མདུན་ཤོག

གསུང་རབ། - «ར་སྟོན་རྒྱལ་བ་བསྟན་འཛིན་གྱི་རྣམ་ཐར་སྐལ་ལྡན་ཐར་པའི་ལམ་བཟང»ཞེས་པ་པར་སྐྲུན་ལེགས་གྲུབ་བྱུང་ཡོད།

«ར་སྟོན་རྒྱལ་བ་བསྟན་འཛིན་གྱི་རྣམ་ཐར་སྐལ་ལྡན་ཐར་པའི་ལམ་བཟང»ཞེས་པ་པར་སྐྲུན་ལེགས་གྲུབ་བྱུང་ཡོད།

 


2021-10-24 18:47:31 རྩོམ་པ་པོ། ཀ་ཤུལ་བསོད་རིན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།


ཀ་ཤུལ་བསོད་རིན་གྱིས་བརྩམས་པའི«ར་སྟོན་རྒྱལ་བ་བསྟན་འཛིན་གྱི་རྣམ་ཐར་སྐལ་ལྡན་ཐར་པའི་ལམ་བཟང»ཞེས་པ་པར་སྐྲུན་ལེགས་གྲུབ་བྱུང་ཡོད།

WechatIMG4.jpeg

   ཉེ་ལམ་དམུ་དགེ་བླ་རི་གཡུང་དྲུང་ལྷ་རྩེ་དགོན་ནས་གཙོ་སྒྲིག་དང་པར་སྐྲུན་བྱས་པའི«ར་སྟོན་རྒྱལ་བ་བསྟན་འཛིན་གྱི་རྣམ་ཐར་སྐལ་ལྡན་ཐར་པའི་ལམ་བཟང»ཞེས་པའི་རྣམ་ཐར་དེབ་གཟུགས་མ་དེ་སྒོར་ཐོན་ཡོད། དེབ་འདི་ནི་ཀ་ཤུལ་དགེ་བཤེས་བསོད་རིན་ལགས་ནས་བརྩམས་གནང་མཛད་པ་ཞིག་ཡིན།

   རྗེ«ར་སྟོན་རྒྱལ་བ་བསྟན་འཛིན་གྱི་རྣམ་ཐར་སྐལ་ལྡན་ཐར་པའི་ལམ་བཟང»ཞེས་བྱ་བ་ཞིབ་ཏུ་བཀླགས་པར་བརྒྱུད་ན། སྤྱིར་བཏང་གི་གྲྭ་པ་གྲྭ་རྐྱང་། ཟླ་གམ་ཁེར་རྐྱང་བ་ཞིག་གིས་དང་པོ་ཐོས་བསམ་གྱི་ལམ་ནས་འཆད་ཉན་ཇི་ལྟར་བྱས་ཚུལ། བར་དུ་སྒོམ་སྒྲུབ་མཉམ་ལེན་གྱི་བསྟན་པ་ཉམས་སུ་བླངས་སྟངས། མཐའ་མ་སྟོན་པའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དར་རྒྱས་སུ་བཏང་ཚུལ། ལས་ཅན་གདུལ་བྱ་རིགས་ཅན་མང་པོ་བུ་སློབ་ཏུ་ཇི་ལྟར་གྱུར་པའི་ཚུལ་ཏེ། རྣམ་ཐར་འདི་ལས་སྐལ་ལྡན་ཐར་པ་དོན་གཉེར་ཅན་མང་པོས་བསྟན་པའི་སྙིང་པོ་ཇི་ལྟར་ཉམས་སུ་བླངས་ན་འབྲས་བུ་དེ་ལྟར་སྨིན་པའི་ལམ་བཟང་བོ་ཞིག་བསྟན་ཡོད་པའི་བླ་མའི་རྣམ་ཐར་བླ་ན་མེད་པ་ཞིག་སྟེ། རྩོམ་པ་པོས་དང་པོ་གཞི་འཛུགས་སའི་སྔོན་འགྲོ་ཀླད་ཀྱི་དོན་ནས་རྗེས་བྱ་མཇུག་གི་བར་དུ་བསྟན་པའི་དོན་ཐམས་ཅད་ལ། ཐར་པའི་ཤེས་རབ་ཀྱི་ལམ་བསྟན་པ་གསལ་ཞིང་། ལྷག་པར་དུ་ཆེས་སྤྱིར་བཏང་གི་གྲྭ་པ་གཉོམ་ཆུང་བ་ཞིག་གིས་དད་བརྩོན་དྲག་པོས་འབྲས་བུ་ཇི་ལྟར་སྨིན་པའི་གདམས་པ་བསྟན་པ་ལ་སློབ་གསོ་ཡི་རང་བཞིན་ལྡན་ལ། མི་ཞིག་ལ་ལྷག་བསམ་བཟང་པོ་ཞིག་ཡོད་ན་དེའི་ཐོབ་པའི་འབྲས་བུ་ནི་གྲགས་སྐད་ཆེ་བའི་མི་མཐུ་བོ་ཆེ་དག་ལས་བརྒལ་ཐུབ་པའི་རེ་བ་དང་གྲུབ་འབྲས་ཡོད་པར་བསྟན་ཡོད།

