མདུན་ཤོག

ལོ་རྒྱུས་མི་སྣ། - གནའ་ཤུལ་སྔོག་འདོན་ལས་རྙེད་པའི་ཞང་བོད།

གནའ་ཤུལ་སྔོག་འདོན་ལས་རྙེད་པའི་ཞང་བོད།

རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ།


2021-10-21 20:06:18 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

སྤྱི་ལོ2011ཟླ1ཚེས7ཉིན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ་དབུ་ཚུགས་པའི་བཀྲ་ཤིས་སྐལ་བཟང་གི་དུས་ཆེན་དང་འབྲེལ། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག ཕོ་མོ་སྐྱ་སེར་གྱིས་དབྱེ་བ་མེད་པ་བརྒྱ་ཕྲག་གསུམ་ལས་བརྒལ་བ་དགྱེས་འཛོམས་དང་སྟབས་བསྟུན¡°གཤེན་རབ་རིག་གནས་གླེང་སྟེགས¡±བཀོད་སྒྲིག་བྱས་པའི་སྟེང་དུ། སྤྱི་ཚོགས་སློབ་གསོ་དང་འཐུས་ཚང་ཚོགས་པ་ཞིག་གི་ངོ་བོ་སྐྱོང་སྟངས་སམ་འགྲོ་རིམ། སྒྲ་རིག་དང་སྐར་རྩིས་ཚད་མ་རིག་པ་བཅས་ཀྱི་བྱུང་ཁུངས། ཕྱི་ནང་གྲུབ་མཐའི་དབྱེ་འབྱེད། ཞང་བོད་དེ་གཉིས་འབྲེལ་བའི་སྐོར་སོགས་ནས་གཏམ་གླེང་གནང་བའི་རེ་འདུན་བཞིན། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་རྣམས་གདན་འདྲེན་ཞུས་པའི་གོ་སྐབས་གུས་པ་བདག་གིས་དང་དུ་བླངས་ཏེ། གནའ་ཤུལ་སྔོག་འདོན་ལས་རྙེད་པའི་ཞང་བོད་ཅེས་པའི་གཏམ་བཤད་ཅིག་འདི་ནས་གླེང་བར་འཇུག་པ་ལགས།

༡༽ ཐོག་མར་ཞང་བོད་ཅེས་པའི་ཐ་སྙད་གྲུབ་ཚུལ།

      ཐོག་མར་ཞང་ཞུང་ཞེས་པའི་མིང་འདི་ཞང་ཞུང་གི་སྐད་དེ། ཞང་ནི་¢Ùཡུལ་ལམ་ལུང་པ། ཞུང་ནི་ཁྱུང་གི་དོན་ཏེ་ཞང་སྐད་དུ་ཁྱུང་སྔོན་ལ་ཞུང་ཏིང་ཞེས་པས་ར་སྤྲོད་ཐུབ་པར་ངེས། དེས་ན་བོད་སྐད་དུ་བསྒྱུར་ན་ཁྱུང་ཡུལ་ལམ་ཁྱུང་ལུང་ཞེས་པའི་དོན་དུ་གོ་ལ། གཉིས་པ་བོད་ཅེས་པའི་གོ་བ་དངོས་ནི་གཞན་ལ་འབོད་བརྡ་གཏོང་བའི་དོན་ཡིན་ཞིང་། བོད་ཀྱི་མངའ་ཁོངས་ཁྱབ་རྒྱ་ཆེ་མིན་ལ་མ་ལྟོས་པ་བོད་ཡུལ་ལ་བོད་ཅེས་པའི་ཐ་སྙད་འདི་བོད་ཀྱི་རྒྱལ་རབས་དབུ་མ་བརྙེས་གོང་ནས་ཡོད་དེ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་གླེང་གཞི་བསྟན་པའི་བྱུང་ཁུངས་སུ། «ཤེལ་བྲག་རིའི་གཏེར་བོན»ལུང་དྲངས་པ་ལས།¢Ú ཡུལ་གྱི་མིང་ཡང་བོད་ཀ་གཡའ་དྲུག་ཏུ་བཏགས་སོ་ཞེས་གསུངས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གིས་དཔར་བསྐུན་གནང་བའི་དེབ་ཕྲེང་གསུམ་པར(p156)དགེ་འདུན་ཆོས་འཕེལ་གྱིས་གོ་བདེར་མཛད་པའི¡°ཏུན་ཧོང་ཡིག་ཆ¡±ལས།¢Û བོད་གཡག་དྲུག་རྗེར་གཤེགས་སོ་ཞེས་དང་། ད་དུང་«ཏུན་ཧུང་ནས་རྙེད་པའི་རྒྱལ་རབས་ཤོག་འཁྱལ»ལས།¢Ü བོད་ཀ་གྱག་དྲུག་གི་རྗེར་གཤེགས་སོ། །ཞེས་གསུངས་པ་དག་གི་ལུང་ཚིག་སྔ་མས་གཡག་ཅེས་པའི་རྗེ་འཇུག་ག་བསྡུས་ནས་སྲོག་ཏུ་ཞུགས་པའི་འ་མངོན་དུ་གསལ། བར་བས་ཀ་བསྡུས་ཏེ་བོད་གཡག་དྲུག་ཅེས་བསྟན་ཡོད་ལ། ཕྱི་མས་ཡ་ཉིད་ཡ་བཏགས་སུ་བསྒྱུར་ནས་གྱག་ཅེས་བྲིས་འདུག་ཀྱང་། མདོར་ན་ཅུང་ཟད་འབྲི་སྟངས་མི་འདྲ་བ་ཙམ་ལས་དོན་དངོས་བོད་ཀ་གཡག་དྲུག་ཅེས་པའི་མཚན་འདི་ཡིན་པར་སེམས། གང་ལྟར་བོད་རྒྱལ་ཐོག་མ་ཉག་ཁྲི་བཙན་པོ་བོད་ཀྱི་རྒྱལ་སར་མ་ཕེབས་གོང་ནས་བོད་དང་བོད་ཅེས་པའི་ཐ་སྙད་ཡོད་པར་གསལ་བོར་བསྟན་ཡོད། གཞན་ཡང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི«མདོ་གཟེར་མིག»(p593)ལས།¢Ý བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང་། བདུད་དྲེགས་པ་ཅན་གྱི་རིགས་འཁོར་དུ་བཅད་པར་དགོངས་ནས། རྟ་ཡི་རྗེས་སུ་བྱོན་ནོ་ཞེས་པས་ཀྱང་བོད་རྗེ་ཐོག་མ་ཉག་ཁྲི་ཁོང་གི་ཡ་སྔོན་ལོ་ངོ་སྟོང་ཕྲག་མང་པོ་བརྒལ་ཟིན་པའི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྐུ་རིང་དུའང་བོད་དང་བོད་ཅེས་པའི་ཐ་སྙད་ཡོད་པའི་དགོངས་བཞེད་གནང་ཡོད་པར་མངོན།

༢༽ ཞང་བོད་ས་གནས་ཀྱི་ཁྱབ་ཁོངས།

      དང་པོ་འདི་ནས་ཡར་བརྩིས་ན་ཞང་ཞུང་གི་རྒྱལ་ཁབ་ནི་རྩ་བརླག་ཏུ་སོང་ནས་མི་ལོ་ཆིག་སྟོང་བརྒྱ་ཕྲག་མི་ཉུང་བ་ཞིག་འདས་ཟིན་པའི་རྐྱེན་གྱིས། ཞང་ཞུང་གི་ཁྱབ་ཁོངས་དང་དེའི་ས་གནས་ཀྱི་མཐའ་མཚམས་འདི་དང་འདི་ཞེས་ཞིབ་ཕྲའི་སྒོ་ནས་བློ་ཐག་རྦད་ཀྱིས་བཅད་དེ་བཤད་པ་ཆེས་ཁག་པོ་ཞིག་ཏུ་འདུག་པར་སྣང་མོད། འོན་ཀྱང་། ཁྱུང་ལུང་གི་ཕྱོགས་མཚམས་སོ་སོའི་མང་ཚོགས་ཁྲོད་དུ། ད་ལྟ་ཅུང་ཙམ་ལྷག་པའི་ཞང་ཞུང་གི་སྲོལ་རྒྱུན་དང་སྐད་ཡིག དེ་དག་གི་ཤེས་རིག་དང་འབྲེལ་བའི་དངོས་རྫས་སྔོག་འདོན་བཅས་ལ་བསམ་གཞིག་ལེགས་པོ་དང་། ད་དུང་ཞང་བོད་གཉིས་ལ་གནའ་རབས་སྔ་མོ་ནས་བཟུང་ཆོས་ལུགས་དང་ཆབ་སྲིད་གཉིས་ཆར་ནས་འབྲེལ་བ་དམ་ཟབ་ཡོད་པའི་དབང་གིས་བོད་དང་བོན་པོའི་ལོ་རྒྱུས་ཡིག་རྙིང་ཁུངས་མ་དག་ལ་རྟོག་ཞིབ་ལེགས་པར་གནང་ན། ད་གཟོད་ལོ་རྒྱུས་དེ་དག་གི་དགོངས་བཅུད་བསྡུས་ཏེ། ཞང་ཞུང་གི་ཁྱབ་ཁོངས་དང་དེའི་ས་མཚམས་རགས་རིམ་ཞིག་ངོས་འཛིན་བྱེད་པ་ལ་དཀའ་ཁག་དེ་ཙམ་མི་སྣང་སྟེ། «གཡུང་དྲུང་བོན་གྱི་བསྟན་འབྱུང་»ལས།¢Þ ཕྱི་མ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་། སྨད་སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན་ཞེས་གསུངས་ཡོད་ལ། «སྐྱབས་སྟོན་ཁྲོ་འགྲེལ»དང་¢ß«བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ»¢à«འབེལ་གཏམ་ལུང་སྙིང་»¢á«ཉེར་མཁོ་སྣང་བ»¢âལ་སོགས་པའི་ལུང་ཚིག་རྣམས་ཀྱིས་ཞང་ཞུང་གི་ལྷོ་ངོས་དེང་དུས་བལ་ཡུལ་གྱི་མངའ་ཁོངས་དོལ་པོ་དང་གློ་བ། རྒྱ་གར་གྱི་ཁུ་ནུ་དང་ལ་དྭགས། དབྱི་ལང་གི་པར་སིག བྷ་དག་ཤན་དང་། བྷ་ལག་ཚུན་ཆད། ནུས་ངོས་ཁ་ཆེའི་ཡུལ་མཚམས་ཚུན་ཆད། སྟོད་ཕྱོགས་ཧོར་གངས་རྒྱུད་མན་ཆད། སྨད་ཕྱོགས་སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་སོགས་ཞང་ཞུང་གི་མངའ་ཁོངས་ཡིན་པ་གསལ་བོར་བསྟན་པ་མ་ཟད། གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་ཕྱོགས་བཞིའི་ས་ཚིགས་ཀྱང་རགས་རིམ་ཞིག་རྟོགས་ཐུབ་པར་ངེས་སོ། །
      གཉིས་པ་བོད་ཀྱི་ཁྱབ་ཁོངས་ནི«གསས་མཁར་སྤྱི་སྤུངས་བཤད་བྱང་»(p8)ལས། བར་བོད་ཡུལ་ན་དབུས་གཙང་རུ་བཞི་སྟེ། གཡས་རུ་གཙང་ཆུང་དང་། ཡར་ལུང་ལ་སོགས་དབུས་རུ་དང་། ལྷ་རྩེ་ལ་སོགས་རུ་མཚམས་དང་། ཉང་ཀོང་ལ་སོགས་གཡོན་རུ་དང་བཞི་ནི་བར་གྱི་ཁྱོན་ཞེས་བསྟན་པ་དང་། གངས་ཏི་སེའི་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོའི«བསྒྲགས་པ་རིན་ཆེན་གླིང་གྲགས» (p90)ལས། རྒྱ་ནག་དང་བོད་ཀྱི་བར་ནི། ག་ཆུ་གཡུ་མཚོ་འཕྲང་རིང་གིས་བཅད། གེ་སར་དང་ཧོར་དང་བོད་ཀྱི་བར་ནི། ཁྲི་གཤོག་མཚོ་དང་བྲག་ཆུ་སྨན་འཕྲང་རིང་པོས་བཅད། སྟག་གཟིག་དང་བོད་ཀྱི་བར་ནི། རྡོ་རྗེ་རྒོད་བྲག་རིང་རོང་གིས་བཅད། རྒྱ་གར་དང་བོད་ཀྱི་བར་ནི། ཤེས་རབ་ཟབ་མོ་རོང་ལྗང་གིས་བཅད། སྟོད་ཞང་ཞུང་དང་བོད་ཀྱི་བར་ནི། གེ་ཁོད་གཉན་ལུང་རོང་གིས་བཅད། སྨད་སུམ་པ་དང་བོད་ཀྱི་བར་ནི། ག་རུ་ཤེལ་རྩེ་རོང་གིས་བཅད། འ་ཞ་དང་བོད་ཀྱི་བར་ནི། བྱེ་མ་སྤྱང་མདུར་རོང་གིས་བཅད། འཇང་དང་བོད་ཀྱི་བར་ནི། གོར་མ་ཞ་ལ་རོང་གིས་བཅད་ཅེས་གསུངས་པ་དག་གིས་བོད་ཀྱི་ཕྱོགས་མཚམས་སོ་སོའི་ས་ཚིགས¢Ïངོས་འཛིན་གནང་ཡོད་པ་དང་། ལྷག་པར་དུ་གོང་གི་སྤྱི་སྤུངས་བཤད་བྱང་དང་། བསྟན་འབྱུང་རིག་པའི་ཤན་འབྱེད་ལས། བར་ན་དབུས་གཙང་རུ་བཞི་ཞེས་བཞེད་པ་འདི་ཙམ། བཙན་པོ་སྤུ་རྒྱལ་ཐོག་མའི་མངའ་ཁོངས་ཡིན་ཞིང་། དེ་ནས་བཟུང་ཆུ་ལ་སྡེ་བརྒྱད་ཀྱི་ཐ་མ་ལྡེ་སྲིན་བཙན་བར་གྱི་རྒྱལ་རབས་ཉེར་བཞིའི་རིང་དུ་རྒྱ་བསྐྱེད་ཆེར་སོང་མེད་པར་མངོན་ལ། འོན་ཀྱང་། སངས་རྒྱས་གཡུང་དྲུང་བོན་གྱི«རྒྱུད་འབུམ» (ཀ30ཤ16)ལས། དེ་ནས་ཁྲི་ཐོབ་ནམ་བརྩན(ཁྲི་ཐོག་རྗེ་བཙན)གྱིས་ཞང་ཞུང་གི་གཤེན་པོ་མང་པོ་གདན་དྲངས། འབུམ་དང་གསས་མཁར་ཕྱོགས་བཞིར་བརྩིགས། བོད་དང་ཞང་ཞུང་གཅིག་ཏུ་བསྡེབས། བོན་དར་ལ་རྒྱས་པར་མཛད་པས་རྗེ་ཡང་སྐུ་ཚེ་རིང་། འབངས་ཀྱང་འོག་ནས་སྐྱིད་པ་ལགས་སོ། །དེ་ནས་བོད་རྗེའང་བོན་སྤྱོད་པས་མངའ་ཐང་ཇེ་དར་ལ་སོང་སྟེ། མཐའ་དུལ་བར་དགོངས་སོ། །བླ་བོན་དང་ཕྱོགས་བཞི་ནས་བཏེགས། དེ་ནས་སྐུ་གཤེན་གྱེར་ཟླ་མེད་ཀྱིས་དགྲ་སྲི་ཕྱོགས་གནན། དམག་ལ་དབང་བསྐུར་ཏེ། འཇང་ལ་དམག་དྲངས་ཏེ་རྒོལ་བས། འཇང་གི་རྒྱལ་པོ་མངའ་འོག་ཏུ་ཆུད་པས་རྒྱལ་པོ་དགའ་ནས། དེ་ནས་དེའི་ཚེ་བོན་པོ་ལ་ཡིག་རྩང་དུ་རྒོད་གསུམ་གྱི་ཞྭ་ལ་གཡུའི་བྱ་རུ་ལ་བཙུགས་པ་དང་། བྱ་རྒོད་དཀར་མོའི་ཐུལ་བ་ལ་སྟག་གི་གོང་ལག་བཏགས་པ་ཕུལ་བས། བོན་པོས་བྱ་ཞུ་དང་བྱ་ཐུལ་གོན་པའང་དེ་ནས་བྱུང་བ་ལགས་ཞེས་པས་བོད་རྒྱལ་ཉེར་བརྒྱད་པ་ཁྲི་ཐོག་རྗེ་བཙན་གྱིས་ཞང་ཞུང་གི་བོན་གཤེན་མང་པོ་བོད་ལ་གདན་དྲངས་ཏེ་རྒྱལ་བསྟན་སྤེལ་བ་དང་། འཇང་ཡུལ་ལ་དམག་དྲངས་ནས་འཇང་གི་རྒྱལ་པོ་མངའ་འོག་ཏུ་བསྡུས་པ་གསལ་བོར་བསྟན། ཡང་དེ་ཉིད(30ཀ16)ལས། སུམ་པའི་བོན་པོ་སྤེ་ནག་གུ་ཡིས་དགྲ་ལྷ་གསོལ། དགྲ་སྲི་མནན་ནས། ཧོར་ལ་རྒོལ་བས་ཧོར་གྱི་རྒྱལ་ཁམས་མངའ་འོག་ཏུ་ཆུད་ཅེས་པས་ཁྲི་ཐོག་རྗེ་བཙན་གྱི་འཇུག་ཐོག་ཙམ་ན་བོད་དམག་ཧོར་དུ་དྲངས་ཏེ་ཧོར་གྱི་རྒྱལ་ཁམས་བོད་འོག་ཏུ་བཅུག་པར་བསྟན། སླར་དེ་ཉིད་ལས(31ཀ16)ལས། རྒྱ་ནག་རྒྱལ་པོས་རྗེའི་སྐུ་ལ་བསྡོས་པས། ཞང་ཞུང་གི་བོན་པོ་གྱེར་ཆེན་བཙོ་འཕེན་གྱིས། གསེར་ལ་བསྔགས་ནས་བཙོ་འཕངས་པས། རྒྱ་ནག་རྒྱལ་ཁམས་ཐུལ་ཞེས་པས་རྒྱ་ནག་གི་རྒྱལ་པོས་བོད་རྒྱལ་བཙན་པོའི་སྐུ་ལ་འགྲན་བྱས་པ་ལ། ཞང་ཞུང་གི་བོན་གཤེན་བཙོ་འཕེན་གྱེར་ཆེན་གྱི་མཐུ་སྟོབས་ལ་བརྟེན་ནས། རྒྱ་ནག་གིས་ཚུར་རྒོལ་བཟློགས་ཏེ་རྒྱ་ནག་ཡུལ་ཕྲན་འགའ་རེ་བཏུལ་བའི་ཚུལ་རྣམས་བཞེད། ཡང་གཞུང་དེ་ཉིད(31ཀ16)ལས། དེ་ནས་མོན་ལ་དམག་དྲངས་པས། ཞང་ཞུང་བཙོ་ཆེན་ཐོག་འབེབས་ཀྱིས། བཙོ་འཕངས་ཏེ་མོན་བཏུལ་བས་ཆེ་རྟགས་སུ་སྟག་གཟིག་སྲམ་གྱི་ཐུལ་བ་ཕུལ་ཞེས་པས་ཀྱང་མོན་ཡུལ་དུ་དམག་དྲངས་ནས་མོན་ཁམས་བརླགས་ཚུལ་གསུངས་པ་དེ་དག་ལ་བསམ་གཞིག་གནང་ན། བར་གྱི་བཙན་ལྔའི་སྐུ་རིང་ནས་རིམ་བཞིན་བོད་རྒྱལ་བཙན་པོས་དབང་བསྒྱུར་གནང་བའི་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་དུ་སོང་བ་གསལ་བོར་རྟོགས་ཐུབ། དེར་བརྟེན«བསྟན་འབྱུང་རིག་པའི་ཤན་འབྱེད»ལས་བོད་དང་བོད་ཆེན་ཞེས་གསུངས་པ་འདིས་ཀྱང་དང་པོ་བོད་ཀྱི་ཁྱབ་ཁོངས་ཆུང་བའི་དུས་ལ་བོད་ཅེས་པ་ཙམ་དང་རིམ་གྱིས་རྒྱ་ཆེར་སོང་བ་ལ་བོད་ཆེན་ཞེས་ཐ་སྙད་བྱུང་ཡོད་པར་ཤེས་སླའོ། །

