མདུན་ཤོག

བོན་གྱི་བྱ་འགུལ། - གངས་ལྗོངས་བོན་དྲ་བའི་བོད་ཡིག་པར་ངོས་ཤར་གཏོང་གནང་བ།

གངས་ལྗོངས་བོན་དྲ་བའི་བོད་ཡིག་པར་ངོས་ཤར་གཏོང་གནང་བ།

 


2016-8-26 16:43:52 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་བའི་དྲ་ཚིགས་༼གངས་ལྗོངས་བོན་༽གྱི་བོད་ཡིག་པར་ངོས་ཤར་གཏོང་གནང་བ།

   དེ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་སྤྱི་ལོ་༢༠༠༧ལོར་དབུ་བརྙེས་པ་ནས་བཟུང་ད་བར་མི་ལོ་བརྒྱད་ལྷག་ཟིན་ཅིང་། དེ་ཡི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་ཆེན་བརྗོད་མི་ལོངས་པ་ཞིག་བསྒྲུབས་ཡོད་པ་དང་། དེ་མ་ཟད་དུས་རབས་དང་མཐུན་པའི་སྒོ་ནས་བསྟན་པ་འདི་ཉིད་དར་སྤེལ་དང་ཁྱབ་བསྒྲགས་ཀྱི་བྱ་བ་གལ་ཆེན་བརྩིས་སུ་བཟུང་སྟེ་༢༠༡༡ལོ་ནས་ཚོགས་པའི་ངོས་ནས་བོད་རྒྱ་དབྱིན་གསུམ་ལྡན་པའི་དྲ་བ་ཞིག་གསར་བཟོ་གནང་རྒྱུའི་གྲོས་ཆོད་གནང་སྟེ་དྲ་བའི་སྤྱི་ཁྱབ་འགན་འཛིན་པ་དང་གཙོ་སྒྲུབ་པ་སོགས་བཀོད་སྒྲིག་གནང་། ༢༠༡༣ལོར་སྤྱི་ཁྱབ་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཐར་བདེ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་ལགས་ཀྱིས་སྤྱི་ཁྱབ་འགན་འཛིན་གནང་སྟེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲ་བ་༼གངས་ལྗོངས་བོན་༽གྱི་རྒྱ་ཡིག་པར་ངོས་ཤར་གཏོང་གནང་སྟེ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་ཞིབ་འཇུག་དང་དད་གུས་གནང་མཁན་རྣམས་ལ་ལེགས་སྐྱེས་བསྩལ། ཁྱད་པར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཕྲིན་ལས་ཇེ་རྒྱས་སུ་བསྐྲུན་པའི་ཆ་རྐྱེན་གནང་།

   དེ་ནས་སྔར་གྱི་གྲོས་ཆོད་ལྟར་༢༠༡༦ལོར་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་བཀའ་དགོངས་ལྟར། དྲ་བའི་སྤྱི་ཁྱབ་འགན་འཛིན་པ་ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ཀྱིས་མཐུན་རྐྱེན་ལེགས་བསྐྲུན་འོག ༼གངས་ལྗོངས་བོན་༽དྲ་བའི་བོད་ཡིག་པར་ངོས་དེ་༢༠༡༦་༨་༡༨ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཁམས་ཐར་བདེ་དགོན་དུ་འཚོགས་སྐབས་སུ་དངོས་སུ་ཤར་གཏོང་གནང་སྟེ། བོད་ཡིག་པར་ངོས་ཀྱི་གཙོ་སྒྲུབ་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་དང་། ཚོགས་པའི་རྒྱུན་ལས་ལས་འཛིན་པ་གཟི་རྩ་སྡེ་དགུ་རྫོང་ཁོད་སྤུངས་དར་རྒྱས་དགོན་པའི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་རྣམ་གཉིས་ནས་གཙོ་སྒྲུབ་པའི་འགན་བཞེས་གནང་སྟེ་མ་འོངས་པར་དུས་རབས་དང་མཐུན་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་ལ་ཞབས་ཞུ་སྒྲུབ་པའི་གར་སྟེགས་ཤིག་ཆགས་པའི་ཡིད་ཆེས་ཀྱིས་ཁེངས་ཡོད་པས་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་ལ་བཞུགས་པའི་སྐྱེས་ཆེན་བླ་སྤྲུལ་མཁན་སློབ་དགེ་བཤེས་གྲྭ་བཙུན་ཁག་དང་དེ་བཞིན་སྤྱི་ཚོགས་ཀྱི་ཞིབ་འཇུག་ཆེད་མཁས་པ་དང་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན། སློབ་མ་སོགས་ཀྱིས་དུས་རྣམ་ཀུན་ཏུ་ང་ཚོ་སྤྱི་ལ་དབང་བའི་དྲ་བ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རེ་བཅོལ་དང་བཅས།

གངས་ལྗོངས་བོན་དྲ་བའི་ལས་སྒྲུབ་པ་ཡོངས་ཀྱིས་༢༠༡༦་༨་༢༦ཉིན།