| བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དྲུག་པ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་གཟི་རྩ་སྡེ་དགུའི་གསོལ་མགྲོན་ཁང་དུ་འཚོགས་པ། 2016-1-23 19:34:11 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དྲུག་པ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་གཟི་རྩ་སྡེ་དགུའི་གསོལ་མགྲོན་ཁང་དུ་འཚོགས་པ། སྤྱི་ལོ༢༠༡༥ལོའི་ཟླ༡༢པོའི་ཚེས༢༥ནས་ཚེས༢༩ཉིན་སྟེ་ཉིན་ལྔའི་རིང་ལ། སི་ཁྲོན་ཁྲིན་ཏུའུའི་གྲོང་ཁྱེར་དུ་"བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས"ཐེངས་དྲུག་པ་དངོས་སུ་འཚོགས། མང་པོ་ཞིག་གིས་མཁྱེན་གསལ་ལྟར་ད་ལྟའི་དུས་རབས་འདི་དང་། ཡང་ན་དེང་སང་གི་སྤྱི་ཚོགས་འདི་ལ་རྒྱལ་བསྟན་རིན་པོ་ཆེ་བརྗོད་བྱ་གཙོ་བོ་ཡིན་པའི་ཞང་བོད་ཀྱི་རིག་གནས་གང་ཞིག་འཛམ་བུ་གླིང་དུ་ཁྱབ་བསྒྲགས་སམ་འགྲེལ་སྤེལ་བྱ་དགོས་ན། མི་རིགས་གཞན་པའི་སྐད་ཡིག་བེད་སྦྱད་དེ་འགྲེལ་སྤེལ་བྱས་ན་ནི། སྟབས་བདེ་ཞིང་ཁྱབ་རྒྱ་ཡང་ཤིན་ཏུ་ཆེན་པོ་ཡིན་པར་བཤད་མ་དགོས་ལ། དེ་ལས་ཀྱང་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུའི་ལམ་ནས་རང་བསྟན་འདི་མི་རིགས་དེ་དག་ལ་ངོ་སྤྲོད་ཅིག་བྱ་ཐུབ་ན་དགེ་མཚན་ཆེ་ལ་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་མ་ཚད། སྐད་རིགས་དེ་དག་གི་ལམ་ནས་འགྲེལ་སྤེལ་ཁྱབ་བསྒྲགས་ཞུས་ན་ནི་ངེས་པར་དུ་མ་མཐའི་ཆ་རྐྱེན་ཆེ་ཤོས་ཏེ། དང་པོ་རང་གཞུང་དང་རང་གི་རིག་གནས་གང་ཡིན་ཡང་དེའི་ཐ་སྙད་མི་རིགས་སུ་དང་གང་གི་སྐད་ཡིག་ཐོག་ཏུ་བཀོད་ཚེ་གཅིག་གྱུར་གྱི་ཐ་སྙད་ཅིག་ཡོད་དགོས་པ་དང་། གལ་ཏེ་བོན་གྱི་ཐ་སྙད་གང་ཞིག་གཅིག་གྱུར་གྱི་ལམ་ནས་བྲི་ཚུལ་གྱི་ལམ་ཁ་བརྟན་འཇགས་ཤིག་བཟོ་མ་ཐུབ་པར། རང་རང་སོ་སོའི་ལག་ལ་གང་ཡོང་དང་། སེམས་ལ་གང་དྲན་ལྟ་བུའི་ལམ་ནས་བོན་གྱི་ཐ་སྙད་མང་པོ་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་གནང་ན་ནི་ཕན་པ་ལས་གནོད་པ་ཆེ་བ་དང་། དགེ་མཚན་ལས་ཞན་ཆ་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གིས་སྣེ་ཁྲིད་དེ། འདི་འདྲའི་སྒྲིག་འཛུགས་ཞིག་གསར་དུ་བཙུགས་ཤིང་། འདི་འདྲའི་གྲོས་ཚོགས་ཤིག་མཉམ་དུ་བསྡུས་ཏེ་ད་ཕན་བོན་གྱི་ཐ་སྙད་དང་འདོན་ཆོག་སྐོར་མང་ཙམ་ཞིག་རྒྱའི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་དང་བྱེད་ཀྱིན་ཡོད་པའི་གྲུབ་འབྲས་ནི་བཤད་མ་དགོས་པར་ཟུར་བལྟས་ལེབ་མཐོང་ཞིག་དང་། བསྟན་མི་དགོས་པར་མཐོང་དུ་ཡོད་པ་ཞིག་ཀྱང་ཡིན་ཙ་ན། བོན་ལ་ཤ་ཞེན་ཆེ་ཞིང་གཤེན་ལ་བརྩི་བཀུར་མཐོ་བའི་བོན་གྱི་ཤེས་ལྡན་མི་སྣ་མང་པོས་ལོ་ལྟར་འདི་འདྲའི་ཚོགས་པ་འདིའི་རྒྱུན་མུ་ནས་མུ་མཐུད་དུ་བསྐྱངས་དང་སྐྱོང་བཞིན་ཡོད། ཡིག་བསྒྱུར་ཚོགས་པ་འདི་ད་ཕན་ཐེངས་དྲུག་ལ་འཚོགས་ཤིང་། ཐེངས་གསུམ་པ་ནས་བཟུང་"གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས"ཀྱིས་སྤྱིའི་བཀོད་སྒྲིག་འོག་ལོ་ལྟར་འདི་བཞིན་འཚོགས་རྒྱུར་གཏན་ཁེལ་བྱས་ཏེ་འཚོགས་དང་ཚོགས་བཞིན་ཡོད། ད་ལོ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ལགས་རྣམ་པ་གཉིས་ཀྱིས་དབུ་ཁྲིད་འོག
ཐེངས་འདིར་ཚོགས་ཞུགས་གནང་མཁན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ཚང་དང་། བློ་འདྲི་རྟོགས་ལྡན་བསྐལ་ཁོ། ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་། ཚོགས་གཞོན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། ཚོགས་གཞོན་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ། ཚོགས་གཞོན་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན། ཚོགས་གཞོན་བོན་མཁར་ཚང་བསྐལ་བཟང་རིན་ཆེན། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ། ཚོགས་གཞོན་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་གཞོན་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་། དྲུང་ཡིག་པ་ལུང་དཀར་གཡུང་དྲུང་བསྟན་འཛིན། སྤྲུལ་སྐུ་འཆི་མེད་གཡུང་དྲུང་།མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། མཁར་ནག་སྐལ་བཟང་རྒྱ་མཚོ། མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན། སྤྲུལ་རིག་སྔགས་རྒྱ་མཚོ། མཁན་པོ་ཉི་མ་བསྟན་འཛིན། དགེ་བཤེས་བསོད་ཁོ། དགེ་བཤེས་ཁ་གྲགས། མཁན་པོ་ཚེ་དབང་རིག་འཛིན། སྤྲུལ་འཕྲིན་ལས་འགྲོ་མགོན། སྤྲུལ་ཀུན་དགའ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན། དགེ་བཤེས་བློ་གྲོས་རབ་གསལ། དགེ་བཤེས་གཡུང་དྲུང་བློ་གསལ། སྣང་མཐའ་བསྟན་འཛིན་ཉི་མ། དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ། རྨེའུ་བསོད་ནམས། བཀྲ་ཤིས། རྒྱལ་མཚན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྒན་ཚེ་རིང་འགྱུར་མེད། དགེ་རྒན་ཤར་བ་ཐོགས་མེད། རྔ་བ་ཁུལ་རྩོམ་བསྒྱུར་ཅུས་ཀྱི་དབུ་ཁྲིད་སྐལ་བཟང་ཐར། དགེ་རྒན་ཚེ་བརྟན་སྐྱབས། དགེ་རྒན་གཙུག་ཏོར་རྒྱལ། ལོས་ཧེ་ཀང་། དགེ་རྒན་ཚེ་བརྟན། མགོ་ཕྱུག་བསོད་ཁོ། ཚེ་རིང་རྗེ་རྒྱལ། ཞིབ་འཇུག་སློབ་མ་དབྱངས་ཅན། ཤར་བ་ཀུན་ཐར་མཚོ་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་མང་པོ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཡིག་བསྒྱུར་ཆེད་མཁས་པའི་དགེ་རྒན་དང་སློབ་མ་མང་པོ་དུས་གཅིག་ཏུ་འཚོགས་ཏེ་དུས་ཡུན་ཉིན་ལྔའི་རིང་ལ་གཡུང་དྲུང་བོན་གྱི་ཞལ་འདོན་སྐོར་ཞིག་རྒྱ་ཡིག་ཐོག་ཏུ་ཕབ་བསྒྱུར་གཏན་འབེབས་བྱས་ཏེ་རྩོད་མེད་ཡོངས་གྲགས་ཀྱི་ཕྱོགས་ནས་ཕབ་བསྒྱུར་གནང་ཡོད། དེ་ལྟར་ཉིན་ལྔའི་རིང་ལ་ཡང་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ཕྱེས་ཏེ་མི་སྣ་གཉིས་རེ་བཀོད་སྒྲིག་གནང་ནས་མདོ་འཛིན་གནང་བ་སྟེ། ཚེས་༢༥ཉིན་གྱི་སྔ་དྲོ་ལ་ཐར་བདེ་ཚེ་དབང་འཇིགས་མེད་དང་མཁར་ནག་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་མདོ་འཛིན་གནང་། ཕྱི་དྲོ་ལ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་དང་སྤྲུལ་དབང་རྒྱལ་ཚེ་རིང་། ཚེས་༢༦ཉིན་གྱི་སྔ་དྲོ་ལ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་དགེ་བཤེས་ཁ་དྲག་བཙན་དབང་། ཕྱི་དྲོ་ལ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་མཁན་པོ་ཉི་མ་བསྟན་འཛིན། ཚེས་༢༧ཉིན་གྱི་སྔ་དྲོ་ལ་སེང་སྤྲུལ་རིག་འཛིན་ཉི་མ་དང་མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན། ཕྱི་དྲོ་ལ་མཁན་པོ་ཚེ་རིང་ནོར་བུ་དང་སྤྲུལ་འཆི་མེད་གཡུང་དྲུང་། ཚེས་༢༨ཉིན་ལ་སྔ་དྲོ་པཎ་ཙ་བསྟན་འཛིན་དར་རྒྱས་དང་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། ཕྱི་དྲོ་ལ་སྤྲུལ་དབང་རྒྱལ་ཚེ་རིང་དང་རྟོགས་ལྡན་བསྐལ་ཁོ། ཚེས་༢༩ཉིན་གྱི་སྔ་དྲོ་ལ་མཁན་པོ་ཚེ་དབང་རིག་འཛིན་དང་བཀྲ་ཤིས། ཕྱི་དྲོ་རག་ཤི་ཀུན་གསལ་སྙིང་པོ་དང་འཕྲིན་ལས་འགྲོ་མགོན་བཅས་ཀྱིས་མདོ་འཛིན་གནང་བ་དང་། དེ་ནས་ཐེངས་རྗེས་མའི་འགན་འཛིན་པ་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་རྩེ་དྲུག་བསྟན་འཛིན་འོད་ཟེར་དང་སྣང་ཞིག་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་རྣམ་གཉིས་བཀོད་བཞག་གནང་ལ། འདི་འདྲའི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་བསྟན་པའི་ལས་དོན་ལ་ཞབས་ཕྱི་རབས་དང་རིམ་གྱིས་བསྒྲུབས་དང་སྒྲུབ་བཞིན་ཡོད་པའི་ཡིག་བསྒྱུར་ཆེད་མཁས་ཀྱི་སྐྱ་སེར་མི་སྣ་རྣམ་པ་དང་། དཔལ་འབྱོར་རམ་འདེགས་ཀྱི་མཐུན་རྐྱེན་གནང་བའི་བླ་སྤྲུལ་དགེ་བཤེས་དང་སྐྱ་སེར་ཕོ་མོ་རྣམ་པ།
མདོར་ན་ཞྭ་དཀར་བསྟན་པའི་ལས་དོན་ལ་ནམ་ཡང་ཐུགས་སེམས་གཙང་དག་ཡིན་པའི་འདིར་ཕེབས་གཡུང་དྲུང་སྤུན་གྲོགས་རྣམ་པ་དང་། ས་ཕྱོགས་གང་ན་བཞུགས་ཀྱང་རང་བསྟན་གྲུབ་མཐའི་ལ་རྒྱ་ཐུགས་ཀྱི་ཟབ་ས་རུ་ཉར་བའི་གྲོགས་པོ་རྣམས་ཀྱི་ཐུགས་བཞེད་ཡིད་སྨོན་དུ་འགྲུབ་ཅིང་སྐུ་འཚོ་ཡུན་དུ་བརྟན་ཏེ། རྒྱ་བོད་སྐད་ཡིག་མཁྱེན་ལྡན་ཚང་མས་འདི་ནས་གྲོས་གཞི་གཏན་ཕབ་བྱས་ཟིན་ལྟར། རྗེས་སུ་དེ་བཞིན་དུ་ལག་ལེན་ལ་འདེབས་ཐུབ་པར་སྙིང་ནས་འབོད་བསྐུལ་ཞུ་བ་བཅས་ཐེངས་འདིའི་ཡིག་བསྒྱུར་ཚོགས་འདུའི་གནས་ཚུལ་མཚོན་ཙམ་སྦྱར་བ་དགེའོ།།
|