༣༽ ཞང་བོད་ཐོག་མའི་རྒྱལ་པོ།

      དང་པོ། སྤྱིར་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་གྲགས་ཆེ་བ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱོན་ཡང་། འདིར་བཤད་པའི་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནི། གངས་རྒྱལ་ཏི་སེའི་མདུན། ག་ལྗང་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་རྒྱལ་ས་བཟུང་བའི་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་བསྒྱུར་ལ། སངས་རྒྱས་གཤེན་རབ་མི་བོ་དང་སྐུ་དུས་མཉམ་པ་དང་། ཉིད་ཀྱི་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཏུ་གྱུར་ཅིང་། ཁོང་ལ་ཁྲི་ཝེར་གསེར་གྱི་བྱ་རུ་ཞེས་འབོད་པ་འདི་ཞང་བོད་སྐད་གཉིས་འདྲེས་མའི་མཚན་ལགས་ཏེ། ཞང་སྐད་དུ་ཁྲི་ནི་ལྷ་དང་ཝེར་རྒྱལ་པོ་ལ་གོ་བས་བོད་སྐད་དུ་བསྒྱུར་ན་ལྷ་ཡི་རྒྱལ་པོ་དང་། གསེར་གྱི་བྱ་རུ་ཅན་ནི་རྨོག་དང་འདྲ་བའི་དབུ་ཞྭའི་གཡས་གཡོན་སྟེང་དུ་གསེར་ལས་གྲུབ་པའི་བྱ་རྒྱལ་ཁྱུང་གི་རྭ་དབྱིབས་ཀྱི་ཆེ་རྟགས་ཐོབ་པའི་བདག་པོའོ། །
      གཉིས་པ། སྤྱིར་བོད་རྒྱལ་ཐོག་མ་ནས་གནམ་རི་སྲོང་བཙན་ཡན་རྒྱལ་རབས་སུམ་ཅུ་སོ་གསུམ་ཡོད་པ་ལས། འདིར་བཤད་པའི་འོ་ལྡེ་སྤུ་རྒྱལ་ཉག་ཁྲི་བཙན་པོ་ནི། མེས་པོ་ཡབ་བླ་བདལ་དྲུག་དང་ཞང་ཞུང་དམུ་བཙུན་རྒྱལ་མོ་གཉིས་ལ་རིགས་སྲས་མཆེད་བདུན་སྐྱེས་པའི་ཁྲི་བར་བདུན་ཚིགས་དེ། རང་གི་ཞང་པོ་ཞང་ཞུང་དམུ་རྗེ་བཙན་པོའི་ཡུལ་དུ་དཀོར་ནོར་མང་པོས་བརྫངས་ནས་སྤྱུགས་རྗེས། ཞང་ཞུང་དམུ་བཟའ་གཉི་མཐིང་མ་ཁབ་ཏུ་བཞེས་ཏེ་སྐུར་འཁྲུངས་པ་ཞིག་ཡིན་ཞིང་། རྒྱལ་སྲས་ཁོང་ཉིད་རིམ་གྱིས་ནར་སོན་པའི་སྐབས་དེར། ཞང་ཞུང་དམུ་རྗེ་བཙན་པོ་དང་ཡབ་ཆེན་ཁྲི་བར་བདུན་ཚིགས་¢Ðགཙོ་འཁོར་གྱིས་རྒྱབ་སྐྱོར་བྱས་པ་དང་། ཞང་བོད་བོན་གཤེན་རིག་འཛིན་¢Ñརྣམས་དང་། རྒྱལ་ཕྲན་དག་གི་མངའ་བདག བོད་ཤེས་པ་ཅན་བཅུ་གཉིས་¢Òདང་བཅས་པ་མཉམ་འབྲེལ་གྱིས། བོད་ཀྱི་རྒྱལ་ས་ཐོག་མའི་ཁྲི་ལ་བསྐོས་པ་ཡིན་ཏེ། «སྲིད་པ་རྒྱུད་ཀྱི་ཁ་བྱང་»(p38)ལས། ཕྱྭ་རྗེ་ཡབ་བླ་བདལ་དྲུག་དང་། དམུ་བཙུན་རྒྱལ་མོ་གཉིས་ཀྱི་སྲས། ལྡེའུ་རྗེ་མཆེད་བདུན་བྱ་བ་ཡིན། ལྷ་སྲས་དེ་ཡི་བདུན་ཚིགས་ནི། ཁྲི་སད་འབར་བ་ཞེས་ཀྱང་བྱ། དེ་ཞང་པོ་དམུ་ཡི་ཡུལ་དུ་སྤྱུགས། དམུ་ཟ་གཉི་མཐིང་མ་དང་བཤོས་པ་ལ། ཡར་གཤེགས་སུ་ནི་ཡུམ་གྲོངས་ལ། མར་གཤེགས་སུ་ནི་སྲས་མནོལ་བས། ལྟག་པའི་སྡུད་སྒོར་སྐྲ་ཉག་གཅིག་དང་འཁྲིལ་ནས་གཤེགས་པའི་སྲས། ལྡེ་ཉག་རི་བཙད་པོ་ལགས་སོ་ཞེས་དང་། «ལྡེའུ་རྒྱ་བོད་ཆོས་འབྱུང་»ལས། བར་གྱི་བདུན་ཚིགས་དེ་རྨུ་ཡུལ་དུ་སྤྱུགས་ཏེ། སྲས་ནི་གཉའ་ཁྲི་གར་གྱི་བདུན་ཚིགས་ཏེ། ཡར་ཡབ་དང་གཅེན་ལ་གནོད། མར་ཡུམ་དང་གཅུང་ལ་གནོད་ནས་ཞང་ཞུང་ཡུལ་དུ་སོང་ཞིག་བཀའ་བསྒོ་སྟེ་འགྲོར་མ་ཉན་པ་ལ་དཀོར་གྱི་རྣམ་པ་མང་པོ་དང་། སྐུ་སྲུང་བློའུ་རིན་ཆེན་མཆེད་བདུན་དང་སྐུ་ལྷ་ལྷ་ག་ཡ་དང་། མུ་ཡ་དང་། ལྷེ་གླང་རུ་ཀར་དང་དུང་འཕར་པོ་འཕར་ཆུང་དང་བཅས་བྱིན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཞང་པོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་དུ་གཤེགས་ཏེ་བཞུགས་སོ། །ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལ། ཕུ་མོ་དྲེ་རྨུ་དྲེ་བཙན་མོ་དང་ཁྲི་གར་གྱི་བདུན་ཚིགས་བཤོས་པའི་སྲས་དེས་ཡུམ་གྱི་ལྷུམས་ནས་གསོལ་བ། ཀྱེ་ཡུམ་གཅིག་ཡར་གཤེགས་ན་ནི་ཡུམ་གྲོངས་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་སྒལ་བའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས། སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས་མཚན་ཡང་གཉའ་ཁྲི་བཙན་པོར་བཏགས་སོ་ཞེས་གསུངས། «རྩ་རྒྱུད་ཉི་སྒྲོན»(p147)ལས། ཕྱྭ་ཡབ་བླ་བདལ་དྲུག་གི་ཆུང་མ། དམུ་ལྕམ་མཆོང་རོན་མ་ལ། སྲས་ལེའུ་རྗེ་མཆེད་བདུན་བལྟམས་པའི་བདུན་ཚིགས་ཏེ། ཁྲི་བར་ལ་བདུན་ཚིགས་ཡིན། ཡབ་ཀྱིས་བོད་ཁམས་མིའི་རྗེ་རུ་བརྐོས་ཞེས་ཞལ་གསལ་བསྟན་པ་དེ་དག་ལ་ཕྱིར་མིག་གིས་བལྟས་ན། བོད་རྒྱལ་ཉག་ཁྲི་བཙན་པོ་ཐོག་མ་བོད་ཀྱི་རྒྱ་སར་ཅི་ལྟར་བསྐོ་བཞག་གནང་ལུགས་གསལ་བཤད་གནང་ཡོད་པ་དང་། ད་དུང་བོད་རྗེ་ཉག་ཁྲི་བཙན་པོའི་མཚན་འདོགས་སྟངས་སྐོར་ནས་གླེང་བ་ལ། དེང་དུས་ཡོངས་གྲགས་སུ་གཉའ་ཁྲི་བཙན་པོ་ཞེས་འབོད་པ་མ་ཟད། བན་བོན་ལོ་རྒྱུས་སྔ་ཕྱི་གང་མང་ཞིག་ཏུ་འང་དེ་ལྟར་བོད་སྐད་དང་མཐུན་པ་ཁོ་ནས་འགྲེལ་བཤད་གནང་ཡོད་ཀྱང་། དོན་དངོས་ཞང་ཞུང་དང་དེའི་ཆོས་ལུགས་ལ་འབྲེལ་བ་ཤིན་ཏུ་ཟབ་པའི་རྐྱེན་གྱིས། ཞང་སྐད་ཀྱིས་མཚན་ཟུར་དང་པོ་གསོལ་ཏེ། «ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་»ལས། ཁྲྀའི་བདུན་ཚིགས་ཀྱྀ་སྲས། ཁྲི་ཉག་ཁྲྀ་བཙན་པོ་ཞེས་གསུངས་པས་ཉག་ཁྲི་ཞེས་པ་དངོས་སུ་གསལ་ཡོད་པ་དང་། «ཀོང་པོ་དེ་མོའི་བྲག་བརྐོས་ཡིག་ཕྲེང་གསུམ་པ»ནས། ཕྱྭ་ཡབ་བླ་བདག་དྲུག་གྀ་སྲས་ལས། ཉ་ཁྲྀ་བཙན་པོ་མི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད་ཅེས་བསྟན་པ་ལ་ཉ་ཁྲྀ་ཞེས་གསལ་ཡོད་ཀྱང་ཡུལ་སྐད་གདངས་དང་བསྟུན་ནས་བྲིས་པ་ལས་དོན་དུ་སྔ་མ་ཏུན་ཧོང་ཡིག་རྙིང་དང་གཅིག་མཐུན་དུ་སྣང་། དེས་ན་ཞང་སྐད་དུ་ཉག་ཁྲི་ཞེས་པའི་¡®ཉག¡¯ནི་མཐུ་སྟོབས་ཆེ་བ་དང་¡®ཁྲི¡¯ནི་ལྷའམ་རྒྱལ་པོ་ཞེས་པའི་དོན་ཡིན་པས། བོད་སྐད་ལ་བསྒྱུར་ན་མཐུ་སྟོབས་ཆེ་བའི་ལྷའམ་རྒྱལ་པོ་ཞེས་པར་གོ་དགོས། མཚན་ཟུར་ཕྱི་མ་བཙན་པོ་ཞེས་པ་འདི་ཡང་དེ་སྔོན་མ་གྲགས་པའི་བླ་དྭགས་གསར་བ་ཞིག་མིན་ཏེ། བོད་རྒྱལ་ཉག་ཁྲི་ཁོང་གི་ཡབ་ཆེན་ཁྲི་བར་བདུན་ཚིགས་ཀྱིས། བླ་ན་བཀུར་བའི་ཞང་པོ་དམུ་རྗེ་བཙན་པོའི་མཚན་ཟུར་ལས་བརྡ་དྲངས་ནས་བཏགས་པར་སྙམ་མོ། །

