མདུན་ཤོག

བོན་གྱི་བྱ་འགུལ། - མཉེན་ཆས་ཀུན་སྣང་ཁྱབ་པ་དང་ཁྱུང་པོའི་ཁྲ་བྲིས་རིན་མེད་འགྲེམ་སྤེལ་གྱི་སྐོར།

མཉེན་ཆས་ཀུན་སྣང་ཁྱབ་པ་དང་ཁྱུང་པོའི་ཁྲ་བྲིས་རིན་མེད་འགྲེམ་སྤེལ་གྱི་སྐོར།

 


2016-8-31 16:33:30 རྩོམ་པ་པོ། ཚ་བའི་འཕྲུལ་མདས་མཁོ་འདོན་གནང་། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

བོད་ལྗོངས་ཁྱུང་པོ་སྟེང་ཆེན་དགོན་དུ་གསུང་རབ་ཀུན་འདུས་ཀྱི་མཉེན་ཆས་ཀུན་སྣང་ཁྱབ་པ་དང་ཞང་ཞུང་སྒོ་པའི་ཁྲ་བྲིས་རིན་མེད་ཀྱི་འགྲེམ་སྤེལ་དང་འབྲེལ་བའི་གནས་ཚུལ་ཁག་གསུམ།
 ༡  ༽   མཉེན་ཆས་ཀུན་སྣང་ཁྱབ་པ་དང་ཁྱུང་པོའི་ཁྲ་བྲིས་རིན་མེད་འགྲེམ་སྤེལ་གྱི་མཛད་ཆེན་སྤེལ་བ།
དྲེ་བོ་དགེ་བཤེས་སྦྱིན་པ་གཙུག་ཕུད་ཀྱིས་བརྩམས།
06.jpg
07.jpg

ཐོག་མར་མདོ་འཛིན་པ་་དགེ་བཤེས་སྦྱིན་པ་གཙུག་ཕུད་མཆོག་ནས་ཚོགས་བཞུགས་རྣམ་པར་འཚམས་འདྲིའི་བདེ་ལེགས་དང་མཛད་སྒོའི་གོ་རིམ་ངོ་སྤྲོད་གནང་།
08.jpg
གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་སྐྱབས་རྗེ་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེས་མཛད་སྒོ་ཆེན་མོར་ཤིས་ཚིག་སྒྲོན་གནང་མཛད།
09.jpg
ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་རྒྱལ་བ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས་ཤིས་ཚིག་སྒྲོན་གནང་མཛད།
10.jpg
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་མཁན་པོ་འཕགས་མཆོག་སེམས་དཔའ་རིན་པོ་ཆེས་ཤིས་ཚིག་སྒྲོན་གནང་མཛད།
11.jpg

12.jpg
མཁན་བསོད་བཀྲ་རིན་པོ་ཆེ་དང་། སྤྲུལ་སྐུ་བསྟན་འཛིན་བཟོད་པ་རིན་པོ་ཆེས་ཤིས་ཚིག་སྒྲོན་གནང་མཛད།
13.jpg

14.jpg
སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་སྐལ་བཟང་བློ་གྲོས་རྒྱ་མཚོ་དང་། སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ཉི་མ་དོན་གྲུབ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སློབ་ཟུར་ནམ་མཁའ་ཚུལ་ཁྲིམས་དབུས་པའི་ཕྱོགས་ཀྱི་བླ་མ་དང་དགེ་བཤེས་རྣམ་པས་གནང་བའི་ཤིས་ཚིག་བདེན་སྨོན་ཁ་གཅིག་བཀའ་རམས་པ་དྲང་སྲོང་རྒྱལ་མཚན་དང་བོན་གཤེན་བསྭོ་སྒྲའི་རྩོམ་སྒྲིག་པ་དགེ་ལེགས་དཔལ་ལྡན་གཉིས་ནས་རྟེན་འབྲེལ་དུ་གྱེར་འདོན་བྱས།
15.jpg
དགེ་བཤེས་གཡུང་དྲུང་སེམས་དཔའ་ནས་མཉེན་ཆས་ཀུན་སྣང་ཁྱབ་པའི་འགྲེམ་སྤེལ་སྔོན་གླེང་སྒྲོག་སྦྱོང་གནང་།
16.jpg
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་སྤྱི་ཁྱབ་འགན་འཛིན་པ། སྐྱབས་རྗེ་བླ་མ་རིན་པོ་འོད་ཟེར་སྦྱིན་པ་མཆོག་ནས་གཡུང་དྲུང་བོན་གྱི་གསུང་རབ་གཏེར་མཛོད་ཆེན་མོ་མཉེན་ཆས་ཀུན་སྣང་ཁྱབ་པ་རིན་མེད་དུ་བསྩལ་བའི་དམིགས་ཡུལ་དང་ལམ་སྟོན་གསུངས།
17.jpg
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་གཙོ་སྒྲིག་པ་ར་མ་དགེ་བཤེས་མཁས་དབང་ཀུན་རྒྱན་མཆོག་༼ ཁོང་ཉིད་མཛད་བྲེལ་གྱིས་ལྷ་སར་བཞུགས་རྐྱེན་ཐེངས་འདིའི་མཛད་སྒོར་བཞུགས་མ་ཐུབ། ༽ནས་བསྐུར་བའི་སྒོ་མཛོད་དཔེ་ཞུས་སྐབས་ཀྱི་མཐོང་ཐོས་མྱོང་བ་སྙན་སྦུག་གསོང་འདྲེན་ཞེས་པ་དགེ་བཤེས་ཚུལ་ཁྲིམས་མཆོག་ནས་སྒྲོག་སྦྱོང་བྱས།
18.jpg
དགེ་བཤེས་སོ་ཐར་བསྟན་འཛིན་ནས་མཉེན་ཆས་ཀུན་སྣང་ཁྱབ་པའི་ངོ་བོ་དང་ཆེད་ནུས་བཅས་ངོ་སྤྲོད་གནང་།
19.jpg
དགེ་བཤེས་སྦྱིན་པ་གཙུག་ཕུད་མཆོག་ནས་ཁྱུང་པོའི་ཁྲ་བྲིས་རིན་མེད་ཐོག་འགྲེམ་སྤེལ་གནང་བའི་གླེང་བརྗོད་གསུངས།
20.jpg
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་ཚོགས་གཙོ་མཁན་ཡེ་ཤེས་ཚེ་རིང་དང་། མཉེན་ཆས་ཀུན་སྣང་ཁྱབ་པའི་སྒྲིག་འགོད་པ་དགེ་བཤེས་སོ་ཐར་བསྟན་འཛིན་དང་། ཚ་རོང་ཤེར་འོད་རྣམ་གཉིས་་ལ་ཐུགས་རྗེ་ལེགས་གསོལ་ཕུལ།
21.jpg
22.jpg

