིང་། ༢༠༠༦ལོར་སྣང་དགོན་བཤད་སྒྲུབ་སློབ་གླིང་ནས་སློབ་ཐོན་བྱུང་ཞིང་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། སྔ་ཕྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དང་། རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དྲུང་ཆེ་བཅས་ཀྱི་འགན་ལྕི་མཐར་ཕྱིན་པར་མཛད་པ་སོགས་ཚེ་སྲོག་གི་རིན་ཐང་བསྟན་དོན་དུ་སིམ་པར་བྱས་ལ། མི་རབས་རྗེས་མ་གསོ་སྐྱོང་སོགས་ཀྱི་ཐད་དུའང་འཆད་རྩོད་རྩོམ་གསུམ་གྱི་ཕྱག་རྗེས་མངོན་པར་མཐོ་བ་བཞག་ཡོད། ༢༠༠༧ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་དྲུང་ཡིག་ཆེ་མོ་རུ་བདམས་ཤིང་། ད་ལྟ་ལྷན་ཚོགས་ཆེན་མོའི་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུས་མཛད་པ་རེད།
རྟོགས་ལྡན་བསྐལ་ཁོ།
༡༩༦༦ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྐྱེས། རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་ཁྲི་ཟུར་ཡིན། ད་ལྟ་བོད་ཀྱི་ཚིག་མཛོད་ཆེན་མོ་ལས་ཞང་ཞུང་དང་བོན་གྱི་རིག་གནས་ཚན་པའི་རྩོམ་སྒྲིག་པ་དང་། བོན་གྱི་བཀའ་བརྟེན་ཆེན་མོ་ངོ་སྤྲོད་རྩོམ་སྒྲིག་གི་རྩོམ་བྲི་བ། གངས་ལྗོངས་བོན་དཔྱད་དེབ་ཀྱི་སློབ་སྟོན་ཞུས་ཆེན་པ་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད་ཅིང་། ཁོང་ཉིད་སློབ་གྲྭ་ཆུང་འབྲིང་མཐར་ཕྱིན་པ་དང་བསྟུན་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ལ་སྒྲིག་ཞུགས་མཛད། མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་གཞུང་ལ་སྦྱངས་བརྩོན་རྒྱ་ཆེར་མཛད་པའི་འབྲས་རྟགས་སུ། སྔ་ཕྱིར་བོད་ཀྱི་རིག་གཞུང་དུས་དེབ་དང་ཚགས་པར་སོགས་སུ་སྙན་རྩོམ་དང་དཔྱད་རྩོམ་བརྒྱ་ལྷག་སྤེལ་ཡོད་ལ། ཁོང་གི་བརྩམས་ཆོས་ཏེ་གངས་ལྗོངས་དང་བདག་གི་སེམས་པ་ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་དྲུང་གཞོན་དང་སྐབས་གཉིས་པའི་བློ་འདྲི་ཞུ་ཡུལ་དུ་གདན་ཞུ་མཛད་པ་རེད།