མདུན་ཤོག

ལོ་རྒྱུས་མི་སྣ། - བླ་ཆེན་དྲན་པ་ནམ་མཁའ།

བླ་ཆེན་དྲན་པ་ནམ་མཁའ།

དྲན་པ་ནམ་མཁའ།


2016-5-31 23:02:20 རྩོམ་པ་པོ། གཙང་ཚྭ་ཤེས་རབ་གཡང་དྲུང་གཙུག་ཕུད། བྱུང་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།

 
འཛམ་གླིང་ལྟེ་དབུས་ཞང་བོད་སྨན་ལྗོངས་ཀྱི།།
སྐལ་ལྡན་བློ་གྲོས་པད་མོའིི་ཁྱོན་ཡངས་སུ།།
གསང་ཆེན་བསྟན་པའི་འོད་བརྒྱ་བཞད་པའི་གཉེན།།
གྲོལ་ལམ་བདག་ཉིད་དྲན་པ་ནམ་མཁར་བསྔགས།།

དམ་པའི་ལེགས་བྱས་བྱེ་བས་འོད་དཀར་ཅན།།
འཛིན་མའི་ཁྱོན་དུ་ལན་བརྒྱར་བཞད་པ་ཡི།།
མཛད་འཕྲིན་རྟོགས་བརྗོད་དབྱངས་ཅན་མགྲིན་པའི་གླུ།།
དད་ལྡན་རྣ་བའི་བཅུད་དུ་ཁོ་བོས་འགུག།

བླ་ཆེན་དྲན་པའི་རྣམ་ཐར་རིན་ཆེན་མཛོད།།
གང་གི་གསང་གསུམ་ཡིད་བཞིན་འདོད་འཇོའི་དཔལ།།
རྣམ་དཔྱོད་དད་པས་ལེགས་བླངས་བདུད་རྩིའི་བཅུད།།
ཆ་ཤས་ཙམ་ཞིག་འདི་རུ་མྱོང་བར་འདོད།།

   ཅེས་སྔོན་འགྲོའི་ཀླད་དོན་རྣམ་པ་གསུམ་གྱི་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་སྐབས་འདིར་གླེང་བར་བྱ་བ་ལ།སྤྱིར་ནམ་མཁའ་ལ་རྫུས་སྐྱེས་པ་གཅིག་དང་།ཞང་ཞུང་པ་གཅིག དྭགས་པོ་བ་གཅིག་བཅས་གསུམ་དུ་ཡོད་ནའང་། འདིར་སྙིགས་དུས་ཚེ་ལོ་བརྒྱ་པའི་ཁྱད་པར་གྱི་གདུལ་བྱ་ལུས་ཅན་ཡོངས་ཀྱི་ཕན་པ་དང་བདེ་ལེགས་ཀུན་གྱི་འབྱུང་གནས་དམ་པ་རྒྱལ་བའི་སྐུ་གསུངས་ཐུགས་ཀྱི་བསྟན་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་ནང་ནས་ཐུགས་ཀྱི་བསྟན་པའི་གཉེར་དཔོན་དམ་པ་ཞང་ཞུང་པའམ་བླ་ཆེན་དྲན་པ་དེ་ཉིད་ཀྱི་སྐུ་ཡི་མཛད་རྣམ་རགས་བསྡུས་ཙམ་ཞིག་འགོད་པ་ལ་གཉིས་ཏེ། ལུང་གི་སྔགས་ཚུལ་དང་།དངོས་དོན་མདོར་བསྡུས་བཤད་པའོ།།
   དང་པོ་ནི།རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱད་ལས།དེ་ནས་གསུང་གི་བསྟན་པའི་དཀྱིལ།།ཐུགས་ཀྱི་བསྟན་པའི་དབུ་འཛུགས་པ།།འཛམ་གླིང་དབུས་ཀྱི་ལྟེ་བ་རུ།།རི་བོ་གངས་ཅན་མདུན་དྲུང་དུ།།བྱམས་སེམས་ནམ་མཁའ་ལྟ་བུ་ཡི།།ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང་།།ཞེས་དང་།རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས།དེ་ནས་ཐུགས་ཀྱི་བསྟན་པའི་དབུ་འཛུགས་པ།།མི་རྣམས་ཉོན་མོངས་དུག་ལྔ་ཤིན་ཏུ་རགས།།ཁྱུང་ལུང་དངུལ་མཁར་རིན་ཆེན་ཕོ་བྲང་ཆེ།།དམུ་རིགས་རྒྱལ་བུ་འོད་མཛེས་གདུང་རྒྱུད་ལས།།ཀུན་བཟང་ཚད་མེད་འོད་ལྡན་ཐུགས་སྤྲུལ་ཆེ།།ཁ་སྟེ་མུ་ཡ་འགྱུར་མེད་གཡུང་དྲུང་སྐུ།།སྟོན་པ་ང་ཉིད་དགོངས་པའི་རྣམ་འཕྲུལ་གཤེན།།གྱེར་སྤུངས་དྲན་པ་ནམ་མཁའ་ཞེས་བྱ་བ།།ཞི་རྒྱས་དབང་དྲག་མ་ངེས་འགྲོ་དོན་མཛད།།ཅེས་སོ།།
   གཉིས་པ་ལ་ཡུལ་ནི། མི་མཇེད་འཇིག་རྟེན་གྱི་ཞིང་ཞང་ཞུང་སྒོ་ཕུགས་བར་ནང་ཚན་རི་བོ་གངས་ཅན་ཏི་སེའི་ཉེ་འདབ་ཞང་ཞུང་ཁ་ཡུག་ཡུལ་གྱི་མཚམས།གྲོང་ཁྱེར་རྒྱལ་བ་མཉེས་ཞེས་བྱ་བར་སྐུ་མཁར་ཁྱུང་ལུང་དངུལ་མཁར་རམ།འོམ་པོ་སྒང་བཞི་ཞེས་པ་རྫུ་འཕྲུལ་སྨན་བཞིས་རང་བྱུང་དུ་བཞེངས་པ་གཡུ་ཡི་བྱ་འདབ་རིམ་པ་གསུམ་དང་ལྡན་པ་ཉི་ཟླ་ནོར་བུའི་ཏོག་མཛེས་ཤིང་།འོད་ལྔ་རྣམ་པར་འཕྲོ་བ་ཉམས་དགའ་ཡིད་འོང་ངོ་མཚར་ཕུན་སུམ་ཚོགས་པའི་ཕོ་བྲང་ཆེན་པོ་དེ་རུ་དམུ་རྒྱལ་གཤེན་གྱི་གདུང་འཛིན་ཚད་མེད་འོད་ལྡན་གྱི་སྤྲུལ་པ་རྒྱུང་ཡར་མུ་ཁོད་རྒྱལ་བོའམ་།ཞང་ཞུང་སྲིད་པའི་བོན་རྒྱལ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་ཞེས་བྱ་བ་དང་།ཡུམ་ཆེན་བཟང་བཟའ་རིང་བཙུན་གྱི་སྤྲུལ་པ་ཡུམ་ནམ་མཁའི་ལྷ་མོ་ཕྱྭ་བཙུན་གོང་མ་གཉིས་ལ་ཚེ་སྟོད་སྲས་མ་མཆིས་སྐབས།རྒྱལ་འབངས་བཀའ་གྲོས་ནས་དཔོན་གསས་བླ་མ་རྣམས་ལ་དངོས་གྲུབ་ཞུ་བར་གྲོས་བཅད་དེ་བློན་པོ་ཤེས་རབ་ལྡན་གྱིས་གླང་པོ་ཆེ་ལ་གསེར་གྱི་ཁལ་བཅས་སྤོས་རི་ངད་ལྡན་གྱི་གནས་མཆོག་ཏུ་དཔོན་གསས་ལོ་པཎ་བརྒྱད་གྱི་སྤྱན་སྔར་ཕྱིན་ནས་གསེར་གྱི་གླང་ཆེན་ཁལ་བཅས་ཕུལ་ཏེ།གྲུབ་པའི་གཤེན་པོ་རྣམས་གདན་དྲངས་ནས་ཡབ་ཡུམ་སོགས་ཀྱིས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱི་དགྱེས་སྟོན་རྒྱ་ཆེར་བཤམས་ནས་ཞུས་པ།༼ངེད་ཅག་སྟངས་དང་དབྱལ་གཉིས་ལ།།ནོར་ཟས་གོས་ཀྱིས་མ་ཕོངས་ཀྱང་།།ཆུང་སྲིད་འཛིན་པའི་དམར་དོད་མེད།།འདི་དང་ཕྱི་མ་གཉིས་མེད་ན།།གཏན་དུ་འགྲོ་མཆོག་ཐོབ་མ་ཡིན།།འདི་དང་ཕྱི་མའི་དོན་ཡོད་པའི།།བཀའ་ཡི་ཕ་བབས་གནང་བར་འཚལ།།༽ཞེས་ཞུས་སོ།།དེ་ལ་ད་མུས་གསུངས་པ།༼དུས་ལ་སྔ་ཕྱི་མི་ཤེས་ན།།འདི་ལ་ཕྱི་མ་ག་ལ་ཡོད།།༽ སྟོང་རྒྱུང་གིས།༼ ཐབས་དང་ཤེས་རབ་དོན་གྲོལ་ན།།སྟངས་དང་དབྱལ་དུ་ག་ལ་ཡོད།།༽ ཤ་རིས།༼ སེམས་པ་རིག་པའི་བཅུད་ཤར་ན།།བུ་དང་ཚ་བུས་ཅི་ཞིག་བྱ།།༽མེ་ཉག་གིས།༼དབྱིངས་ལ་ཡེ་ཤེས་བཅུད་ཤར་ན།མ་ལ་བུ་སྐྱེ་དེ་ག་ཡིན།༽སུམ་པ་ཁ་ཡམ་གྱིས།༼ནོར་ནི་ནོར་བར་ངོ་ཤེས་ན།།སྣང་སྲིད་ནོར་དུ་འཐོབ་པ་ཡིན།།༽གེ་སར་གྱི།ཟས་ནི་ཟད་པར་ཡིན་ཤེས་ན།།སྣང་སྲིད་བཅུད་ལ་རློམ་པ་ཡིན།།༽སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས།༼སྟངས་དབྱལ་སྲས་བོན་མེད་པ་ལ།།སྟོན་པའི་རྒྱལ་ཐེབས་འཁྲུངས་པར་ཤོག།༽ཅེས་གསུངས་ནས་རིག་འཛིན་རྣམས་ཀྱིས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ།རྒྱལ་བོ་ཡབ་ཡུམ་ལ་བྱིན་རླབས་ཤེས་རབ་ཀྱི་དབང་མཆོག་བསྐུར་བས།དངོས་མེད་མདུན་གྱི་ནམ་མཁའ་ནས།དངོས་ཅན་འོད་ཀྱི་ཐིག་ལེ་དཀར་དམར་གཉིས་རྒྱལ་བོ་ཡབ་ཡུམ་གྱི་སྤྱིར་བོར་ཐིམས་པས་ལུས་ལ་དགའ་བདེ་འབུམ་ཕྲག་གཡོས་ཤིང་ལྷག་མཐོང་རིག་རྩལ་གྱི་ཡེ་ཤེས་རྒྱས་པས་སྣང་སྲིད་ས་ལེར་གསལ།ལོ་པཎ་རྣམས་ཐུགས་དགྱེས་ནས་སྨོན་ལམ་བཏབ་ཅིང་སོ་སོར་གཤེགས་སོ།།
   དེ་ནས་ནུབ་གཅིག་སྟངས་ཀྱི་རྨི་ལམ་དུ་སྤྲུལ་པའི་བྱ་རྒྱལ་ཁྱུང་ལ་བཞོན་ནས་གཡས་ཀྱི་རྒྱལ་མཚན་དང་།གཡོན་གྱི་ཡིད་བཞིན་ནོར་བུ་བསྣམས་ཤིང་སྲིད་རྩེར་ཕྱིན་ནས་འཁོར་འདས་ཡོངས་ལ་གཟིགས་པ་དང་།རབ་འབྱམས་ཞིང་ཁམས་འབུམ་ཕྲག་མཐོང་བ་དང་།དེ་སྲིད་སྐྱེ་འགྲོ་ཀུན་གྱིས་ཕྱག་འཚལ་གུས་པ་དང་བཅས་པ་རྨིས།ཡང་ནུབ་གཅིག་དབྱལ་གྱི་རྨི་ལམ་དུ་གཡུ་ཡི་ཁུ་བྱུག་གཅིག་ཕྲག་པར་བབས་ཤིང་སྐད་ཀྱང་ཚང་ཚང་དུ་གྲགས་པས།ཞིང་ཁམས་ཀུན་ཀྱང་དབྱངས་ཀྱིས་ཁྱབ་པ་སོགས་ངོ་མཚར་གྱི་རྨི་ལྟས་དུ་མ་ཤར།