༤༽ བོད་ཀྱི་རྒྱལ་རབས་མ་ཚུགས་གོང་གི་ཞང་བོད་ཀྱི་གནས་སྟངས།

      སྐབས་དེར་བོད་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས་ལ་ཉེ་བའི་ཞང་ཞུང་གི་དུས་རབས་དེའི་ནང་དུ། ཞང་ཞུང་ལ་སྒོ་ཕུགས་བར་གསུམ་དང་། སྒོ་བ་ལའང་སྒོ་ཕུགས་བར་གསུམ་བཞག་པའི་ཕྱོགས་སོ་སོའི་ས་ཚིགས་དང་། གོང་དུ«རྩ་རྒྱུད་ཉི་སྒྲོན»ལུང་དྲངས་པ་ལས། ཡབ་ཀྱིས་བོད་ཁམས་མིའི་རྗེ་རུ་བརྐོས་ཞེས་པའི་ཚིག་གྲུབ་ཀྱིས། བོད་ཀྱི་རྗེ་བོར་བསྐོས་པའི་རྒྱལ་སྲས་མཆོག་གི་ཡབ་ནི། བོད་ལ་དབང་ཤུགས་ཆེ་བ་ཞིག་ཡིན་པར་གསལ་བོར་བསྟན་དང་། ཡབ་དེ་ཉིད་ཞང་ཞུང་དམུ་རྗེ་བཙན་པོ་དང་འབྲེལ་བ་ཟབ་ལུགས་སོགས། «སྲིད་རྒྱུད་ཁ་བྱང་»དང་«ལྡེའུ་རྒྱ་བོད་ཆོས་འབྱུང་»གི་ལུང་ཚིག་སྔར་དྲངས་པ་ལས་ཀྱང་རྟོགས་ཐུབ་པར་མངོན་ལ། ལྷག་པར་དུ་བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་བཤད་པའི་སྐབས་སུ། «ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་» (p1554)ལས། རྒྱལ་ཕྲན་གྱི་རྒྱལ་པོ་བགྱྀད་པ་དང་། རྒྱལ་ཕྲན་གྱྀ་བློན་པོ་བགྱིད་པའི་རབ་ལ། ཞང་ཞུང་ངར་པའི་རྗེ་བོ་ལྀག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་སྟོང་ལོམ་མ་རྩེ་གཉྀས་ཞེས་པས། བོད་ཀྱི་མངའ་ཁོངས་སུ་བསྡུས་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནང་ཚན་དུ་ཞང་ཞུང་ངར་པའི་ཡུལ་འདི་ཡོད་པའི་ཚུལ་སོགས་བན་བོན་ཕྱོགས་མེད་ཀྱི་རྒྱལ་རབས་བཅས་ལ་རྟོག་ཞིབ་གནང་ན། བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་དུས་རིམ་གོང་མའི་ནང་དུ་བོད་ཀྱི་མངའ་ཁོངས་ཆེས་ཆུང་ཞིང་རྒྱལ་ཕྲན་སིལ་མ་ཕལ་མོ་ཆེ་རྣམས་ཞང་ཞུང་གི་མཐིལ་འོག་ཏུ་གནས་ཡོད་པའི་གོ་རྟོགས་སྐྱེ་སྲིད་པར་ངེས། གཞན་ཡང་བོད་ཀྱི་རྒྱལ་རབས་མ་ཚུགས་གོང་དུ་འབྲས་ཐེག་བོན་གཞུང་རྣམས་བོད་ལ་འཕེལ་རྒྱས་ཆེན་པོ་བྱུང་མེད་ནའང་ས་གནས་ཁོལ་བུ་རེར་མ་དར་པའི་ངེས་པ་གཏན་ནས་མེད་དེ། «རྒྱལ་རབས་བོན་གྱི་འབྱུང་གནས» (p59)ལས། འཛམ་བུ་གླིང་ན་མང་ཞིང་ཆེ་བར་གྲགས་པའི་མེས་པོ་སེང་གེ་འགྲམ་གྱི་རྒྱུད་པ་ནི་བོད་ན་མེད། རྒྱལ་ཁྲིམས་མེད་ཀྱང་བོན་ཁྲིམས་དར་ལ་རྒྱས་པས། བོད་ཁམས་བདེ་ཞིང་སྐྱིད། གཤེན་ནམ་མཁའི་མདོག་ཅན་བོད་ན་བཞུགས་པའི་དུས་སོ་ཞེས་པས་བོད་ཡུལ་ལ་རྒྱལ་ཁྲིམས་མེད་པའི་གོང་རོལ་དུ། བོན་གྱི་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སྲོལ་དར་ཡོད་པ་དང་། བོན་གྱི་གདམས་པ་ཟབ་མོ་གསང་བ་སྔགས་དང་། བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་ཀྱི་བདག་པོ་ནམ་མཁའ་སྣང་བ་མདོག་ཅན་བཞུགས་འདུག་པ་གསལ་བོར་གསུངས་ཡོད་ཕྱིར། ཁོང་གི་ཐུགས་རྒྱུད་ན་མཁྱེན་པའི་གདམས་ངག་བོན་གཞུང་རྣམས། དུས་སྐབས་དེར་བོད་ཀྱི་གདུལ་བྱ་ལ་ཅི་ནས་ཀྱང་བསྟན་སྲིད་པ་ཞིག་ཡིན། ཡང་«གཡུང་དྲུང་བོན་གྱི་བསྟན་འབྱུང་»པོད་དང་པོ(p289)ནས། བོད་དུ་རྒྱལ་པོ་མ་བྱུང་གོང་ལ་འདུལ་བསྟན་དར་བར་བཤད་པའི་གཏན་ཚིགས་འདིས་ཀྱང་ངེས་ཤེས་ཐུབ། སླར«བཤད་མཛོད་ཆེན་མོ»(p85)ལས། ཁོའི་ཕ་མ་གཉིས་ན་རེ། ངེད་བུ་དགུའི་ཆུང་དག་འདི་མི་སྤྱུགས། ངའི་བུ་སྤྱུགས་ན་ཁྱེད་རང་རྣམས་ཀྱི་བུ་ཚ་སྤྱུག་པར་རིགས་ཟེར་ནས་མ་ཉན་ནོ། །དེ་ནས་ཡུལ་མི་ཀུན་ལྐོག་ཏུ་སྤྱུག་པར་ཁ་འཆམས་ཏེ། སྤོ་བོའི་ཡུལ་གྱི་བན་བོན་ནུས་པ་ཅན་རྣམས་བསགས་ནས། ཐེ་བྲང་སྐྱས་འདེབས་བྱེད་དུ་བཅུག་ནས་བོད་ལ་སྤྱུགས་པས། སྤོ་ཡུལ་དུ་སྡོད་མ་ཚུགས་པར་བོད་ལ་ཁ་གཏད་ནས་ཡོང་བས། དེའི་དུས་སུ་བོད་ལ་རྗེ་མེད་པས། མི་རྗེ་འཚོལ་དུ་ཕྱིན་ཞེས་པའི་ལུང་དུ་སྤོ་བོའི་ཡུལ་གྱི་བན་བོན་ནུས་པ་ཅན་ཞེས་སྡོམ་ཚིག་བཀོད་པ་འདིས། སྐབས་དེར་སྤོ་ཡུལ་དུ་སྟོན་པ་ཤཱཀྱའི་ཆོས་ལུགས་གཏན་ནས་བྱུང་མ་མྱོང་བས། གཤེན་རབ་དང་ཤཱཀྱའི་ཆོས་ལུགས་པ་ལ་བོན་པོ་དང་བན་དེ་ཞེས་སྨོས་པ་མིན་མོད། བོད་ལ་རྗེ་བོ་མེད་པའི་སྔོན་རོལ་གྱི་དུས་རིམ་ནང་གི་བོད་ཙམ་དུ་མ་ཟད། སྤོ་བོའི་ཡུལ་ལའང་འདུལ་ཁྲིམས་ལྡན་པའི་བཙུན་པ་དང་། རིག་པ་འཛིན་པའི་སྔགས་པ་ཡོད་ལུགས་གསལ་བོར་བཞེད་ཡོད་པར་མངོན་ཏེ། བཤད་མཛོད་གཞུང་ཚིག་ཏུ་བན་བོན་ཞེས་པ་འདི། བན་དེ་དང་བོན་པོ་ཞེས་པའི་བསྡུས་མིང་ཡིན་ཞིང་། དེ་དོན་ནི་གནའ་དུས་བཙུན་པ་ལ་བན་དེ་དང་། བོན་པོ་ལ་སྔགས་པ་ཞེས་འབོད་སྲོལ་ཡོད་པས། དེང་དུས་སུའང་བཙུན་པའམ་གྲྭ་བ་ཆེ་ཆུང་གཉིས་ལ་བན་ཆུང་དང་བན་རྒན། ད་དུང་མདོ་སྨད་རེབ་གོང་ཡུལ་སྐད་དུ་གྲུབ་ཐོབ་སྔགས་འཆང་སྡེ་ལ་བོན་མང་ཞེས་འབོད་པས་ཀྱང་གོ་རྟོགས་སྐྱེ་ཐུབ་པ་ཡིན། རྒྱུ་མཚན་གཞན་ཞིག་ནས་བཤད་ན། སྤུ་ལྡེ་གུང་རྒྱལ་ཡར་སྔོན་དུ་ཕམ་ཤི་དང་ཡ་གོང་གི་འདུལ་བའི་སྡེ་གཉིས་ཀྱིས། སངས་རྒྱས་གཤེན་རབ་མི་བོའི་གདུང་བསྲེལ་བརྩད་དེ་ནང་འཁྲུག་¢Óབྱུང་བས། འདུལ་བསྟན་ཉམས་རྒུད་ཚབ་ཆེན་སོང་བ་ལ་སྔར་བཞིན་སླར་གསོ་མ་བྱུང་བའི་རྐྱེན་གྱིས། ཕྱིས་སུ་ཤཱཀྱའི་ཆོས་ལུགས་བོད་དུ་འཕེལ་རྒྱས་བྱུང་སྐབས། སྟོན་པ་ཤཱཀྱའི་བསྟན་པ་སྐྱོང་མཁན་གཙོ་བོ་གྲྭ་བའམ་བན་དེ་ཡིན་པས། ཤཱཀྱའི་ཆོས་ལུགས་པ་ལ་བན་དེ་དང་། སྟོན་པ་གཤེན་རབ་མི་བོའི་བསྟན་པ་སྐྱོང་མཁན་གཙོ་བོ་རིག་འཛིན་སྔགས་འཆང་ངམ་བོན་པོ་རྣམས་ཡིན་པས། གཤེན་རབ་ཆོས་ལུགས་པ་ལ་བོན་པོ་ཞེས་མིང་བརྗོད་པ་ལས། མི་གཅིག་ཙམ་གྱིས་བརྡ་སྦྱར་བ་མིན་པ་རང་བཞིན་གྱིས་མང་ཚོགས་ཁྲོད་ནས་ད་ལྟའི་བར་དུ་ཐ་སྙད་དེ་ལྟར་ཆགས་ཡོད། འོན་ཀྱང་། བོན་པོ་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་ཡོད་པ་དང་། སྐབས་འགར་དམིགས་བསལ་སྔགས་འཆང་རྣམས་ལ་འཇུག་པའི་སྐབས་ཡོད་ཀྱང་དེ་ཁོ་ན་མིན་ཏེ། རང་རང་བློ་ཚོད་དང་བསྟུན་པའི་བོན་བསྟན་ལ་འཇུག་པའི་སྐྱེས་བུ་ཐམས་ཅད་ལའང་གོ་དགོས་པས་སོ། །

༥༽ གནམ་གྱི་ཁྲི་བདུན་སྐུ་རིང་དུ་ཞང་བོད་བར་གྱི་འབྲེལ་བ་བྱུང་རིམ།

      སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱིས་གསང་སྔགས་¢Ôསྤྱི་སྤུངས་བོན་སྐོར་རྣམས། བོད་རྒྱལ་ཐོག་མ་ཉག་ཁྲི་བཙན་པོར་བུམ་པ་གང་བྱོས་ཚུལ་དུ་གདམས་ཏེ། ཞང་ཞུང་གི་རིག་གཞུང་མང་པོ་བོད་དུ་སྤེལ་ནས། ཞང་ཞུང་ལུགས་མཐུན་གྱི་མཆོད་གནས་གསས་མཁར་བརྩིགས་ཤིང་ཞང་བོད་བར་ལ་ཆོས་ལུགས་ཀྱི་འབྲེལ་བའི་རྨིང་གཞི་བརྟན་པོར་བཞག་པ་ནི། «གཡུང་དྲུང་བོན་གྱི་རྒྱུད་འབུམ»(ཀ18)ལས། ལྷ་སྲས་ཐུགས་ཀྱང་བོན་ལ་ཆེས། བོན་གྱི་གཉེར་ཡང་རྒྱལ་པོ་ལ་གཏད་དོ་ཞེས་དང་། ཏི་སེའི་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོ«བསྒྲགས་པ་རིན་ཆེན་གླིང་གྲགས»(p105)ལས། ལས་སྤྱོད་དག་པ་གཤེན་གྱི་ལས་ལ་སྤྱོད། གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལ། སྤྱི་སྤུངས་གཡུང་དྲུང་བོན་སྐོར་ཞུས་ནས་སྤྱོད། སྐུ་གཤེན་དག་ཚང་བ(ཡ་ངལ)མཚེ་གཅོ་གསུམ་གྱིས་མཛད། ཕྱག་རྗེས་རྩེ་མོ་བྱུང་རྒྱལ་ལ། གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་ཞེས་བསྟན་ནོ། །ཡང་ཐོག་མའི་བཙན་པོ་འདིའི་སྐུ་ཐོག་ཏུ་རྒྱུ་ཐེག་བོན་རྣམས་བོད་ལ་གསར་བྱུང་མིན་མོད། རྒྱུ་འབྲས་བོན་གཞུང་གང་མང་ཞིག་ཞང་ཞུང་ནས་བོད་བསྒྱུར་གནང་བ་ཆུ་གྲོགས་ཆར་བཞིན་སྔར་ལས་འཕེལ་རྒྱས་འོང་བར་དགོངས་ཏེ། མདོ་ལས། བོད་ཀྱི་བོན་པོ་རྣམས་ལ་བོན་དུ་ལྷ་གསོལ་བ་དང་། ཡུགས་ཕུད་པའི་ལུང་ཕོག ནམ་ཞིག་ཐེག་པ་རིམ་དགུ་ལ་སྤྱོད་པའི་སྨོན་ལམ་བཏབ་ཅེས་དང་། «དར་རྒྱས་གསལ་སྒྲོན»(p132)ལས། སྟོན་པ་ཞལ་བཞུགས་དུས། རྒྱུའི་བོན་རྣམས་ཅུང་ཟད་དར་ལ་ཞེས་དང་། ཡང་«བྱམས་མ་སྐྱོན་གྱི་འཇིགས་སྐྱོབ» (p70)ལས། གཉའ་ཁྲི་བཙན་པོ་དེ་ཡི་རིང་ལ། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ་ཞེས་པ་དེ་དག་གིས་གོ་རྟོགས་སྐྱེ་ཐུབ་པར་ངེས།
       གདམས་ངག་བརྒྱུད་པའི་རྐང་འཛིན་ཆེན་མོ་¢Õབོད་ཀྱི་རྒྱལ་ཐོག་གཉིས་པ་མུ་ཁྲིའི་སྐུ་དུས་སུ། བཙན་པོ་ཁོང་གིས་གཞུང་འབྲེལ་བརྒྱུད་དེ། ཕྱི་ནང་གསང་གསུམ་བོན་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་ཅིང་སྐད་གཉིས་སྒྲ་བསྒྱུར་སྨྲ་བ་བརྒྱ་ཕྲག་ལས་བརྒལ་བའི་ཞང་ཞུང་གི་མཁས་པ་མི་ཉུང་བ་ཞིག བོད་དབུས་གཙང་རུ་བཞིར་གདན་དྲངས་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་གཏིང་ཟབ་ཅིང་རྒྱ་ཆེ་ལ་གྲངས་མང་བ་བོད་བསྒྱུར་གནང་བ་དང་། རྒྱལ་བློན་འབངས་འཁོར་ཀུན་གྱི་སྒོ་གསུམ་གུས་པས་མཆོད་གནས། བོན་གཤེན་རིག་འཛིན་རྣམས་ཀྱིས་བཤད་པ་དང་སྒྲུབ་པ་མཛད་པའི་གསས་ཁང་ཆེན་པོ་ཞེ་ལྔ་བཅས་རྟེན་བཞེངས་གནང་བ་སོགས་བོན་བསྟན་རབ་ཏུ་རྒྱས་པར་སྤེལ་ཏེ། «བྱམས་མ»(p70)ལས། དེ་ཡི་སྲས་མུ་ཁྲི་བཙད་པོས་བསླབ་པའི་དོན་གོ བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ནས། སྟག་གཟིག་ལ་སོགས་པ་འཛམ་བུ་གླིང་གི་ལོ་ཙཱས་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་སོ་ཞེས་དང་། གངས་ཏི་སེ་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོའི«བསྟན་པའི་རྣམ་བཤད་དར་རྒྱས་སྒྲོན»(p276)ལས། ནམ་མཁའ་སྣང་མདོག་གིས་སེམས་ཕྱོགས་བོན་མོ་སྟག་ཝེར་ལི་ཝེར་ལ་བསྟན། སྔགས་ཕྱོགས་རྒྱལ་པོ་མུ་ཁྲི་བཙད་པོ་ལ་བསྟན་ཅེས་དང་། «འབེལ་གཏམ་ལུང་སྙིང་»(p60)ལས། རྒྱལ་པོ་རང་ཉིད་ཀྱང་གཡུང་དྲུང་བོན་གྱི་མངའ་བདག་ལྟ་བུ་ཡིན་ཏེ། མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་རིམ་ཕལ་ཆེར་རྒྱལ་པོ་འདི་ལ་མ་ཐུག་པ་མེད་པ་ལྟ་བུ་ཞིག་རེད་ཅེས་པས། དུས་རབས་དེའི་ནང་གི་སྐྱེས་ཆེན་རིག་འཛིན་རྣམས་དང་དེ་དག་གིས་གདམས་པའི་བོན་སྒྲུབ་པའི་གནས་དང་བཅས་པ་གསལ་བར་བསྟན་པའོ། །
      བཙན་པོའི་རྒྱལ་རབས་དང་པོ་ནས་བཟུང་། གནམ་གྱི་ཁྲི་བདུན་སྐུ་རིང་དུ་བྱོན་པའི་ཞང་བོད་བོན་གཤེན་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་¢Öདག་གིས། དབུས་གཙང་རུ་བཞིའི་འདུ་གནས་སོ་བདུན་གཙོར་བྱས་པའི་ཚོགས་བསགས་སྒྲིབ་སྦྱོང་ངམ་ཐོས་བསམ་སྒོམ་གསུམ་བྱེད་པའི་འདུ་ཚོགས་གནས་ཆེན་ཁག་ཏུ། གསས་མཁར་དང་མཆོད་རྟེན་སུམ་ཅུ་རྩ་བདུན་རེ་བཞེངས་གྲུབ་ལེགས་པར་གནང་བ་དང། བླ་མ་ཆེ་དྲུག་སྟེ་སྟག་ལ་མེ་འབར། ལྷ་བོན་ཡོངས་དག མི་ལུས་བསམ་ལེགས། ཀླུ་གྲུབ་ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན། མུ་ཁྲི་བཙན་པོ་རྣམས་ཀྱི་བོན་དང་། བཀའ་བརྒྱུད་ཡ་བཞི་ཟུང་བརྒྱད་¢×ལ་སོགས་བོན་སྡེ་གྲངས་འདས་ཤིག་ཞང་སྐད་ནས་བོད་བསྒྱུར་བྱས་ཏེ། བོད་ཡུལ་བོན་གྱི་རྒྱལ་ཁམས་¢Øསུ་གྱུར་ཅིང་གདུལ་བྱ་སྐྱེ་རྒུའི་འགྲོ་དོན་མཛད་ཚུལ་ནི། «བྱམས་མ»(p70)ལས། དེའི་སྲས་ཏིང་ཁྲི་བཙད་པོ། སོ་ཁྲི་བཙད་པོ། དར་ཁྲི་བཙད་པོ། ཡེ་ཁྲི་བཙད་པོ། སེང་ཁྲི་བཙད་པོ་རྒྱལ་རབས་དེ་དྲུག་གི་རིང་ལ། བླ་མ་ཆེ་དྲུག་གི་བོན་དར་ཏེ། ཕ་རྒྱུད་བླ་ན་མེད་པའི་བོན་དང་། མ་རྒྱུད་བླ་ན་མེད་པའི་བོན་དང་། ཐེག་པ་བླ་ན་མེད་པའི་བོན་དང་། སྤྱོད་པ་བླ་ན་མེད་པའི་བོན་དང་། འབྲས་བུ་བླ་ན་མེད་པའི་བོན་དང་། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ་ཞེས་བཞེད། ཏི་སེ་རིག་མཛོད«བསྒྲགས་པ་རིན་ཆེན་གླིང་གྲགས»(p107)ལས། དབུས་དང་གཙང་གཉིས་ལ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་ཡོད་པ་རྣམས་བོན་མི་ནུབ་པའི་བཀྲ་ཤིས་ཀྱི་རྟགས་སུ་བཞག་གོ གྲུབ་པ་ཐོབ་པའི་གཤེན་དགུ། མཁས་པ་མི་བཞི། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་རྩ་གཉིས། གཤེན་ཕྲན་གྲངས་མེད་པ་རྣམས་སེམས་ཅན་གྱི་དོན་མཛད་ཅིང་འདུ་གནས་རྣམས་སྐྱོང་ངོ་། །དེ་ཡང་འདུ་གནས་ཀྱི་ས་རྣམས་གང་ཡིན་ན། དབུས་ན་ཉི་ཤུ་ཐམ་པ། གཙང་ན་བཅུ་བདུན་ཏེ་སུམ་ཅུ་རྩ་བདུན་ལ་ཞེས་དང་། «གསས་མཁར་སྤྱི་སྤུངས་ཀྱི་བཤད་བྱང་»ལས། གསས་མཁར་སུམ་ཅུ་རྩ་བདུན། མཆོད་རྟེན་སུམ་ཅུ་རྩ་བདུན། བཤད་སྒྲུབ་ཀྱི་གཤེན་རབ་ཆེན་པོ་སུམ་ཅུ་རྩ་བདུན་སོགས་འཕྲུལ་གྱི་གཙུག་ལག་ཆེན་པོ་དགའ་ལྡན་ལྷ་ལས་འཕོས་པ་ལྟ་བུར་འཕགས་ཡུལ་རྟག་གཟིགས་ཀྱི་ཡུལ་ནས་སྤྱན་དྲངས་པ་བཞེངས། དུས་དེ་ཙམ་ན་ཤར་རྒྱ་ནག་ཏུ་གཙུག་ལག བྱང་གེ་སར་ན་སྨན་དཔྱད། ནུབ་ཏ་ཟིག་ན་སྡེ་སྣོད། ལྷོ་རྒྱ་གར་ན་དམ་ཆོས། བོད་ཞང་ཞུང་ན་གཡུང་དྲུང་གི་བོན་རིན་པོ་ཆེའི་བཀའ་བརྒྱུད་ཡ་བཞི་ཟུང་བརྒྱད་དུ་དར་བར་མཛད་དེ། ཡ་བཞི་ནི། ཕྱི་འདུལ་བ་མཛོད་ཀྱི་ཐེག་པའི་བོན་དང་། ནང་མདོ་འབུམ་གཟུངས་གསུམ་ཐེག་པའི་བོན་དང་། གསང་བ་སྔགས་བདེ་ཉེ་ལམ་ཐེག་པའི་བོན་དང་། ཡང་གསང་བླ་མེད་སེམས་ཕྱོགས་ཐེག་པའི་བོན་དང་བཞི། ཟུང་བཞི་ནི་ཕྱྭ་སྲ་ཇུ་ཏིག་ཆེན་པོ་འཕྲུལ་གྱི་བོན། སྨན་དཔྱད་འབུམ་བཞི་ཆེན་པོ་འཕྲུལ་གྱི་བོན། གབ་རྩེ་གཙུག་ལག་ཆེན་པོ་འཕྲུལ་གྱི་བོན། གཏོ་ཐབས་གཡེན་སེལ་ཆེན་པོ་འཕྲུལ་གྱི་བོན་སོགས་བརྒྱད་ལ་བོན་ཕུན་ཚོགས་པར་བདོག་གོ་ཞེས་གསུངས་པ་དེ་དག་གིས། བོད་རྒྱལ་བཙན་པོའི་ཁབ་ཏུ་བོན་བསྟན་སྔ་དར་དུས་སུ། ཞང་ཞུང་ཙི་ཎའི་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་གྱི་སྲས་ཚབ་སྙ་ཆེན་ལི་ཤུ་སྟག་རིང་། ཞང་ཞུང་སད་ནེ་གའུ། ཁོད་སྤུངས་དྲན་པ་ནམ་མཁའ་ལ་སོགས་བོན་གཤེན་བརྒྱ་ཕྲག་རེ་ཟུང་ལས་བརྒལ་བས། བོད་ཡུལ་དུ་ཐོས་བསམ་སྒོམ་སྒྲུབ་བྱེད་པའི་འདུ་གནས་ཕྱོགས་སོ་སོར་བཙུག་སྟེ་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་བར་བསྟན་ཏོ། །
      གཞན་ཡང་བཙན་པོའི་རྒྱལ་རབས་སྔ་མ་བདུན་གྱི་སྐུ་རིང་དུ། སྟོན་པ་ཁྲི་གཙུག་རྒྱལ་བ་ནས་འདུལ་བསྟན་རིམ་པར་བརྒྱུད་པའི་ཞང་ཞུང་མཁན་རབས་གསུམ་པ་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་ལས། ག་ཆུ་གཙུག་ཕུད་རྒྱལ་བ། ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤི་དཔལ་གྱི་དབང་ཕྱུག ལྡེ་བཙུན་རབ་གསལ་བཞིས་{21}འདུལ་ཁྲིམས་ཀྱི་སྡོམ་པ་མནོས་ཏེ། བོད་ཀྱི་གནས་ཆེན་ཁག་ཏུ་དགོན་སྡེ་ཆེན་པོ་བཞི། གཞལ་ཡས་ལྷ་ཁང་། སྐུ་གདུང་མཆོད་རྟེན་དང་བཅས་པ་ལེགས་པར་བཞེངས་པ་མ་ཚད། ཡ་གོང་ནས་བརྒྱུད་པའི་འདུལ་འཛིན་གནས་སྡེ་ཉི་ཤུ་རྩ་དགུ། ཕམ་ཤི་ནས་བརྒྱུད་པའི་འདུལ་འཛིན་གནས་སྡེ་སུམ་ཅུ་རྩ་བརྒྱད་། ཁྱད་པར་ཡ་གོང་གི་འདུ་གནས་ཆེན་པོ་ཟང་ཟང་ལྷ་རྩེ་དགོན་དུ་འདུལ་འཛིན་དྲང་སྲོང་ལྔ་བརྒྱ་བཅུ་ཕྲག་གསུམ་ལས་བརྒལ་བ་{22}འཕེལ་ཞིང་གྲ་རྒྱས་ཕུན་སུམ་ཚོགས་པར་བྱུང་སྟེ། «རྩ་རྒྱུད་ཉི་སྒྲོན» (p149)ལས། གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ། རྒྱལ་པོ་རེ་ལ་སྐུ་སྲུང་བོན་གཤེན་རེས་མཛད་པས། བོན་གཤེན་མངའ་ཐང་ཆེའོ། །དེ་དུས་ག་ཆུ་དང་ཡ་གོང་། ཕམ་ཤི ལྡེ་བཙུན་བཞིས་ལྷ་ཁང་གསས་ཁང་མཆོད་རྟེན། གནས་ཆེན་བཞིར་དགོན་སྡེ་ཆེན་པོ་བཞི་བཞེངས་ཞེས་དང་། ཏི་སེ་རིག་མཛོད«གླེང་གཞི་བསྟན་པའི་བྱུང་ཁུངས»(p410)ལས། དེ་ནས་ཞང་ཞུང་གི་ཡུལ་དུ་ཡེ་ཤེས་ཚུལ་ཁྲིམས། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས། དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས། ག་ཆུ་གཙུག་ཕུད་རྒྱལ་བ། དེ་རྣམས་ནི་ཞང་ཞུང་གི་མཁན་བརྒྱུད་ཀྱི་རིམ་པའོ། དེ་ནས་བོད་ཀྱི་མི་གཉིས་ཀྱིས་བླངས་པ་ནི། ཡ་གོང་ཡེ་ཤེས་རྒྱལ་བ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གོ །ཡ་གོང་གི་མཁན་བུ་ལྡེ་བཙུན་རབ་གསལ། ཕམ་ཤིའི་མཁན་བུ་ཅོ་བཙུན་ཡེ་ཤེས་སོ། །ལྡེ་ཅོ་གཉིས་ཀ་ལ་ཚུལ་ཁྲིམས་མནོས་པ་ནི། མུ་ཟི་གསལ་བཟང་ཡིན་ཏེ། འདུལ་ཁྲིམས་ཀྱི་བསྟན་པའི་མདོ་བཟུང་ཞིང་། དེ་ཡན་ཆད་ལ་བོད་དང་ཞང་ཞུང་ན་འདུལ་ཁྲིམས་ཀྱི་བསྟན་པ་རབ་ཏུ་དར་རོ་ཞེས་བཞེད་པ་དང་། ཏི་སེ་རིག་མཛོད«བསྟན་འབྱུང་རིག་པའི་ཤན་འབྱེད»(p489)ལས། མངའ་རིས་ཕྱོགས་སུ་ཡ་གོང་ཡེ་ཤེས་རྒྱལ་བ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཀྱི་ལྟ་སྒོམ་གྱི་འཇོག་མཚམས་ཅུང་ཟད་མི་འདྲ་བའི་འདུལ་བ་ལྡེ་གཉིས་ཤིན་ཏུ་དར་བ་བྱུང་། དེ་ཡང་ཡ་གོང་བས་ཟང་ཟང་ལྷ་རྩེ་ལ་སོགས་གནས་སྡེ་ཉི་ཤུ་རྩ་དགུར་འཕེལ་ཞིང་། ཕམ་ཤི་བའི་རྒྱུད་པས་ར་ཟ་གཡུང་དྲུང་རོལ་བ་ལ་སོགས་གནས་སྡེ་སུམ་ཅུ་རྩ་བརྒྱད་དུ་འཕེལ་བའོ། །དེ་ཡན་ཆད་ནི་བོན་སྔ་དར་གྱི་དུས་ཡིན་ནོ་ཞེས་པ་རྣམས་ཀྱིས་སྔོན་བྱུང་དུས་རབས་ནང་དུ་བོད་ལ་འདུལ་བསྟན་དར་ལུགས་གསལ་བར་བསྟན་པ་ཡིན་ནོ། །

