གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༢༽
2018-2-11 14:33:05
རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས།
བྱུང་ཁུངས། གངས་ལྗོངས་བོན།
ཀློག་གྲངས།
གསུམ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། ༡༩༧༠ལོར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་དུ་འཁྲུངས། ད་ལྟ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དཔལ་གཤེན་བསྟན་རྩེ་ཞིག་དགོན་པའི་བླ་མ། བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན། ཁོང་ནི་རྩེ་ཞིག་སྟོང་ཉིད་བྱ་འཕུར་བ་ཆེན་པོའི་གཞིས་ཁྱིམ་སྟེ་རྩེ་ཞིག་ཁྲི་བའི་བླ་བྲང་དུ་དལ་རྟེན་རྙེད་སྟབས། ༡༩༨༢ལོར་དོ་ཤུལ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་བཀའ་ནན་ལྟར་རྩེ་ཞིག་དགོན་པར་སྒྲིག་ཞུགས་མཛད་དེ་སྔོན་བྱོན་གོང་མའི་བཀའ་རྒྱུད་སོར་ཆུད་པར་བྱས། ༡༩༩༣ལོར་སྣང་ཞིག་དགོན་ཆེན་གྱི་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེའི་མདུན་ནས་ལོ་གསུམ་སྒྲུབ་གྲྭ་མཐར་ཕྱིན་པ་དང་། ༡༩༩༧ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ནས་རྩེ་ཞིག་ཚང་སྐུ་ཕྲེང་བཞི་བར་ཆོག་མཆན་ཐོབ། ༢༠༠༡ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་། ༢༠༠༤ལོར་ཞ་མིན་མིན་ནན་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་རྗེས་ལྷ་སར་འཚོགས་པའི་བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཚོགས་ཆེན་སྟེང་། བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་གདན་ཞུས་ལས་འཛིན་གྱི་དཔང་རྟགས་ལག་ཁྱེར་བསྩལ། ༢༠༠༦ལོར་པེ་ཅིན་སློབ་ཆེན་ཆོས་ལུགས་ཚན་ཁག་ནང་བསྟན་ཟབ་སྦྱོང་འཛིན་གྲྭ་ནས་སློབ་ཐོན་བྱུང་ཞིང་། ༢༠༠༨ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བཀའ་མངགས་ཚོ་ཆུང་མི་སྣའི་གྲས་སུ་བདམས་ཐོན་བྱུང་བ་ལྟར་སི་ཁྲོན་ཞིང་ཆེན་སྣང་ཞིག་དགོན་ཆེན་དང་རྟོགས་ལྡན་དགོན་ཆེན། ཉག་རོང་ཡེ་ཤེས་དགོན་སོགས་ལ་སོང་ནས་གཡུང་དྲུང་བོན་གྱི་མདོ་ཕྱོགས་གཞུང་ཁྲིད་བཀའ་པོད་རྣམ་དྲུག་གི་ཡིག་ཆ་གཙོ་གྲས་ཁག་དང་། དགེ་བཤེས་གཏོང་ལུགས་དང་དེ་བཞིན་བོན་གྱི་ཡུལ་དངོས་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་ཆོད་སྡོམ་དུ། གཡུང་དྲུང་བོན་ལ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་དག་ལྟར་ཆོས་ལུགས་སྲིད་ཇུས་ཀྱི་ཁེ་དབང་ཐོབ་སྟངས་འདྲ་མཉམ་ཡོང་རྒྱུའི་སྐོར་གྱི་སྙན་ཞུ། ཞེས་པ་བྲིས་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་དང་སློབ་གླིང་གི་གླིང་གཙོའི་ཚོགས་འདུར་དངོས་འབུལ་བྱེད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། འབྲེལ་ཡོད་འགོ་ཁྲིད་རྣམ་པས་ཀྱང་སྙན་ཞུའི་རེ་སྨོན་དོན་ཐོག་ཏུ་འཁྱོལ་བར་བརྟག་དཔྱད་གནང་བ་དང་འབྲེལ་ཐབས་ཤེས་འདོན་ངེས་ཡིན་པའི་ཞལ་བཞེས་གནང་། ༢༠༡༠ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགོངས་དོན་ལྟར། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ལྟེ་གནས་དང་སི་ཁྲོན་དགའ་མལ་དགོན་ཆེན་གཉིས་ལ་བསྐྱོད་དེ། བོན་གྱི་ཐེངས་དང་པོའི་རབ་འབྱམས་སློབ་མའི་རྒྱུགས་སྤྲོད་ལམ་ལུགས་ལ་འགན་འཛིན་བྱས་པ་སོགས་བསྟན་དོན་ལ་ཞབས་འདེགས་ཕྱག་རྗེས་འབུར་ཐོན་འཇོག་ཐུབ་པ་བྱུང་ཞིང་། སྔ་ཕྱིར་རྒྱལ་ཕྱི་ནང་གི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཁ་ཤས་སུ་ཞུགས་ཏེ་རིག་གཞུང་དཔྱད་རྩོམ་སྒྲོག་སྦྱོང་བྱས་པས་མཚོན། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པར་འབད་འབུངས་གང་ལེགས་མཛད་ཡོད་དོ། ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཚོགས་གཞོན་དང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བ་རེད།
|