   ཡང་དུས་རེ་ཞིག་ན་མཁར་ཤེལ་ལེ་རྫོང་ཕུག་གི་ཁ་ལ།བྱ་རྒྱལ་ཁུ་བྱུག་གིས་སྐད་ཐེངས་གསུམ་བསྒྲགས་པས་སྐད་དང་པོ་ཡབ་ཀྱིས་ཐོས་པས།ཉི་ཟླ་གསལ་བའི་འོད་གཅིག་ཤར།། ཡུམ་གྱིས་ཐོས་པས།མུན་པ་སེལ་བའི་སྒྲོན་མེ་འཆར།།སྐད་དབུས་མ་ཡབ་གྱི་ཐོས་པས།གཡུང་དྲུང་བོན་གྱི་སྲོག་ཤིང་འཛུགས།ཡུམ་གྱིས་ཐོས་པས།ལོག་ལྟ་འབྱོན་པའི་ཐོ་ཆེན་འབྱོན།།སྐད་མཐའ་མ་ཡབ་ཀྱིས་ཐོས་པས།སྔ་ཕྱི་དྲན་པའི་ནམ་མཁའ་གདའ།།ཡུམ་གྱིས་ཐོས་པས།རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཡིན།།ཟེར་རོ།།དེ་ནས་གསུང་བསྟན་ནས་ལོ་ངོ་ལྔ་སྟོང་ཆིག་བརྒྱ་དང་གཉིས་འདས་པའི་ཕྱི་ལོ914B.Cམེ་རྟ་ལོའི་རྟ་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་འགྲོ་བ་རང་མཐུན་གྱི་སྐྱེ་བ་མི་རུ་བཞེས་ཤིང་དེ་མ་ཐག་ཏུ་ཞལ་ནས་ཨ་དཀར་གསལ་འབར་གསུངས་ཤིང་སྤྱན་གསུམ་གྱིས་སྲིད་གསུམ་གཟིགས་པ།ཐུགས་ཀར་གསེར་གྱི་པད་མ་འདབ་བརྒྱད་བཀྲ་བ།སྐུ་མདོག་བཻཌྰུརྱ་ལྟར་དྭངས་པ།དབུ་ཡི་གཙུགས་ཏོར་རྒྱལ་མཚན་དུ་འཕགས་པ།ནམ་མཁའ་བར་སྣང་ཀུན་མཇའ་ཚོན་མེ་ཏོག་གི་ཆར་བབས་ནས།ཞང་ཞུང་གི་ཞིང་ཁམས་ཀུན་བཀྲ་ཤིས་དགེ་རྟགས་ཀྱིས་ཁྱབ་པར་གྱུར།དེའི་ཚེ་ནམ་མཁའ་བར་སྣང་ཐམས་ཅད་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་སྤོས་དང་ལྷ་ཡི་རོལ་ཚོགས་ཀྱི་བསྟོད་པ་དང་།འོག་ནས་ཀླུ་དང་ས་བདག་བརྟན་མ་རྣམས་ཀྱིས་ཁྲུས་གསོལ་ཞིང་ནོར་བུ་ལ་སོགས་ཀྱི་མཆོད་པ་དང་།བར་དུ་མི་དང་རྒྱལ་ཆེན་རིགས་བཞི་སྲིད་པའི་ཆེ་བཙན་རྣམས་ཀྱིས་སེང་གེ་གཡུ་འབྲུག་གླང་པོ་ལ་སོགས་ཇི་སྲིད་རབ་འབྱམས་མཛེས་པའི་དཀོར་ཆ་ཕུལ་ཏེ་ཕྱོགས་བཅུ་ཀུན་ནས་བསྟོད་པར་མཛད་དོ།།དེ་ནས་རྒྱལ་པོ་ཡབ་ཀྱིས་མཚན་མཁན་བྲམ་ཟེ་ཧ་ར་བོས་ནས་མཚན་ཐོགས་གསུངས་པས།མཚན་མཁན་གྱིས་སྲས་ཀྱི་ཆེ་བའི་ཡོན་ཏན་དུ་མར་བསྔགས་བརྗོད་དང་འབྲེལ་མཚན་ཡང་གྱེར་སྤུངས་དྲན་པ་ནམ་མཁར་གསོལ།
   ཁྱེའུ་དེ་ནི་ཞག་ཟླ་ལོ་ཡི་སྐྱེ་མཆེད་རྫོགས་ཤིང་སྐྱེ་བ་ལྔ་བརྒྱ་མ་སྒྲིབ་ས་ལེར་གསལ་ཞིང་ཕྱི་ནང་གསང་བའི་བོན་ཀུན་རང་བརྡོལ་དུ་མཁྱེན།དགུང་ལོ་ལྔ་ཡི་སྐབས་ཡབ་ལ་དག་མ་དག་གི་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་རིམ་གྱིས་གསུངས།དེ་ནས་བདེར་གཤེགས་སྟོང་གི་རྣམ་སྤྲུལ་ཉིད་ཀྱིས་འཕྲུལ་ངག་བདེན་པ་བཀའ་ཡི་ཡིག་འབྲུ་རྣམས་མ་བསླབ་ཐུགས་ལ་གསལ་མོད་ཀྱང་།རྗེས་འཇུག་རྣམས་ལ་དཔེར་བསྟན་པའི་ཕྱིར་དུ་སློབ་དཔོན་སྐུ་གཤེན་ཕ་ཝ་ཁྲི་སྙ་རྒྱལ་ཆུང་གི་མདུན་དུ་རྒྱལ་གསུང་དྲི་མེད་ཡིག་རིགས་སྒྲ་ཚོགས་མ་ལུས་རང་དབང་ཐོབ་པར་མཛད་ཅིང་།སྨྲ་ཚིག་གསལ་ཞིང་ལྗགས་ཀྱི་སྡེབ་བསྒྱུར་ལ་མཁས་པས་སྨྲ་བའི་དབང་བོར་གྱུར།དགུང་གྲངས་བཅུ་གསུམ་ལོན་དུས་སུ་ཡབ་ཡུམ་གཉིས་ལ་གསུངས་པར།ཀྱེ་ཡབ་ཡུམ་ལགས།བདག་ནི་སྐྱེ་བ་འདི་གོང་དུ།།ཡབ་ནི་བཙན་བཞེར་གྱེར་ཆེན་ལགས།།ཡུམ་ནི་ཀླུ་བཟའ་མཐིང་བཙུན་ལགས།།སྔོན་མའི་ཁྲི་གྱེར་སྟོང་ནམ་ལགས།།བློ་ནི་ཁྲི་བཞིའི་བོན་ལ་སྦྱངས།།དང་དུ་སྣང་སྲིད་མཛོད་ཕུགས་བླངས།།བློ་ཕུགས་མཁའ་ཀློང་དབྱིངས་ལ་གཏད།།བསྒྲུབ་ནི་མཁའ་འགྱིང་དོན་དུ་བསྒྲུབས།།ད་ནི་སྔོན་གྱི་འཕྲོ་བླངས་ཕྱིར།།མཁས་པ་ད་མི་ཐད་གེ་ལ།།དཔྱིད་ཟླ་ར་བའི་ཉ་དུས་སུ།།མཁས་བ་མི་བརྒྱད་སྟངས་འབུལ་མཛད།།བདག་ཀྱང་དེ་ལ་ཞུ་དོན་འབུལ།།གསུངས་ནས་གཤེགས་སོ།།
   དེ་ནས་མཁས་པ་ཐད་མིའིམདུན་དུ་གསས་མཁར་སྤྱི་སྤུངས་སྡོང་པོ་དགུ་འདུས་ཀྱི་སྐུ་གསུངས་ཐུགས་ཀྱི་དབང་རྣམས་རྫོགས་པར་བླངས་ཤིང་བསྙེན་སྒྲུབ་ཀྱི་ལས་ལ་བརྩོན།ཡི་དམ་གྱི་ཞལ་གཟུགས་དབལ་མོ་བྲན་དུ་འཁོལ།སྡེ་བརྒྱད་དབང་དུ་བསྡུས།རྫུ་འཕྲུལ་གྱི་རྩལ་རྫོགས།མན་ངག་གི་དྲོད་ཚད་བརྙེས།ཀུན་ཏུ་བཟང་བོ་ཡི་རང་ཞལ་གཟིགས།མ་བཅོས་ཀ་དག་རང་བཞིན་འཁོར་འདས་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་ཞིང་ཡེ་རྫོགས་བླ་མེད་བློ་འདས་ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན།
   ཡང་གནམ་མཚོའི་དོར་མཁས་པ་སྟོང་རྒྱུང་གི་དྲུང་དུ་ཕེབས་ནས་རྫུ་འཕྲུལ་མཐུ་ཡི་བཀའ་གསང་དབང་རྣམས་གསན།གསང་དྲག་ནག་ཁྲོད་ཆེན་པོར་ཤ་རིའི་མདུན་དུ་སྒྲ་སྐད་དང་བྱེ་བྲག་རིགས་གནས་ཕུལ་ཕྱིན་བསླབས།མང་མཁར་ལྕགས་འཕྲང་དུ་བྱོན་ནས་རྣལ་འབྱོར་ཟ་རང་མེ་འབར་ལ་ནས་གསང་སྔགས་ཀྱི་གོ་དོན་ཐམས་ཅད་ཞུས།མེ་ཏོག་གི་ཚལ་གསེབ་ཏུ་གྲུབ་ཐོབ་རྔམ་པ་ལྕེ་རིང་གི་ངདུན་དུ་འབུམ་སྡེ་རྒྱས་འབྲིང་བསྡུས་གསུམ་སྐོར་རྣམས་གསན།ཞང་བོད་མཚམས་སུ་བྲག་དཀར་རྩ་བར་དམུ་ཚ་གྱེར་མེད་ཀྱི་དྲུང་དུ་དཀྱིལ་འཁོར་གཏོར་དབང་དང་རྣམ་བཤད་གསན།དེ་ནས་རྒྱ་གར་དུ་ཕེབས་ཏེ་མཁས་གྲུབ་དུ་མའི་ཞལ་སྔ་ནས་གསང་སྔགས་སྒྲ་ཚད་ཀུན་ལ་མཁས་ཤིང་གྲུབ་པ་ཐོབ།དེ་ནས་ཁྱུང་ལུང་དངུལ་མཁར་གྱི་དབུ་རྩེར་ཕེབས་ནས་བྱ་རྒྱལ་ཁྱུང་དུ་སྤྲུལ་ཏེ་འོལ་གླིང་གཡུང་དྲུང་དགུ་བརྩེགས་རི་བོའི་སྒྲུབ་གནས་སུ་གཤེན་སྣང་མདོག་ཉིད་ལ་གསང་སྔགས་ཐེག་པ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་བཀའ་རྒྱུ་རྣམས་གསན་ཞིང་བསྙེན་སྒྲུབ་ཀྱི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་།ཡང་མཁས་པ་གཡུང་དྲུང་བློ་གསལ་གྱི་མདུན་ནས་ཕྱི་རྒྱུད་མདོ་མཛོད་འདུལ་བ་སོགས་ཐུགས་ལ་མངའ་བར་བྱས།དབལ་བུ་ང་ཚ་སྐྱོལ་པོའི་མདུན་དུ་གསང་སེམས་སྦྱོར་སྒྲོལ་མན་ངག་གནད་རྣམས་གསན།བདུད་འདུལ་སྔགས་གླིང་དུ་མདོ་སྔགས་སེམས་གསུམ་ལ་ཉམས་ལེན་མཐར་ཕྱིན་མཛད།ནམ་མཁའ་སྣང་མདོག་གིས་སྔགས་ཀྱི་འཕྲིན་ལས་གཉེར་དུ་གཏད།མཁས་པ་གཡུང་དྲུང་བློ་གསལ་གྱིས་མདོ་སྡེ་འདུལ་བའི་བསྟན་པ་ཆེར་གཉེར་མཛད།
   དེ་ནས་ཞང་ཞུང་རྒྱ་གར་ཨོ་རྒྱན་སོགས་ཡུལ་གྲུ་ཀུན་ལ་བྱོན་ཞིང་འཛམ་གླིང་རྒྱན་དྲུག་སོགས་མཁས་གྲུབ་རིག་འཛིན་ཀུན་གྱི་ཞབས་ལ་གཏུགས་ནས་ཐུགས་བཅུད་མ་ལུས་བརྙེས།མདོ་སྔགས་སེམས་གསུམ་ཕུལ་དུ་ཕྱིན་ནས་མཁས་ཤིང་གྲུབ་པའི་སྙན་གྲགས་ཀྱི་སྲིད་པའི་རྒྱལ་རྔ་བརྡུང་།དེ་ནས་དུས་རེ་ཞིག་ན་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་མས་གྱེར་སྤུངས་ཉིད་ལ་ལུང་བསྟན་འདི་ལྟར་སྟེ།རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས།༼ཨེ་མ་གསང་བའི་གནས་མཆོག་གཡུང་དྲུང་སྤུངས་པ་ཡི།།ཀུན་བཟང་ཐུགས་སྤྲུལ་དྲན་པ་ནམ་མཁའ་ཁྱེད།།བོན་སྒོ་ཀུན་མཁྱེན་རླུང་སེམས་རང་དབང་ཐོབ།།གྲུབ་པའི་རྟགས་ལྡན་མཁྱེན་རྩའི་ཡེ་ཤེས་རྒྱས།།འགྲོ་དོན་སྲས་སྤྲུལ་གདུལ་བྱའི་དུས་ལ་བབས།འདི་ནས་ཉི་མ་ལྷོ་ཕྱོགས་རྒྱ་གར་ཞིང་གི་བྱང་།།དུར་ལོང་གྱེ་ཕྲ་ཞིང་ཁམས་བསོད་ནམས་གནས།།བཟང་སྐྱོང་རྒྱལ་བོ་ཞེས་བྱ་དམ་པ་ལ།།ཡུམ་ཆེན་མཁའ་འགྲོ་བཟང་བཟའི་བྱིན་རླབས་ལ།སྲས་མོ་ཟླ་འོད་འབར་མ་འཁྲུངས་ཏེ་ཡོད།།ད་ལྟར་རྩུབ་ལྡན་དུར་ཁྲོར་བླ་མེད་སྒོམས།།ཁྱེད་ཀྱི་རིགས་ལྡན་དེ་ཉིད་ཁབ་ཏུ་བཞེས།།འགྲོ་དོན་སྲས་སྤྲུལ་གདུལ་བྱའི་ཁ་ལོ་བསྒྱུར།།༽ཞེས་ལུང་བསྟན་པ་ལྟར་རྒྱ་གར་ཡུལ་དུ་ཡབ་བཟང་སྐྱོང་རྒྱལ་བོ་གཞོན་ནུ་དང་ཡུམ་བྲམ་ཟེ་བྷ་ར་ཏ་གཉིས་ཀྱི་སྲས་མོ་མཁའ་འགྲོ་འོད་ལྡན་འབར་མ་དེ་ཉིད་ཁབ་ཏུ་བཞེས།