 WechatIMG5.jpeg

   བརྗོད་བྱའི་ཆ་ནི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་དཀྱིལ་ཙམ་དུ་མདོ་སྨད་རྔ་གཡང་ཕྱུག་མོའི་ཡུལ་དབུས། ཞིག་པོ་སྣང་ཞིག་མྱི་རྒྱབ་ཚང་གི་ཁྱིམ་མཚེས་ར་ཁྱུང་ཚང་ཞེས་པའི་དུད་ཁྱིམ་རྙིང་པ་ཞིག་ཏུ་སྐུ་འཁྲུངས་ཤིང་། བྱིས་དུས་ཀྱི་སྐྱེས་མིང་ལ་ཚེ་ལྷ་སྐྱབས་ཞེས་འབོད་པ་ཁོང་གི་རྣམ་ཐར་རེད། སྐྱེས་བུ་འདི་ཉིད་ཆུང་ངུའི་དུས་སུ་སྣང་ཞིག་ཚང་སྐུ་གཞོགས་ནམ་མཁའ་བློ་གྲོས་དབང་གི་རྒྱལ་པོ་དང་། རྫ་ཨ་གྲགས་སྤྲུལ་སྐུ། ཐར་པའི་ལྷ་པ་སོགས་ལྷ་དང་བླའི་ལུང་བསྟན་དུ་མའི་སྒོའི་དམ་པའི་རྣམ་སྤྲུལ་ཡིན་པ་ལུང་གིས་ཟིན་པ་ལྟར། རྗེས་སུ་མདོ་སྨད་སྣང་ཞིག་ཆེན་མོའི་ཚོགས་གྲལ་དུ་ཞུགས་ཏེ། ཕྱི་མཚན་ཉིད་མདོ་ལམ། ནང་གསང་སྔགས་བསྒྱུར་ལམ། གསང་བ་སེམས་ཕྱོགས་རྫོགས་པ་ཆེན་པོ་སོགས་ལ་ཁ་ཙམ་མ་ཡིན་པར་ལག་ལེན་དངོས་ཏེ་ཉམས་ལེན་ཟུང་འབྲེལ་གྱི་སྒོས་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་ལྷུར་གྱིས་བླངས་ཏེ་སྐྱེས་བུ་དམ་པའི་རྣམ་ཐར་བསྐྲུན། སྤྱི་ལོ༡༩༥༨ལོའི་མཇུག་ཏུ་ཁོང་གིས་རང་དགོན་གྱི་རྟེན་གསུམ་སྲུང་སྐྱོབས་ཀྱི་ཆེད་དུ་ལས་སྒོ་ཁ་ཤས་སྤེལ་བའི་དོན་དེས། མདོ་སྨད་བྱང་ཕྱོགས་སུ་ཡུལ་གྱར་བའི་མཛད་པ་བསྐྱངས་དགོས་ཐུག་པ་དེ་ལ་བརྟེན་ནས། བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་དང་ལག་ལེན་གཉིས་ཟུང་འབྲེལ་བརྒྱུད་ལྷ་རྗེ་གྲགས་ཆེན་ཞིག་ཏུ་གྱུར་པར་མ་ཟད། མ་རྒྱུད་གནས་ཀྱི་ཡངས་དབེན་རྒན་གྱའི་བྲག་དཀར་སོགས་སུ་མཚམས་བསྙེན་སྒྲུབ་ལ་ལོ་མང་རིང་དུ་བཞུགས། ༡༩༨༠ལོ་དེར་ཆོས་སྒོ་གསར་དུ་ཕྱེ་བའི་བསྐལ་བཟང་གི་དུས་ཚོད་ཤར་བ་དང་མཉམ་དུ་རྩེ་དབུས་དགོན་པ་བསྐྱར་དར་ཕྱོགས་ལ་མཛད་རྗེས་བླ་མེད་བསྐྲུན། སྤྱི་ལོ༡༩༩༨ལོར་རང་དགོན་དུ་ཕྱིར་ཕེབས་ཏེ་མཚམས་བསྙེན་སྒྲུབ་ཀྱི་ཞོར་དུ་སྔོན་ཆད་སྦྱང་འཕྲོར་ལྷག་པའི་གཞུང་ཆེན་ཁག་གི་གོ་བ་ནན་དུ་ལོན་ཆེད་བླ་མ་དགེ་བཤེས་རེ་འགའི་མདུན་ལ་བཅར་ཏེ་དཔེ་ཁྲིད་ལ་ཆག་མེད་དུ་ཕེབས།

