| གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་གཉིས་པ།
2018-9-21 14:19:43 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་དང་། སྣང་ཞིག་དགོན་དུ་མཚན་ཉིད་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་མཛད་སྒོ་ལྷན་དུ་སྤེལ་པ།
ཚེས་༩ ཉིན་ཞོགས་པའི་ཆུ་ཚོད་༩:༢༠ སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་རྔ་ཡུལ སྣང་ཞིག་དགོན་ཆེན་དུ་དངོས་སུ་ཚོགས་འགོ་བརྩམས། དེ་ཡང་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་བྱས་པ་དང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དངོས་སུ་ཚོགས་འགོ་རྩོམ་པའི་གསུང་བཤད་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས། ཚོགས་ཆེན་གསུམ་ལ་ཕེབས་པའི་རྒྱུན་ལས་དང་། བླ་སྤྲུལ་དགེ་བཤེས། གྲྭ་པ། བཙུན་མ། གསང་སྔགས་རིག་པ་འཛིན་པའི་སྡེ། སྐུ་མགྲོན་ཡོངས་ལ་འཚམ་འདྲི་དང་འབྲེལ་བའི་གསུང་བཤད་གནང་། ཆུ་ཚོད་༡༠ སྟེང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་དངོས་སུ་འགོ་བརྩམས། དགེ་བཤེས་གཡུང་དྲུང་བསམ་གཏན་གྱིས་མདོ་འཛིན་བྱས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་པཎ་ཙ་བསྟན་འཛིན་དར་རྒྱས་མཆོག་གིས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་རྔ་ཡུལ་སྣང་ཞིག་དགོན་ཆེན་ནས་དངོས་སུ་ཚོགས་འགོ་རྩོམ་པའི་གསུང་བཤད་གནང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་གཙོ་གཞོན་པ། སྣང་ཞིག་དགོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་སྒྲིག་ལམ་སྐོར་གསལ་བསྒྲགས་གནང་།
ཆུ་ཚོད་༡༡:༠༨ སྟེང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པར་ཕེབས་པའི་འཆད་རྩོད་པ་རྣམས་འཆད་རྩོད་ར་བར་འཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་ལྷན་རྒྱས་འཆད་རར་གཟིགས་སྐོར་ལ་ཕེབས།
ཕྱི་དྲོ་ཆུ་ཚོད་༡:༣༠སྟེང་། ༡༽གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འཆད་རྩོད་པ་ཀུན་འཆད་རར་འཚོགས་པ།
༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་འཚོགས། དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་བྱས་ཤིང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་བྱ་བའི་འགན་འཁྲི་གཙོ་བོ་ཅི་ཡིན་སྐོར་ནས་གསུང་བཤད་གནང་།
ཆུ་ཚོད་༣:༥༥ སྟེང་། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལོ་ངོ་གསུམ་རིང་གི་བྱ་བའི་བརྒྱུད་རིམ་དང་གྲུབ་འབྲས་མཇུག་སྡོམ་སྙན་ཞུ་ཕུལ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སྐྱབས་འགྲོའི་སྐོར་འཆད་ཁྲིད་གནང་། དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས། གཙོ་བོར་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལོ་ངོ་གསུམ་རིང་གི་ཡོང་སྒོ་དང་འགྲོ་སོང་ཞིབ་གསལ་སྤྱི་སྡོམ་གྱི་སྙན་ཞུ་ཕུལ།
དགོང་མོའི་ཆུ་ཚོད་༦:༣༠ སྟེང་། ༡༽རྩོད་པ་བ་ཀུན་གླིང་ཚན་བཞི་རུ་བགོས་ཏེ་དམ་བཅའ་འཚོགས།
༢༽ མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣ་ལྷན་རྒྱས་གངས་ལྗོངས་བོན་དཔྱད་དེབ་དེབ་ཕྲེང་དང་པོ་༼ཞང་ཞུང་ཤེས་རིག་ཞིབ་འཇུག༽འགྲེམ་སྤེལ་མཛད་སྒོར་ཞུགས། དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བས་མདོ་འཛིན་བྱས་ཏེ། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་གངས་ལྗོངས་བོན་དཔྱད་དེབ་ཀྱི་གཙོ་སྒྲིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རྣམ་གཉིས་ཀྱིས་དཔྱད་དེབ་དེབ་ཕྲེང་དང་པོ་དབུ་འབྱེད་གནང་། གཙོ་སྒྲིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་གངས་ལྗོངས་བོན་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ། གངས་ལྗོངས་བོན་དཔྱད་དེབ་ཀྱི་དཔྱད་འདེམས་པ་གདོང་བཙུན་རྒྱ་ཐར་ཚང་གིས་གསུང་བཤད་གལ་ཆེན་གནང་།
ཨ་མདོ་ཤར་པའི་ལྷ་བཟོ་ཁྲི་བཙན་རབ་བརྟན་གྱིས། སྨན་རིའི་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་གཙོ་སྐུར་བཞེངས་པའི་སྨན་རིའི་མཁན་རབས་རིམ་བྱོན་གྱི་ཐང་ག་ཆེ་ལེགས་ཤིག་མཉམ་འབྲེལ་ལྷན་ཚོགས་ལ་རྟེན་བཞག་ཕུལ་བ་བཅས་ཉིན་གཉིས་པའི་གནས་ཚུལ་རགས་རིམ་ཙམ་མོ། །
|