   དེ་ནས་གཡུང་དྲུང་སྲ་བརྟན་རིན་ཆེན་འབར་བར་དགོངས་མཛད་སྒྲུབ་པ་འཛད་པས་ཚེ་ཡི་རིག་འཛིན་བརྙེས་ཤིང་།རྫུགའཕྲུལ་མངའ་དབང་ཐོབ།དེ་ཚེ་ཡུམ་གྱི་རྨི་ལམ་དུ།སྲོད་ལ་ལུས་མེ་འབར་བས་འཇིག་རྟེན་འཚིག།ནམ་གུང་གཡུང་དྲུང་འོད་འབར་ཁང་པར་ཚུད།།ཐོ་རེངས་ཉི་ཟླ་མཁའ་གང་ལུས་ལ་ཐིམ།།ལུས་འོད་མཁར་གང་འཇིག་རྟེན་གསལ་བ་རྨིས།།སྔ་དྲོ་བྱ་རྗེ་ཁུ་བྱུག་ཕྲག་པར་བབས།།བདེར་གཤེགས་ཀུན་འདུས་རིག་འཛིན་སྤྲུལ་པའི་སྐུ།།ཉི་ཟླ་ཟུང་བཞིན་འགྲོ་དྲུག་ཐར་ལམ་སྣང་།།དེ་ལྟར་རྟེན་འབྲེལ་གྱི་རྨིས་ལྟས་ལེགས་པ་བཞིན།སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སྲས་གཉིས་འཁྲུངས་བའི་དང་པོ་ནམ་ལངས་དུས་སུ་ཡུམ་གྱི་གློ་བ་གཡས་ནས་སྲས་ཞིག་འཁྲུངས་བ་ནི་གསང་འདུས་ཉིད་ཀྱི་སྤྲུལ་པ་སྟེ།ཞི་འཛུམ་བག་ལྡན་དབུ་ཡི་གཙུག་ཏོར་ལྡེམ་ཞིང་།ཞལ་ནས་ཨ་དཀར་ཞི་བའི་གསུང་འབྱོན་པ་མཚན་དུ་རིག་འཛིན་མཐོང་བ་སྒྲོན་གསལ་བཏགས།ཉི་ཤར་ཡུམ་གྱི་གློ་གཡས་ནས་འཁྲུངས་པ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྤྲུལ་པ་སྟེ།དམར་འབར་ཞི་འཛུམ་ཁྲོས་ཉམས་གཏུམ་པའི་ཚུལ་ཅན།ཞལ་ནས་སྒྲ་དྲག་པོའི་གསུང་འབྱོན་པ།མཚན་དུ་རིག་འཛིན་གཡུང་དྲུང་མཐོང་གྲོལ་བཏགས།སྤྲུལ་པའི་སྲས་གཉིས་ནི་མཚན་དཔེའི་ཡོན་ཏན་ལྷུན་རྫོགས་ཤིང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཁྲུས་དང་རོལ་མོ་འབུལ།
   དེ་ནས་ཡབ་ཡུམ་སྲས་བཅས་འགྲོ་དོན་འཕེལ་ཞིང་གསང་སྔགས་བསྒྲུབས་པས་ཡི་དམ་ལྷ་ཞལ་གཟིགས།ཡབ་ཀྱིས་སྲས་གཉིས་ལ་ལུང་བསྟན་ཏེ།གཅེན་པོ་མི་ཡུལ་ཡེ་ཤེས་སྒྲོན་མ་ཐེགས།ནུབ་བོ་སྲིན་པོ་འདུལ་བའི་ལས་གྱིས་ཤིག་གསུངས་ནས་གསང་སྔགས་ཚེ་དང་མཐུ་ཡི་དངོས་གྲུབ་སོ་སོར་བྱིན་ནས་འགྲོ་དོན་ལ་བཏང་།།