༦༽ བར་གྱི་ལྡིང་གཉིས་ཐ་མའི་སྐུ་ཐོག་ཏུ་ཞང་ཞུང་ནས་བོད་དུ་སླར་ཡང་བོན་བསྟན་དར་ལུགས།

      བར་གྱི་ལྡིང་གཉིས་སམ་ཏྲི་རྒྱལ་ལོ་ངམ་བརྩིས་པའི་ལྡིང་གསུམ་གྱི་ཐ་མ་སྤུ་ལྡེ་གུང་རྒྱལ་ཁོང་གིས། ཞང་ཞུང་ཡུལ་ནས་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་གཙོས་པའི་རིག་འཛིན་གྲུབ་ཆེན་མང་པོ་བོད་དུ་གདན་དྲངས་ཏེ། ཡབ་ཀྱིས་རྒྱལ་བསྟན་བསྣུབས་པ་ལ་སེམས་གཏིང་ནས་འགྱོད་བཤགས་བྱས་པ་དང་། བོན་གཤེན་ལ་སྔར་བཞིན་ཆེ་བའི་གཙིགས་བྱིན་ཞིང་། མཆོད་གནས་གསས་ཁང་ཆེན་པོ་ལྔ་བཅུ་ཕྲག་གསུམ་ལས་བརྒལ་བའི་རྟེན་བཞེངས་གནང་ལ། ཞང་ཞུང་གི་རྒྱུ་འབྲས་ཐེག་པའི་བོན་གཞུང་གྲངས་འདས་ཤིག་དར་སྤེལ་མཛད་ནས། དུས་རབས་བར་མའི་དབུ་ལ་བོན་ཁྲིམས་འཛུགས་པའི་ཐོ་ཆེན་ལྟ་བུར་གྱུར་བའི་སྐབས་དེར། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་བྱས་རྗེས་བླ་ན་མེད་པར་བཞག་པ་ནི། «ཡོངས་རྩེའི་འགྲེལ»ལས། ཡུལ་ཡར་ལུང་ངང་པ་ཐང་དུ། སྲས་སྤུ་ལྡེ་གོང་རྒྱལ་གྱིས། ཟ་འོག་གི་ཐུག་སྦྲ་ཆེན་མོ་ཕུབ། སློབ་དཔོན་སྟོང་རྒྱུང་ལས་སོགས་གཤེན་པོ་མང་པོ་གདན་དྲངས་ཏེ། བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་དུ་བྱོན་ནས། དུར་ཡར་ལུང་དུ་བཏབ་སྟེ། རྒྱལ་དུར་ལ་སྔ་བ་དེ་ཡིན་ནོ། །ཡབ་ཀྱིས་བོན་ལ་སྡང་ཡང་། ངས་བོན་དར་དུ་བཅུག བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུག་ཟེར་ཏེ། དེ་ལེགས་བྱས་པས། ཐོ་ལེགས་བཙན་པོ་ཞེས་ཀྱང་བྱའོ་ཞེས་གསུངས། ས་སྐྱའི་ཁྲི་རབས་བཅུ་གསུམ་པ་སྨྲ་དབང་བསོད་ནམས་རྒྱལ་མཚན་མཆོག་གིས་ལྗགས་རྩོམ་གནང་བའི«རྒྱལ་རབས་གསལ་བའི་མེ་ལོང་»(p57)ལས། རྒྱལ་བློན་འདི་གཉིས(སྤུ་ལྡེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས)ཀྱི་དུས་སུ། གཡུང་དྲུང་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད། བོན་ལ་རིགས་དགུ་རུ་ཕྱེ་སྟེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་ལ་རིགས་ལྔའོ། །འབྲས་བུའི་བོན་རིགས་ལྔ་ནི། གཡུང་དྲུང་ཐེག་པ་བླ་ན་མེད་པ་ལ་བཞུགས་པ་སྟེ། བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་པར་འདོད་དོ། །རྒྱུའི་བོན་པོ་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན། ཕྱ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ཞེས་འཁོད་འདུག «བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་ཕྲེང་»(p22)ལས། སྤུ་ལྡེ་ཡག་པས(སྤུ་ལྡེ་གུང་རྒྱལ)རྒྱལ་ས་ནོན་པར་གྱུར། བོན་ལ་སྔར་བཞིན་ཆེ་བ་གནང་ནས་སུ། རྒྱལ་གཤེན་བསྟན་པ་རབ་ཏུ་དར་བར་མཛད། གསས་ཁང་ཆེན་པོ་བརྒྱ་དང་དྲུག་ཅུ་བཞེངས་ཞེས་གསུངས་པས་རྟོགས་ཐུབ། ཡང་མེ་ཉག་གི་བོན་པོ་དཔལ་ལེགས་རྒྱལ་མཚན་དང་མཚེ་མི་རིང་སྐྱོལ་པོ་གཉིས། ཞང་ཞུང་ཡུལ་དུ་བརྫངས་ནས། སྤྱིར་གཞུང་ལུགས་ཀུན་ལ་མཁས་ཤིང་ཁྱད་པར་དུ་འབུམ་དང་བོན་སྒོ་བཅུ་གཉིས་ཐུགས་ལ་ཆུད་པའི་སྟོན་པ་མུ་ཁྱུང་རྒྱན་དང་། གསང་སྔགས་ཟབ་མོའི་དོན་ལ་གྲུབ་པ་བརྙེས་པའི་སྟོན་པ་ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་ལ་རིན་པོ་ཆེའི་ཞབས་ཏོག་ཕུལ་ཏེ་གདན་འདྲེན་ཞུས་པས། ཞང་ཞུང་གི་བོན་གཞུང་མདོ་དང་། འབུམ། མཛོད། ཐེག་པ་ཐ་དད་ཀྱི་བོན་སྒོ་མང་པོ་བོད་དུ་བསྒྱུར་{23}ནས་སླར་ཡང་རྒྱལ་བསྟན་རྒྱས་པར་སྤེལ་ཏེ། «གླིང་གྲགས»ལས། ཡབ་ཀྱིས་བོན་ལ་སྡང་ཡང་། ངས་བོན་དར་དུ་འཇུག བོན་ཁྲིམས་སྲིད་པའི་ཐོ་ཆེན་འཇུག་དགོས་ཞེས་གསུངས་ཏེ། དུས་དེར་བོན་བསྟན་དར་རྒྱས་སུ་སྤེལ་བར་དགོངས་པ་ལ། གཏེར་བདག་དང་ལྷ་སྲིན་གྱིས་མ་བསྒྲིབས་པའི་བོན་ཁ་ཡར་ལས་གཏེར་ནས་མ་ཐོན་པས་ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང་། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང་། བོན་སྒོ་བཅུ་གཉིས་དང་། བོན་གྱི་མཛོད་མང་པོ་དང་། ཕྲ་མོ་བཅུ་དང་། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་ཞེས་གསུངས་དང་། ལྷག་པར་བོད་དང་ཞང་ཞུང་གི་རུ་མཚམས་གཙང་བྱེ་མ་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོ་རུ། ཞང་ཞུང་གི་སྒྲ་བསྒྱུར་སྨྲ་བ་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རི་དབུ་ཆེན་ལ་བོན་སྒོ་མང་དུ་བཤད་ཅིང་བསྒྱུར་ནས་བོན་བསྟན་སྤེལ་བའི་ཚུལ་ནི། «བདལ་འབུམ»ལས། ཡུལ་བྱེ་མ་གཡུང་དྲུང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རི་དབུ་ཆེན་ལ། བོན་ཁྲི་སྡེ་བཤད་ཅིང་བསྒྱུར་ཅེས་གསལ་བར་བསྟན་ཏོ། །

༧༽ ས་ལ་ལེགས་དྲུག་གི་སྐུ་རིང་དུ་ཞང་ཞུང་གི་བོན་བསྟན་བོད་དུ་རྒྱས་ཚུལ།

      ས་ལ་ལེགས་དྲུག་རིམ་བྱོན་རྒྱལ་རབས་ཀུན་གྱིས་གདུང་རྒྱུད་བཅུ་གསུམ་{24}གྱི་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་བོན་གཞུང་ཟང་མར་སྤྱོད་ཅིང་། དེ་དག་བོད་ཁམས་སུ་སྔར་ལས་ལྷག་པ་འཕེལ་རྒྱས་བྱུང་སྟེ། ཏི་སེ་རིག་མཛོད་«བསྒྲགས་པ་རིན་ཆེན་གླིང་གྲགས»(p115)ལས། དེ་ཡན་ཆད་ས་ལ་ལེགས་དྲུག་བྱ་བ་ལགས་སོ། །སྤྱོད་པ་ནི་གཡུང་དྲུང་གི་བོན་ཟང་མར་སྤྱོད་དོ་ཞེས་གསུངས། «བྱམས་མ»ལས། བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་བོན་དར་ཏེ། ཕ་རྒྱུད་ལུང་ཆེན། ལྟ་བ་རྫོགས་ཆེན། བྱང་སེམས་ཐེག་ཆེན། གསས་མཁར་རྒྱུད་ཆེན། ཀུན་གསལ་བྱམས་ཆེན། འབུམ་ཁོག་དབང་ཆེན། བཤད་སྡེ་གཞུང་ཆེན། རྩེ་འདུས་ཁོག་ཆེན། སྡེ་ལྔ་མདོ་ཆེན། གསང་ཆེན་དབལ་ལུང་། རྒྱས་ལྔ་འབུམ་ཆེན། སྡེ་བཞི་གཟུངས་ཆེན། རིག་པའི་གནས་ཆེན་རྣམས་དར་ཏེ། བོན་ཐེག་པ་དགུ་ལ་སྤྱོད་ཅེས་བཞེད་པ་རྣམས་ཀྱིས་རྟོགས་ཐུབ་པ་ཡིན་ནོ། །

༨༽ ཆུ་ལ་ལྡེ་བརྒྱད་སྐུ་རིང་ཞང་ཞུང་ནས་བོད་དུ་སྔར་ལས་བོན་བསྟན་རྒྱས་ལུགས།

      ཆུ་ལ་ལྡེ་བརྒྱད་རིམ་བྱོན་གྱི་རྒྱལ་རབས་རེ་རེར་ཞང་ཞུང་གི་སྐུ་སྲུང་བོན་གཤེན་རེ་བྱུང་ཞིང་། མཐོ་སྒང་གི་བཙན་པོ་ཡབ་མེས་གོང་མ་རྣམས་ཀྱིས། བླ་ན་བཀུར་བའི་གཤེན་བསྟན་མ་ཉམས་གོང་འཕེལ་དང་། དགེ་སྒྲུབ་འདུ་གནས་སམ་མཆོད་གནས་ལྷ་ཁང་གང་མང་ལེགས་གྲུབ་མཛད་ལ། བོན་གཞུང་འབུམ་སྡེ་མང་པོ་ཞང་ཞུང་ནས་སླར་ཡང་བོད་དུ་དར་རྒྱས་ཕུན་སུམ་ཚོགས་པར་གྱུར་ཡོད་དེ། ཏི་སེ་རིག་མཛོད«དར་རྒྱས་གསལ་སྒྲོན»(p299)ལས། ཨི་ཤོ་ལེགས་དང་དམུ་ལྕམ་སྨད་ལེགས་ཀྱི་སྲས། ཟ་ནམ་ཟིན་ལྡེ། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་སྲུང་། ཟ་ནམ་ཟིན་ལྡེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས། ལྡེ་འཕྲུལ་ནམ་ཞུང་བཙན། ཞང་ཞུང་མཚེ་མི་ཀུན་སྣང་གིས་སྐུ་སྲུང་། ལྡེ་འཕྲུལ་ནམ་ཞུང་བཙན་དང་སེ་གཉན་མང་མོའི་སྲས་སེ་སྣོལ་གནམ་ལྡེ། ཞང་ཞུང་དོན་རྟོགས་རྒྱལ་པོས་སྐུ་སྲུང་། སེ་སྣོལ་གནམ་ལྡེ་དང་ཀླུ་ཐུང་མེར་མོའི་སྲས་སེ་སྣོལ་པོ་ལྡེ། ཞང་ཞུང་ཨ་པོ་གཙུག་ཕུད་ཀྱིས་སྐུ་སྲུང་། སེ་སྣོལ་པོ་ལྡེ་དང་འོད་ཟ་ཏི་མོ་མཚོའི་སྲས་ལྡེ་སྣོལ་ནམ། ཞང་ཞུང་ཨ་ལ་དན་ཅིས་སྐུ་སྲུང་། ལྡེ་སྣོལ་ནམ་དང་ཁྲི་སྨན་རྗེ་མའི་སྲས་ལྡེ་སྣོལ་པོ། ཞང་ཞུང་ཏ་ར་མ་ཧ་ཏིས་སྐུ་སྲུང་། ལྡེ་སྣོལ་པོ་དང་ས་བཙུན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། ཞང་ཞུང་ད་པ་ཧ་ཏིས་སྐུ་སྲུང་། ལྡེ་རྒྱལ་པོ་དང་སྨན་བཙུན་ལུང་གོང་གི་སྲས་ལྡེ་སྲིན་[སྤྲིན]བཙན། ཞང་ཞུང་མུ་ལ་མ་ཧོས་ཀྱིས་སྐུ་སྲུང་། དེ་དག་ནི་ཆུ་ལ་ལྡེ་བརྒྱད་དེ། བང་སོ་ཆུ་བོའི་གཞུང་ལ་བཏབ། བོན་འབུམ་སྡེའི་གཞུང་དར། ལྷུན་གྲུབ་དབྱིངས་ཀྱི་གསས་ཁང་ལ་སོགས་པ་བཞེངས་སོ་ཞེས་གསུངས་པས་ངེས་ཤེས་སྐྱེ་ནུས་པ་ཡིན་ནོ། །

༩༽ བར་གྱི་བཙན་ལྔའི་དུས་རབས་ནང་དུ་ཞང་བོད་ཀྱི་འབྲེལ་འདྲིས།

      སྤྱིར་བར་གྱི་བཙན་ལྔའི་དུས་རིམ་ནང་སྔར་བཞིན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་ཡོད་ལ། ནང་དགོས་སུ་བཙན་ལྔའི་ཐོག་མ་བོད་རྒྱལ་ཏོ་རོ་ལོ་བཙན་སྐུ་ཐོག་ཏུ། བོད་ཙམ་དུ་མ་ཟད་གཡུང་དྲུང་བྱེ་མ་ཚལ་ལྟ་བུ་ཞང་ཞུང་ཡུལ་ཕྲན་འགའ་རེ་ལའང་། དད་རྟེན་གཞལ་ཡས་ལྷ་ཁང་བཞེངས་ནས་བོན་བསྟན་ལ་སྲི་ཞུ་བསྒྲུབས་ཡོད་ཅིང་། ལྷག་པར་དུ་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་བཙན་ལྔའི་ནང་ཚན་ཁྲི་ཐོག་རྗེ་བཙན་ཁོང་གིས། ཞང་ཞུང་བོན་གཤེན་བགྲང་ལས་མི་ཉུང་བ་ཞིག་ཁ་བའི་ལྗོངས་འདིར་ཕེབས་བསུ་ཞུས་པ་དང་། བོད་ཡུལ་ཕྱོགས་བཞི་ལ་ལྷ་རྟེན་གསས་མཁར་བརྩིགས། འབུམ་སྡེའི་གླེགས་བམ་མང་པོ་འབྲི་བཞེངས་གནང་བའི་ལེགས་དོན་བསྒྲུབས། ཞང་བོད་གཞུང་འབྲེལ་བརྒྱུད་ལམ་ནས་བོན་སྲིད་གཉིས་ཆའི་མཐུན་འབྲེལ་གྱི་ལག་གདང་ཟམ་མོ་དམ་དུ་སྦྲེལ་ནས། མདུན་བསྐྱོད་ཀྱི་མིག་རྒྱང་རིང་མོའི་བགྲོད་ལམ་དུ། སྟོབས་ཤུགས་ཡོད་ཚད་ཀྱིས་གོམ་སྟབས་བསྒྱུར་ཏེ་འཕེལ་རྒྱས་ཕྱོགས་ལ་བསྙེགས་པའི་ཚུལ་ནི། ཏི་སེ་རིག་མཛོད་«དར་རྒྱས་གསལ་སྒྲོན»(p299)ལས། ཏོ་རོ་ལོ་བཙན་མན་གྱི་རྒྱལ་རབས་བཞིའི་རིང་། ཞང་ཞུང་གི་ཡུལ་གཡུང་དྲུང་བྱེ་མ་ཚལ་དུ། ལྷུན་གྲུབ་དབྱིངས་ཀྱི་གསས་ཁང་ལ་སོགས་བཞེངས་སོ་ཞེས་གསུངས་པ་དང་། «གཡུང་དྲུང་བོན་གྱི་རྒྱུད་འབུམ»£¨ཀ30ཤ16£©ལས། དེ་ནས་ཁྲི་ཐོབ་ནམ་བརྩན(ཁྲི་ཐོག་རྗེ་བཙན)གྱིས་ཞང་ཞུང་གི་གཤེན་པོ་མང་པོ་གདན་དྲངས། འབུམ་དང་གསས་མཁར་ཕྱོགས་བཞིར་བརྩིགས། བོད་དང་ཞང་ཞུང་གཅིག་ཏུ་བསྡེབས། བོན་དར་ལ་རྒྱས་པར་མཛད་པས་རྗེ་ཡང་སྐུ་ཚེ་རིང་། འབངས་ཀྱང་འོག་ནས་སྐྱིད་པ་ལགས་སོ་ཞེས་པས་ངེས་ཤེས་སྐྱེ་ཐུབ་བོ། །

༡༠༽ ཕུན་ཚོགས་བོན་རྒྱལ་བཞིའི་སྐུ་རིང་ལའང་ཞང་ཞུང་སངས་རྒྱས་ཆོས་ལུགས་བོད་དུ་འཕེལ་རྒྱས་སོང་བའི་གནས་སྟངས།

      བོད་ཀྱི་རྒྱལ་ཐོག་ཉེར་བཞི་བ་སྲོང་བཙན་སྒམ་པོའི་ཡབ། གནམ་རི་སྲོང་བཙན་ཡན་གྱི་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་སྐུ་རིང་ལ། སྔ་སྲོལ་བཞིན་དུ་ཞང་ཞུང་སངས་རྒྱས་ཆོས་ལུགས་ལ་བཀུར་སྟི་{25}དང་གདེང་འཇོག མཐོང་ཆེན་དང་གཙིགས་འཛིན། རང་རང་བློ་དང་འཚམས་པས་ཕྱི་ནང་གསང་གསུམ་གྱི་གཞུང་ལ་ཚུལ་བཞིན་སྤྱད་ཡོད་ལ། བྱེ་བྲག་ཏུ་ངོ་མཚར་བཀའ་བཞིའི་བོན་རྒྱས་པ་འབུམ། འདུལ་བ་རྒྱུད་དྲུག མངོན་པར་སྡེ་བཞི། མཚན་ཉིད་སྡེ་ལྔའི་གཞུང་རྣམས་ལ་མཁས་པའི་བོན་གཤེན་སྐྱེས་ཆེན་དམ་པ་མང་དུ་བྱོན་ཏེ། «བྱམས་མ» (p71)ལས། དེའི(ཐོ་ཐོ་རི་སྙན་བཙན)སྲས་ཁྲི་གཉན་ཟུང་བཙན། སྟག་གུ་ཉན་གཟིགས། འབྲོང་གཉན་ལྡེ་རུ། གནམ་རི་གོང་བཙན་དང་བཞིའི་རིང་ལ། བསྟན་པ་ཆེ་ཞིང་ཁྲིམས་བཙན་པར་ཡོད་པས། ངོ་མཚར་མཁས་པ་བཀའ་བཞིའི་བོན་དར་ཏེ། རྒྱས་པ་འབུམ་ལྔ་ལ་མཁས་པ་དང་། འདུལ་བ་རྒྱུད་དྲུག་ལ་མཁས་པ་དང་། མངོན་པར་སྡེ་བཞི་ལ་མཁས་པ་དང་། མཚན་ཉིད་སྡེ་ལྔ་ལ་མཁས་པའི་གཤེན་ཆེན་གྲངས་མེད་པ་བྱུང་ངོ་ཞེས་པས་གསལ་བར་བསྟན། ཁྱད་པར་དུ་གནམ་རི་སྲོང་བཙན་གྱིས་གཞུང་འབྲེལ་བརྒྱུད་ནས་བོད་ཀྱི་བློ་རིག་གསལ་བའི་སྐྱེས་བུ་འགའ་རེར་དཀོར་ནོར་གསེར་བྱེའི་ཡོན་བཅས་བསྐུར་ནས་ཞང་ཞུང་གི་མཁས་པ་བཞི་ལ་འབྲེལ་གཏུགས་བྱས་པའི་ལོ་རྒྱུས་ཡོད་དེ། «རྩ་རྒྱུད་ཉི་སྒྲོན»(p151)ལས། ལྷ་སྲས་གནམ་རི་སྲོང་བཙན་གྱི་རིང་ལ། ལྷ་སྲས་ཀྱིས་སྔར་བོན་དར་བ་སྤྱད་པས་བཀྲ་ཤིས། ཡང་ཞང་ཞུང་གི་ཡུལ་དུ་བོད་ཀྱི་བོན་པོ་རིག་པ་གསལ་བ་ཁྱུང་པོ་སྟག་སྒྲ་དུང་གཙུག སྙན་ལི་ཤུ་སྟག་རིང་། སྤེ་བོན་ཤོད་བཀྲམ། གཅོ་བོན་ཁྲི་གཙུག་ཁྱུང་དྲག་བཞི་ལ་གསེར་བྱེ་འབྲོང་རུ་གང་བསྐུར་ནས། ཞང་ཞུང་ཡུལ་དུ་བོན་ཚོལ་བཏང་བས། གཤེན་པོ་དེ་བཞི་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཞེས་ཞལ་གསལ་དུ་བསྟན་པ་མངོན་ནོ། །

      མཇུག་མཐར་ཞང་བོད་ཀྱི་འབྲེལ་བ་ལ་རྒྱུས་ལོན་བྱེད་པ་སྟབས་བདེར་ཡོང་བའི་ཆེད་དུ། བོད་རྒྱལ་ཐོག་མ་ཉག་ཁྲི་བཙན་པོའི་ཡབ་མེས་ཡབ་བླ་བདལ་དྲུག་ནས་བོད་ཀྱི་རྒྱལ་རབས་ཉེར་གསུམ་པ་གནམ་རི་སྲོང་བཙན་ལ་ཐུག་གི་བཙན་པོའི་གདུང་རབས་རིམ་བྱོན་རྣམས་དང་། དེ་དག་གི་བཙུན་མོ། འདྲེན་པའི་སྐུ་གཤེན་དང་བཅས་པ་བཀོད་པའི་རེའུ་མིག་གཤམ་གསལ། 

      དེ་ལྟར་རེའུ་མིག་ཏུ་འཁོད་པ་འདིས་བོད་རྗེ་ཐོག་མ་ཉག་ཁྲི་བཙན་པོའི་ཡབ་དང་མེས་པོ་ནས་བཟུང་ཞང་ཞུང་དང་གཉེན་ཉེའི་འབྲེལ་བ་དམ་པོར་བཞག་ཡོད་པ་མ་ཟད། རྒྱལ་རབས་ཕྱི་མའི་དུས་སྐབས་སུའང༌ཞང་བོད་བར་ལ་གཉེན་མཐུན་ཟབ་མོ་ཆགས་ཡོད་པ་གསལ་བོར་བཤད་ཡོད་ལ། ལོ་རྒྱུས་ཡོངས་གྲགས་སུ་རྒྱལ་གོང་ན་བོན་གཉན་ཞེས་པ་ལྟར་བོད་རྒྱལ་རིམ་བྱོན་རྣམས་ཀྱིས་ཆེས་ཆེར་གཙིགས་འཛིན་ཐོབ་པའི་སྐུ་གཤེན་རིག་འཛིན་ཕལ་མོ་ཆེ་ཡང་ཞང་ཞུང་དང༌དེ་དང་འབྲེལ་ཡོད་ཤ་སྟག་ཡིན་ལུགས་ཤེས་ཐུབ་པར་ངེས།
      དེས་ན་ཞང་བོད་བར་ལ་ཆོས་ལུགས་དང༌ཆབ་སྲིད། དམག་དོན། རིག་གནས། དཔལ་འབྱོར། མང་ཚོགས། གཉེན་བསྡེབས་སོགས་ཀྱི་འབྲེལ་བ་ཤིན་ཏུ་གཏིང་ཟབ་བྱུང་ཡོད་པ་མངོན་གསལ་དོད་པོ་དང་ལོ་རྒྱུས་ཡོངས་གྲགས་ཤིག་ཡིན་མོད། དངོས་དོན་དེ་དག་ཆེས་སྔོན་བྱུང་གི་ལོ་རྒྱུས་དང༌། ཞང་ཞུང་རྒྱལ་ཁབ་གཞི་སྟོང་གྱུར་ནས་ཧ་ཅང་དུས་ཡུན་རིང་པོ་འདས་པའི་རྐྱེན་གྱིས་ཞིབ་ཕྲའི་ལམ་ནས་འདི་ཞེས་བཤད་དཀའ་ལ། ཚོད་དཔག་ཙམ་གྱིས་དེ་བས་ཐག་གཅོད་བྱེད་མི་ནུས་པར་སེམས། འོན་ཀྱང༌། མ་འོངས་པར་ཞང་ཞུང་དང་འབྲེལ་བའི་རིག་རྫས་སྔོག་འདོན་བྱས་པ་སོགས་ལ་ཞིབ་འཇུག་ལེགས་པར་གནང་སྟེ། ཡ་ཐོག་གི་གཞི་རྩའི་ལོ་རྒྱུས་ཕྲ་རྒྱས་སུ་གཏན་ལ་དབབ་ནས་གསལ་བོར་བཤད་ཐུབ་པའི་དུས་སྐབས་ཤིག་ཅི་ནས་ཀྱང་འོང་སྲིད་པར་ངེས་སོ། །
                               སླར་སྨྲས་པ།