WechatIMG6.jpeg

   ༡༩༩༠ལོར་དུང་རི་བླ་མ་ནམ་མཁའ་བསྟན་འཛིན་དང་མཁར་ཡག་བླ་མ་ཨ་ཁུ་ཨ་ཁོ་ཚང་སྟེ་གཡུང་དྲུང་ཚུལ་ཁྲིམས་རྣམ་གཉིས་ཀྱིས་སྣང་ཞིག་དགོན་གཞུང་ལ་རེ་ཞུ་བྱས་པ་བརྒྱུད། གཉན་ཡུལ་མཁར་ཡག་ཕྱོགས་སུ་དགེ་རྒན་དུ་ཕེབས། ཕེབས་པ་དེ་ལ་བརྟེན་གཉན་ཡུལ་མཁར་ཡག་དགོན་པར་སྒྲུབ་གྲྭ་གསར་འཛུགས་དང་འཆད་ཉན་ཐོས་བསམ་གྱི་བསྟན་པ་སྤེལ་ཞིང་། དེ་ནས་རིམ་བཞིན་དམུ་དགེ་བླ་རི་གཡུང་དྲུང་ལྷ་རྩེ་དགོན་ཏེ་སྔོན་ཆད་བླ་རིའི་ཆུ་རྐོང་དགོན་པ་དང་གཡུང་དྲྭང་དགོན་གཉིས་གཅིག་ཏུ་བྱས་ཏེ་དགོན་པ་གསར་འདེབས་གནང་། ཚེ་དགེ་སྟག་མགོ་དགོན་གཉིས་གསར་འདེབས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་མཐར་སྤྱི་ལོ༢༠༠༢ལོར་རྗེ་ཉིད་ཀྱི་གདན་ས་དམུ་དགེ་བླ་རི་དགོན་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཚུལ་མཛད། དེ་ལྟར་རྗེ་ཉིད་ཀྱི་སྐུ་ཚེའི་མཛད་རིམ་ནང་དུ་གསོ་བ་རིག་པའི་ལག་ལེན་སྐོར་དང་། དཀར་ནག་རྩིས་ཀྱི་རིག་པ། བསང་གསོལ་དང་། ཁམས་གསུམ་གྱི་སྐོར་སོགས་གསུང་རབ་ཀྱི་སྐོར་ཡང་མང་པོ་རྗེས་བཞག་གནང་ཡོད་པར་མ་ཟད། སྣུམ་པར་སོགས་ལ་བརྟེན་ཏེ་གསོ་རིག་ཁག་དང་ལག་ལེན་སྐོར་མང་པོ་པར་སྐྲུན་དང་རྩོམ་སྒྲིག་གི་མཛད་པ་ཡང་མང་པོ་བསྐྱངས་ཡོད་པར་རྣམ་ཐར་དུ་གསལ།

ཞེས་རྣམ་ཐར་དེབ་གཟུགས་མ་འདི་ངོ་སྤྲོད་ཀྱི་ཚུལ་དུ་དབལ་གཤོག་གིས་བྲིས།