   གསང་བའི་གྲུབ་ཐོབ་ཆེན་པོ་བླ་ཆེན་དེ་ཉིད་ལོ་པཎ་མཁས་བ་མི་བཞི་ལ་སོགས་རིག་འཛིན་བརྒྱད་ཅུའི་ཐུགས་བཅུད་བླངས་ཤིང་ཤེས་རབ་རྣམ་གསུམ་གྱི་དྲོད་ཚད་ཟིན།སྒྲ་ཚད་ལུང་རིགས་སྨ་བའི་རྩལ་ཆེན་རྫོགས།རྒོལ་ངན་གྱིས་རྩོད་པ་ཐམས་ཅད་ཞི་བར་བྱས།དེ་ནས་དུས་རེ་ཞིག་ན་གསང་བའི་མཁའ་འགྲོ་མ་གཡུང་དྲུང་སྤུངས་པའི་རི་ལ་རིག་འཛིན་མཁའ་འགྲོ་གྲལ་དུ་གསང་སྔགས་དོན་རྟོགས་ཀྱི་ཉམས་ལེན་ལ་ཞུགས་སུ་གསོལ་ནས།དྲན་པ་རང་ཉིད་གསང་སྔགས་དགོས་ཆེད་བསྐུལ་ཚེ་ཐོགས་མེད་གསང་སྤྱོད་དོན་ལ་ཐབས་ཤེས་གྲོགས་མཛད་གདུལ་དཀའ་འདུལ་ཕྱིར་བྱ་རྒོད་ཅིག་ཏུ་སྤྲུལ་ནས་རྟག་གཟིགས་ཡུལ་དུ་གཤེགས།རྟག་གཟིགས་ཀྱི་རྒྱལ་པོ་ཁྲི་ཝེར་སྲས་ཆེན་མོ་དང་བཙུན་མོ་ལྷ་རིགས་ངང་བཟང་མ་གཉིས་ཀྱི་སྲས་མོ་མཁའ་འགྲོ་གསལ་བྱེད་བདེ་ལྡན་མ་གྲོགས་སུ་བཞེས་ནས་དྲན་པ་ཡབ་ཡུམ་ཕུར་བའི་སྐུ་རུ་བཞེངས་ཏེ་ལྷ་སྲིན་སྡེ་བརྒྱད་དང་རཀྴ་སྲིན་པོའི་རིགས་རྣམས་ཐུགས་རྗེས་བཏུལ།
   དེ་བཞིན་དུ་ཨོ་རྒྱན་དང་།རྒྱ་གར།རྒྱ་ནགགེ་སར།བྲུ་ཤཐོད་དཀར།ཟ་ཧོར།ཁ་ཆེ།རྒྱ་གར་མ་ཧ་ངྷ་རུ།འཇང་ཡུལ་སོགས་ལ་རྫུ་འཕྲུལ་སྣ་ཚོགས་ཀྱིས་གཤེགས་ནས་གསང་བའི་མཁའ་འགྲོ་བཅུ་གཅིག་གསང་སྔགས་ཀྱི་སྒྲུབ་ཡུམ་བཞེས་ཏེ་གང་འདུལ་འཕྲིན་ལས་ཀྱི་མཛད་པ་མཐར་ཕྱིན་པར་མཛད།
   སྤྱིར་འཛམ་གླིང་ཡུག་གྲུ་ཀུན་ཏུ་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་གང་འདུལ་གྱི་མཛད་པ་ནམ་མཁའི་མཐའ་དང་མཉམ་པར་འཕྲུལ་གྱི་ལྫོགས་ལྡན་གྱིས་ཀྱང་བརྗོད་པར་དཀའ་ནའང་ལས་ཅན་དང་བ་འདྲན་ཕྱིར་རགས་བསྡུས་ཙམ་རེ་ཞིག་འདི་ལྟར་ཡིན།འདིར་བཀོད་པ་རྣམས་ནི་རང་ལུགས་ཁུངས་ལྡན་ཡིག་རྙིང་སྒྲ་འགྲེལ་གཙོས།རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་དང་།རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།དཔལ་ལྡན་བླ་མའི་རྣམ་ཐར།བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་སོགས་ཀྱི་དགོངས་མཐུན་གཅིག་ཏུ་གྱུར་པ་གཞིར་བཟུང་ནས་བྲིས་པ་ཡིན་ཡང་།ཁོ་བོར་རྣམ་དཔྱོད་ཞན་སྟབས་ནོར་འཁྲུལ་ཡོད་པ་སྨོས་མ་དགོས་པས་མཁྱེན་ལྡན་གཟིགས་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ལགས་སོ།།

༼ བོན་སྒོ ༽ སྤྱིའི་དེབ་བརྒྱད་པ་ལས་བཤུས།