གཟུར་གནས་བློ་གྲོས་ཏིང་འཛིན་མ་གཡོས་ངང༌། །སྔོན་བྱུང་རྒྱལ་རབས་གསེར་ཕྲེང་བསྟར་བ་འདིར། །
དཔྱོད་ལྡན་དགེ་སྒྲུབ་སྐྱེས་བུ་སུ་ཡིས་ཀྱང༌། །ལོ་རྒྱུས་བསྙེན་འཛབ་བགྲང་བ་ཤིན་ཏུ་དཀོན། །

ཟུར་མཆན་རྒྱབ་སྐྱོར་ཡིག་ཆ།
      {1} «གནའ་བོའི་ཞང་བོད་ཚིག་མཛོད»(p375)ལས། ¡®ཞང་¡¯ཞང་སྐད་དུ་ཡུལ་ལམ་ལུང་པ་ཞེས་གསུངས།
     {2} ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«གླེང་གཞི་བསྟན་པའི་བྱུང་ཁུངས»སུ། ཤེལ་བྲག་རིའི་གཏེར་བོན་ལུང་དྲངས་པ་ལས། དེ་ནས་མ་སངས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཀ་གཡའ་དྲུག་ཏུ་བཏགས་སོ། །དེའི་དུས་སུ་གཉན་བོན་ཐང་ཐང་འཁྲོལ་བ་དང༌། གཉན་གསུམ་ཐོད་དེ་རྒྱལ་བ་ལ་སོགས་པ་བྱུང་ནས། མ་སངས་མཆེད་དྲུག་ལ་སོགས་པས་བཀུར་སྟི་བོན་ལ་བགྱིས་ཏེ། མ་སངས་ཀྱི་གོང་ན་ཡང་གཤེན་གཉན་པ་ལགས་སོ། །དེ་ནས་ཟ་རང་གི་བུ་བྱེད་སྐྱེ་བུ་དྲུག་གིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་བྱིས་ཡུལ་དབྱེ་ཚན་སྡེ་བརྒྱད་དུ་བཏགས་སོ། །དེའི་དུས་སུ་སྡེ་བོན་བྱེད་མཁན་བརྩན་པ་བྱུང༌། སྐྱེ་བུ་རྩོལ་བོ་ལེགས་པས་བཀུར་སྟི་བོན་ལ་བགྱིས་ཏེ། དེའི་གོང་ན་བོན་དང་གཤེན་གཉན་པ་ལགས་སོ། །དེ་ནས་རྒྱལ་སིལ་མ་བཅུ་གཉིས་ཀྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་ཡང་ཧོས་པོ་ཁ་བརྒྱད་བྱ་བ་ལགས་སོ། །དེའི་དུས་སུ་རྒྱལ་བོན་ཐོད་དཀར་བྱུང་སྟེ། རྒྱལ་གྱིས་བཀུར་སྟི་བོན་ལ་བགྱིས་ཏེ། རྒྱལ་གོང་ན་བོན་དང་གཤེན་རབ་གཉན་པ་ལགས་སོ། །དེ་ནས་བོད་ཀྱི་སྤུ་རྒྱལ་བཙད་པོས་མངའ་བགྱིས་ཏེ། ཡུལ་གྱི་མིང་ཡང་བོད་ཡུལ་སོག་ཁར་བཏགས་སོ། །དེའི་དུས་སུ་རྗེ་གཉའ་ཁྲི་བཙད་པོ་གནམ་གྱི་ལྷ་ལས་མིའི་རྗེ་བོ་རུ་གཤེགས་ཏེ། ཕ་བ་འཚེ་གཅོ་གཉིས་ཀྱིས་སྐུའི་རྟེན་མཛད་དེ། རྗེ་གཉའ་ཁྲི་བཙད་པོས་བཀུར་སྟི་དང་མོས་པ་བོན་ལ་བགྱིས་པས། རྗེ་གོང་ན་གཤེན་གཉན་པ་ལགས་སོ། །
      {3} བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་བསྐུན་གནང་བའི་དེབ་ཕྲེང་གསུམ་པར(p156)དགེ་འདུན་ཆོས་འཕེལ་གྱིས་གོ་བདེར་མཛད་པའི«ཏུན་ཧོང་ཡིག་ཆ»ལས། ལྷ་གནམ་གྱི་སྟེང་ནས་གཤེགས་པ་གནམ་ལྷབ་ཀྱི་བླ་ན་ཡབ་བླ་བདག་དྲུག་བཞུགས་པ་ལ་སྲས་གཅེན་གསུམ། གཅུང་གསུམ་དང༌། ཁྲིའི་བདུན་ཚིགས་དང་བདུན་ཡོད་པ་ལས། ཁྲི་བདུན་ཚིགས་ཀྱི་སྲས། ལྡེ་གཉའ་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རི་བྱང་ངོར་གཤེགས་ན། རི་རབ་ལྷུན་པོ་ཡང་དགུའ་དུང་དུད། ཤིང་སྡོང་པོ་ཡང་བང་ཐང་ཐང༌། ཆབ་ལུ་མ་ཡང་དོང་སིལ་སིལ། གོར་ཁ་བོང་ལ་སྩོགས་དང༌། ཕྱག་མཉེད་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ། །གནའ་མཐའ་འོག་རྗེ་བོ་མཛད་པའི་ཕྱིར་གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང༌། ཡུལ་བཟང་གྱི་འཛངས། ཆོས་བཟང་དུ་བྱེད། མྱི་དཔའ་ཏུ་སྐྱེས། རྟ་མགྱོགས་སུ་འཕེལ་བའི་གནས། བོད་གཡག་དྲུག་རྗེར་གཤེགས་སོ། །
      {4} «ཏུན་ཧུང་ནས་རྙེད་པའི་རྒྱལ་རབས་ཤོག་འཁྱལ»ལས། ལྷ་གནམ་གྱི་སྟེང་ནས་གཤེགས་པའི། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདལ་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲི་བདུན་ཚིགས་དང་བདུན། ཁྲིའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རི་གྱང་དོར་གཤེགས་ན། རི་རབ་ལྷུན་པོ་ཡང་དགུའ་དུད་དུད། ཤིང་སྡོང་པོ་ཡང་བང་ཐང་ཐང༌། ཆབ་ལུ་མ་ཡང་སྔོ་སིལ་སིལ། གོར་ཕ་བོང་ལ་སྩོགས་པ་ཡང་མཉེད་ཁྲུངས་ཁྲུང་གིས་ཕྱག་འཚལ་ལོ། །བོད་ཀ་གྱག་དྲུག་གི་རྗེར་གཤེགས་སོ། །
      {5} ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི«མདོ་གཟེར་མིག»(p593)ལས། སྟོན་པ་གཤེན་རབ་མི་བོ་ནི། སྣང་སྲིད་མེ་ལོང་གཡའ་དག་པ་བཞིན་དུ་གསལ་བ་ཡིན་པས། བདུད་ཀྱི་ཆོ་འཕྲུལ་དུ་མཁྱེན་ཏེ། བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་ཅན་གྱི་རིགས་འཁོར་དུ་བཅད་པར་དགོངས་ནས། རྟ་ཡི་རྗེས་སུ་བྱོན་ནོ། །
      {6} «འབེལ་གཏམ་ལུང་སྙིང་»(p23)དུ་ལུང་དྲངས་པའི«གཡུང་དྲུང་བོན་གྱི་བསྟནའབྱུང་»(p110)ལས། ཕྱི་མ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང༌། སྨད་སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་དང༌། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན་ཞེས་སོ། །
      {7} «སྐྱབས་སྟོན་ཁྲོ་འགྲེལ»(p31)ལས། སྤྱིར་ཞང་ཞུང་དང་བོད་གཉིས་དང་པོ་ས་བགོས་ལ། གཙང་ཁ་རག་ཡན་མན་ཡིན་ལ། ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་སུམ་པའི་སྟོང་བུ་ཆུང་ཡར་དེའི་མངའ་རིས། མར་པ། སྟག་ལོ་གུ་རིབ་ཁྱུང་བྱིད། ཁྱུང་པོ། འུ་སངས། སུམ་པའོ། །ཞེས་བསྟན་པ་དང༌། «གསས་མཁར་སྤྱི་སྤུངས་རྒྱུད»ལས། འོལ་མོ་ལུང་རིང་ལྷོ་ཕྱོགས་ན། རྒྱ་གར་ཤམ་བྷ་ལ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེའི་ནུབ་ཨུ་རྒྱན་གྱི་ཡུལ་ཡོད། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་ན་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་རྩ་རི་རྩ་ཀོང་ཡོད། ལྷོ་ནུབ་ན་མུ་སྟེགས་སྲིན་པོའི་གླིང༌། བྱང་ནུབ་ན་མཁྲོ་མའི་གླིང་། བྱང་ཕྱོགས་ན་སྟག་གཟིག་བོན་གྱི་ཡུལ། བྱང་ཤར་ན་ཁ་ཆེའི་ཡུལ་ཡོད།
      {8} གངས་ཏི་སེ་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོའི«བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ»(p456)ལས། གངས་རིའི་ནུབ་ཏུ་གུ་གེ་དང་གྲུ་གུའི་ཡུལ་གྲུ་ཆགས་ཤིང༌། ཨོ་རྒྱན་དང་བྲུ་ཤ་ཐོད་གར་རྣམས་ནི་དེའི་ཡུལ་ཕྲན་ནོ། །ལྷོ་རུ་རྒྱ་གར་ཡོད་ཀྱང་མོན་དང་བལ་པོ་སོགས་ནི་དེའི་ཡུལ་ཕྲན་ནོ། །བྱང་དུ་ཡུལ་ཁམས་སྟོང་པ་ཇི་སྙེད་ཅིག་ཡོད་ལ། དེ་ནས་ཧོར་གྱི་རྒྱལ་ཁམས་ཆགས་ཤིང༌། ལི་ཡུལ་དང༌། ལྗང་གར། སོག་པོ་སོགས་ནི་མིང་གི་རྣམས་གྲངས་སོ། །ཤར་དུ་མ་ཧཱ་ཙི་ན་ཞེས་རྒྱ་ནག་གི་ཡུལ་གྲུ་ཆགས་ལ། འཇང་དང༌། མེ་ཉག་སོགས་ནི་དེའི་ཡུལ་ཕྲན་ནོ་ཞེས་གསུངས།
       {9} «འབེལ་གཏམ་ལུང་སྙིང་»(p24)ནས། སྦལ་ཏེ། རྐང་ཕྲན། ལ་དྭགས། ཟང་མཁར། གར་ཞ། ཉུང་ཏི། སྤི་ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག མགར་ཡང༌། ཚང་རོ། ཏི་དཀར། སླེ་མི་དང༌། ཝོམ་གློ། སེ་རིབ། དོལ་པོ། ཀྲུག་སྐྱེས་སོགས། ཀྵོར་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང༌། རུ་ཐོག གུ་གེ སྤུ་ཧྲེང་སྐོར་གསུམ་དབུས་བཟུང་བའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ། ཅི་ཤིང་ཅི་ན་གུ་རུབ་ཚོགས་ཅུ་དང༌། ར་སངས་ནག་ཙང་ཤང་གྱེར་བྱང་རྒྱུད་བཅས། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང༌། བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱོན།
       {10} «ཉེར་མཁོ་སྣང་བ»ལས། ཞང་ཞུང་ཕུག་པ་ནི་གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན། མེ་སག་གི་པར་སིག་དང༌། བྷ་དག་ཤན། བྷ་ལག་ཅེས་པའི་ཡུལ་ཁམས་འགའ་ཡོད་པ་དེ་རྣམས་ཡིན་པར་བཞེད་དོ། །
      {11} ཏི་སེ་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོ«བསྟན་འབྱུང་རིག་པའི་ཤན་འབྱེད»(p456)ལས། རྒྱ་ནག་དང་གངས་རིའི་བར་དུ་བོད་ཁ་བ་ཅན་ཆགས་ལ། དེ་ཡང་ལ་ཚིགས་ཆེན་པོ་བཞིས་བཅད་དེ། ཇི་སྐད་དུ། དུང་སྒང་བཞག་བྲ་ལྷ་རྩེ་ནི། ཤར་ཕྱོགས་རྒྱ་ཡི་ལ་ཚིགས་ཡིན། སྟག་ཆེན་བ་ལྭ་བྱ་བ་དེ། ལྷོ་ཕྱོགས་འཇང་གི་ལ་ཚིགས་ཡིན། ཕ་ཝང་རྨ་ལ་བྱ་བ་དེ། ནུབ་ཕྱོགས་མོན་གྱི་ལ་ཚིགས་ཡིན། ཆགས་སོ་གངས་དཀར་བྱ་བ་དེ། བྱང་ཕྱོགས་ཧོར་གྱི་ལ་ཚིགས་ཡིན། ལ་ཚིགས་ཆེན་པོ་དེ་བཞིའི་ནང་དུ་སྟོད་ལ་མངའ་རིས་སྐོར་གསུམ་ཡོད་དེ། ལ་དྭགས་གཡའ་ཡིས་བསྐོར། པུ་ཧྲང་གངས་ཀྱིས་བསྐོར། དམར་[མར]ཡུལ་ཆབ་ཀྱིས་བསྐོར་བའི་དབུས་ན་གངས་དཀར་ཏི་སེ་ལ་གངས་རི་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྟོད་ཀྱི་དམིགས་འཛིན་པའོ། །བར་ན་དབུས་གཙང་རུ་བཞི་ཡོད་དེ། དབུས་ལ་དབུས་རི་དང་རུ་ལག གཙང་ལ་གཡས་རུ་དང་གཡོན་རུ་སྟེ། དེ་དག་གི་རྒྱབ་ཏུ་གཉན་ཆེན་ཐང་ལྷ་ལ་གཉན་སྲས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་བར་གྱི་དམིགས་འཛིན་པའོ། །སྨད་དུ་མདོ་ཁམས་སྒང་དྲུག་སྟེ། སྨར་ཁམས་ཟེ་མོ་སྒང་དང༌། ལྷོ་རྫ་ཟེ་མོ་སྒང་དང༌། འབྲི་རྫ་ཟེ་མོ་སྒང་དང༌། ཤར་རྫ་ཟེ་མོ་སྒང་དང༌། ཟླ་སྒང་རིང་མོ། སྨ་སྒང་རིང་མོ་དང་སྒང་དྲུག་རྟ་རྒྱབ་གཤིབས་པ་འདྲ་བའི་ཀླུང་རྣམས་སུ་ཉག་ཤོད་རྒྱ་ཤོད་ལ་སོགས་ཤོད་ཆེན་བཅོ་བརྒྱད་དུ་ཆགས་ལ། དེ་དག་གི་སྨད་དུ་རྨ་གཉན་པོམ་ར་ལ་སྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྨད་ཀྱི་དམིགས་འཛིན་པའོ། །དེ་ཡང་བོད་དང་བོད་ཆེན་གཉིས་སུ་འདུ་ཞིང༌། དེ་དག་གི་ཤར་དུ་རྒྱལ་མོ་རོང༌། ལྷོ་ཚ་བ་རོང༌། ནུབ་ཏུ་ཀོང་པོ་རོང༌། བྱང་དུ་ཨཀྟ་རོང༌། གེ་ཁོད་གཉན་ལུང༌། རྡོ་བ་གེ་རིང༌། གེ་ཇེ་ཁ་བ་རོང༌། གངས་དཀར་གཡུ་ལོ་རོང་སྟེ་རོང་ཆེན་བརྒྱད་ནི། སྟག་གི་མཆེ་བས་བཅད་པ་ལྟ་བུར་གནས་པ་ནི་མ་འོངས་དུས་ཀྱི་འདུ་ལངས་སྐབས་བོད་རྣམས་བྲོས་པའི་སྦས་ཡུལ་ཡིན་ཀྱང་གསུངས་སོ། །
      {12} «རྩ་རྒྱུད་ཉི་སྒྲོན»(p147)ལས། ཕྱྭ་ཡབ་བླ་བདལ་དྲུག་གི་ཆུང་མ། དམུ་ལྕམ་མཆོང་རོན་མ་ལ། སྲས་ལེའུ་རྗེ་མཆེད་བདུན་བལྟམས་པའི་བདུན་ཚིགས་ཏེ། ཁྲི་བར་ལ་བདུན་ཚིགས་ཡིན། ཡབ་ཀྱིས་བོད་ཁམས་མིའི་རྗེ་རུ་བརྐོས། དེས་དམུ་ལྕམ་ཁབ་འབྲིང་མ་ཁབ་ཏུ་བཞེས། བུ་གཅིག་ཁོས་སྲེལ་མའི་ཁོང་ནས་སྨྲས། ང་བུ་འོང་ལམ། འདི་ནས་ཡར་མཆི་རུ། ཡུལ་ཆུང་ས་དོག་ཆེ། འདི་ནས་མར་གཤེགས་སུ། ཡུལ་སྨེ་ས་བཙོན་ཆེ། ཐད་དུ་ལམ་ཞིག་ཨེ་བརྡོལ་སྐད། མ་ཡིས་མཆིད་ན་རེ། བུ་གཅིག་དེ་མ་གསུངས། མ་ཡི་སྲོག་མ་གཅོད། སྲིད་པའི་ལམ་ལ་ཤོག བྱས་པས་མ་ཉན་ནས། མ་ཡི་གཉའ་བར་འབུར་ཞེས་སོ། །
      {13} «རྩ་རྒྱུད་ཉི་སྒྲོན»ལས། ཕྱྭ་བོན་དེ་སྐྱོང་གིས། ཕྱག་བཤན་ངར་ཕྱུང༌། གཉའ་བའི་གསང་དུ་བཀྲལ། དམུ་ཡི་བོན་པོ་གོང་ཆུང་གིས། དར་དཀར་ལྕིབ་ཀྱིས་བླངས། མིང་ནི་གཉའ་ཁྲི་བཙན་པོ་ལགས། «ཡོངས་རྩེའི་འགྲེལ»ལས། སྐུ་གཤེན་ནི་ཡ་ངལ་མཚེ་གཅོ་གསུམ། «ཡ་ངལ་གདུང་རབས»(p29)ལས། རྗེ་ཡི་སྐུ་གཤེན་བློན་ཆེན་ཡ་ངལ་གསས་སྐྱབས། ཐང་ནག་བོན་པོ། ཚེ་མི་གཡུང་དྲུང༌། བཅོ་གྱིམ་བུ་ལན་ཚ་བཞི་ཡིན་ཏེ། སྐུ་གཤེན་ཡ་ངལ་དེ་ཐུགས་ཆད་ནས། གནས་འདིར་བཞུགས་ས་མ་དགེ་ནས། རྗེ་སྤུ་ལྡེ་དང་མཉམ་དུ་རྐོང་ཡུལ་དུ་གཤེགས་སོ། །བོན་རི་ལ་དགོན་པ་བཏབ་ནས་བཞུགས་ནས། ཡང་དགོན་བྱ་བ་དུས་ད་ལྟའང་ཡོད།
      {14} «བྱམས་མ»ལས། ལྡོང་ལྷ་བོན་པོ་ལས་སོགས། ཤེས་པ་ཅན་བཅུ་གཉིས་ཀྱིས་རྒྱལ་སར་བཀུར་བས་བོད་ལ་སྔ་བའི་རྒྱལ་པོ་དེ་ཉིད་གཉའ་ཁྲི་བཙན་པོའོ། ། «ལྡེའུ་ཆོས་འབྱུང་»ལས། དུས་དེ་ཙམ་ན་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བྱེད་པ་ལ་རྒྱལ་ཕྲན་ཆེ་བ་མ་འཆམ་ནས་བོད་ཀྱི་རྗེ་མ་བཏུབ་པའི་དུས་སུ་ཞང་གསུམ་བློན་བཞི་ལ་སོགས་པ་དང་། ཤེས་པ་མཁན་མི་བཅུ་གཉིས་ཀྱིས་མཆིད་གྲོས་ནས་རྗེ་བཙལ་ཏེ། སྲིབ་ཀྱི་ལྷ་དཀར་མང་པོ་སྡེ་ལ་རྗེ་བཏུབ་པ་ག་ན་ཡོད་དྲིས་པས་སྨྲས་པ། གནམ་རིམ་པ་ལྔའི་སྟེང་ན་ལྡེ་གཉའ་ཁྲི་བཙན་པོ་བྱ་བ། ལྷའི་སྲས་པོ་རྨུའི་ཚ་བོ་ཡོད་པས་དེ་བདག་གིས་སྤྱན་དྲངས་ངོ་། །
      {15} «འདུལ་བ་གླིང་གྲགས»(p6)ལས། བཙུན་པ་ཕྲག་དོག་ཆེ་བའི་དབང་གིས་གཤེན་རབ་ཀྱི་གདུང་ལ་མ་འཆམ་ནས་སྡེ་རིགས་གཉིས་སུ་ཆད། ག་ཆུ་དང་འཕམ་ཤི་གཉིས་ཀྱིས་སྡེ་གཅིག་བཟུང༌། ཡ་གོང་དང་ལྡེ་བཙུན་གཉིས་ཀྱིས་སྡེ་གཅིག་བཟུང་ཞེས་བསྟན།
      {16} «མདོ་དྲི་མེད»ལས། ནམ་མཁའ་སྣང་བའི་མདོག་ཅན་ཁྱོད། དེ་དུས་དེ་དང་དུས་མཉམ་དུ། ཁ་བ་ཅན་གྱི་བོད་ཡུལ་དུ། ལྷ་རི་གྱང་ཐོ་བྱ་བ་རུ། ཁྲི་བདུན་པ་ལ་བདུན་ཚིགས་དང༌། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། གསང་བ་སྔགས་ཀྱི་བསྟན་པ་སྤེལ་ཞེས་གསུངས།
      {17} «འབེལ་གཏམ་ལུང་སྙིང»(p60)ལས། རྒྱལ་པོ་རང་ཉིད་ཀྱང་གཡུང་དྲུང་བོན་གྱི་མངའ་བདག་ལྟ་བུ་ཡིན་ཏེ། མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་རིམ་ཕལ་ཆེར་རྒྱལ་པོ་འདི་ལ་མ་ཐུག་པ་མེད་པ་ལྟ་བུ་ཞིག་རེད་ཅེས་སོ། །«རྒྱལ་གཤེན་ཡ་ངལ་གྱི་གདུང་རབས»(p25)ལས། གཉའ་ཁྲི་དང་ལྷ་སྨན་དཀར་མོ་ནམ་མཁའི་ཁམས་སུ་འཚོས་པ་ལས། སྲས་མུ་ཁྲི་བཙན་པོ་འཁྲུངས། དེ་ཡང་ཡབ་དམུ་ཐག་དང་དམུ་སྐས་ལས་བབ་ནས། ལྷ་རི་གྱང་མཐོའི་ཁ་ལ་བྱོན། ཡབ་ཀྱིས་སྤྱི་སྤུངས་གསང་བའི་ལུང་བསྟན་ནས། དཔོན་གསས་སྣང་བ་མདོག་ཅན་ལ་དབང་ཞུས། སྐུ་གཤེན་བཅོ་བུ་ཕྱག་དཀར་གྱིས་མཛད། ལྷ་རི་གྱང་མཐོའི་ཁ་ལ་གསས་མཁར་ཁོང་མ་ནེ་ཆུང་བཞེངས།
      {18} «སྒྲ་འགྲེལ»ལས། འདུ་གནས་སུམ་ཅུ་རྩ་བདུན་བཞེངས། གྲུབ་པ་མངོན་དུ་ཐོབ་པའི་གཤེན་དགུ། ཞང་ཞུང་དང་བོད་ཀྱི་སྒྲ་སྐད་སྒྱུར་བའི་མཁས་པ་མི་དགུ། རིག་འཛིན་གྱི་ས་ལ་གནས་པའི་ལོ་པཎ་གཤེན་བརྒྱད། རྒྱུད་ལུང་མན་ངག་ལ་འབྱོངས་པའི་མཁས་པ་ཉི་ཤུ། འཇིག་རྟེན་གྱི་ལྷ་འདྲེ་དབང་དུ་སྡུད་པའི་མཐུ་ཆེན་མི་དགུ། བཀའ་བློན་སྦྲགས་སུ་མཛད་པའི་བོན་ཆེན་བཞི་བཅུ་རྩ་གཉིས། དེ་ལ་སོགས་ཏེ་གཤེན་ཕྲན་གྲངས་ལས་འདས་པ་བཞུགས།
      {19} «གསས་མཁར་སྤྱི་སྤུངས་ཀྱི་བཤད་བྱང་»(p8)ལས། བོན་རྒྱལ་མུ་ཁྲི་བཙད་པོ་ལ་སོགས་བོན་གཤེན་དང་རིག་འཛིན་དེ་རྣམས་ཀྱིས་གསས་མཁར་རིན་ཆེན་ཐིག་ལེ་དབྱིངས་ཆེན་གཡུང་དྲུང་གསང་བ་མཐར་ཐུག་ཡི་དམ་བཀའ་ཆེན་བརྒྱད་ཀྱི་བསྟན་པ་རིན་པོ་ཆེ་ཡང་ཞེས་སོགས་སོ། །
      {20} ཏི་སེ་བོན་གཞུང་རིག་མཛོད«བསྒྲགས་པ་རིན་ཆེན་གླིང་གྲགས»(p106)ལས། དེ་ཡང་ཁྲི་བདུན་གྱི་རིང་དང་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་ལ་བོན་གྱི་བསྟན་པ་ཤིན་ཏུ་དར་ཏེ། གཡུང་དྲུང་གི་བོན་ནི་ཟབ་ཅིང་རྒྱ་ཆེ། འདྲེན་པའི་དཔོན་གསས་ནི་ཐུགས་རྗེ་ཆེ་ལ་བྱིན་རླབས་ཆེ། རྒྱལ་པོ་རྣམས་ནི་དབང་ཆེ་ལ་བཀའ་བཙན་པས། མངའ་རིས་ནི་རྒྱལ་པོའི་མངའ་རིས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས།
      {21} ཏི་སེའི་བོན་གཞུང་རིག་མཛོད«བསྒྲགས་པ་རིན་ཆེན་གླིང་གྲགས»(p151)ལས། དེ་ལ་མཁན་བུ་བཞི་བྱུང་བ་ནི། ག་ཆུ་གཙུག་ཕུད་རྒྱལ་མཚན། ཡ་གོང་ཡེ་ཤེས་རྒྱལ་མཚན། ཕམ་ཤི་དཔལ་གྱི་འབྱུང་གནས། ལྡེ་བཙུན་རབ་གསལ་དང་བཞི་བྱུང༌། དེ་བཞིའི་རིང་ལ་གནས་སྡེ་ཆེ་པོ་བཞི་བཞེངས་ཞེས་འཁོད་ཡོད།
      {22} ཏི་སེའི་བོན་གཞུང་རིག་མཛོད«དར་རྒྱས་གསལ་སྒྲོན»(p284)ལས། དེ་དུས་ཟང་ཟང་ལྷ་རྩེ་རུ། དྲང་སྲོང་ལྔ་བརྒྱ་སུམ་ཅུ་རྩ་གསུམ་གྱིས་འཕན་ཡུལ་འདུལ་ཁྲིམས་ཀྱི་བོན་གཞུང་བཞིན་སྤྱད་པས་བསྟན་པ་རྫོགས་པར་ངེས་ཞེས་སོ། །
      {23} «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»(p86)ལས། རྒྱལ་སྲས་སྤུ་ལྡེས་མེ་ཉག་དཔལ་རྒྱལ་དང༌། མཚེ་མི་རིང་སྐྱོང་གཉིས་བཏང་ཞང་ཞུང་ནས། སྟོན་པ་མུ་ཁྱུང་རྒྱན་དང་ལྷ་རྒྱུང་[ཁྱུང་]གཉིས། སྤྱན་དྲངས་བོན་སྡེ་འབུམ་ཆེན་སྡེ་ལྔ་དང༌། མདོ་སྒོ་བཅུ་གཉིས་མཛོད་སྒོ་མང་པོ་དང༌། ཕྲ་མོ་བཅུ་གཉིས་ཐེག་སྒོ་ཐ་དད་ཀྱི། བོན་སྒོ་མང་བསྒྱུར་བསྟན་པ་གསལ་བར་མཛད། 
      {24} བར་གྱི་གདུང་རྒྱུད་བཅུ་གསུམ་ནི། རྒྱལ་གཤེན་མུ་ཁྲི་བཙད་པོ། མོན་བོན་ཧ་ར་ཅི་པར། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག ཞང་ཞུང་སད་ནེ་གའུ། མཁས་པ་དད་མི་ཐད་ཀེ། རིག་འཛིན་ཤད་བུ་ར་ཁུག རྒྱ་བོན་ཟིངས་པ་མཐུ་ཆེན། སྤེ་བོན་ཐོག་འཕྲུལ། སྤེ་བོན་ཐོག་རྩེ་དང་བཅུ། དེའི་སྟེང་དུ་ཧྲིང་ནི་མུ་ཏིང༌། སུམ་པ་དབུ་དཀར། རླང་ཆེན་མ་ཝེར་གསུམ་བསྣན་པས་བཅུ་གསུམ་མོ། །
      {25} ཏི་སེ་བོན་གཞུང་རིག་མཛོད«གླེང་གཞི་བསྟན་པའི་བྱུང་ཁུངས»(p401)ལས། དེ་བཞིའི་རིང་ལ་བོན་ལ་བཀུར་བསྟི་ཤིན་ཏུ་ཆེ་ཞིང༌། ཆབ་སྲིད་དགུང་དུ་རྒྱས་པས། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའོ། །

2011ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱིའི་དེབ་གྲངས་བརྒྱད་པ་ལས་བཤུས།