   དེ་ནས་ཚོགས་བཞུགས་ཚང་མས། མདོ་གཡུང་དྲུང་ཀློང་རྒྱས་ལས་བྱོན་པའི་གཞི་བརྟན་བཀྲ་ཤིས་སྨོན་ཚིག སྒོ་བཞི་མཛོད་དང་ལྔ་ཡི་བོན།།ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།། རིན་ཆེན་སྣ་ལྔའི་གཏེར་བཞིན་དུ།། སེམས་ཅན་དོན་དུ་རྒྱས་པར་ཤོག། ཅེས་པ་དང་། བསྟན་འབར་སྨོན་ལམ་གསུངས་ནས་མཛད་སྒོའི་འཇུག་བསྡུའི་སྟ་གོན་བྱས།

   དེ་ནས་ཚོགས་བཞུགས་རྣམ་པ་ཚང་མས་མཛད་སྒོ་ཆེན་མོ་ལེགས་གྲུབ་ཀྱི་གཏང་རག་ཏུ། གྲགས་ཅན་གྱི་གཞས་མ་ཚེ་དབང་ལྷ་མོས་བཏང་པའི་ ཨེ་མ་སྒོ་བཞི་མཛོད་ལྔ་ ཞེས་པ་དང་། གྲགས་ཅན་གྱི་གཞས་མ་རྣམ་རྒྱལ་ཆོས་འཚོས་བཏང་བའི་ བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ ཞེས་པའི་གླུ་གཞས་གཉིས་གསན་རོལ་བྱས་ཏེ་མཛད་སྒོ་ཆེན་མོ་ཡོངས་སུ་འཇུག་བསྡུས་མཛད། ཐ་ཚན་མུ་ཙུག་སྨར་རོ།།

ཀུ་ཤུ་ཁ་པར་དང་ངོས་སྙོམ་གློག་ཀླད་ནང་ཕབ་ལེན་དྲྭ་གནས། GunLangQiaBa
༢ ༽  ཁམས་ཁྱུང་པོའི་ཁྲ་བྲིས་རིན་མེད་ཐོག་འགྲེམ་སྤེལ་ཞུ་བའི་སྙན་སྒྲོན་ཐོས་པ་དགའ།
གནད་ཀྱི་གཟེར་བུས་བརྩམས།
01.jpg

   གཤེན་རབ་རིག་གནས་ལ་དུང་བ་ཟབ་ཅིང་ཕ་ས་གངས་ཅན་པའི་གཅེས་ནོར་ཁ་མིན་ལག་ཏུ་ལེན་མཁན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་སོགས་དང་། ཕྱོགས་མཐར་ཉེ་རིང་གང་ན་བཞུགས་པའི་རྩམ་དཀར་ལི་ཟོས་གོ་ཆོད་པའི་རྒྱ་ཆེའི་ཤེས་ལྡན་པ་ཡོངས་དང་། དྲང་བདེན་གྱི་ལམ་བུ་མདུན་ནས་འཚོལ་ཏེ་མེས་པོའི་རིག་གཞུང་ལ་གཉེན་སྒྲིག་གནང་བའི་ན་གཞོན་རིག་རྒོད་པ་རྣམས་དང་། རིས་ཆད་ཀྱི་ལྟ་བའི་མཐའ་རྒྱ་རལ་ཞིང་སྤྱི་ཚོགས་ལ་ཁུར་བའི་བསམ་སྦྱོར་ཡ་མ་བྲལ་བའི་སངས་རྒྱས་བསྟན་པའི་ཞབས་ཕྱི་བ་བཅས་ལ་དེ་རིང་འདི་ནས་གཏམ་བཟང་ཞིག་བསྙད་དུ་ཡོད་པ་ནི།  ཁམས་ཁྱུང་པོའི་ཁྲ་བྲིས་འདི་ཉིད་རིན་མེད་ཀྱི་ཐོག་ནས་འབུལ་རྒྱུའི་སྐོར་ནས་གསལ་བརྡ་དེ་ཡིན་ལ། དེ་ཡང་ལོ་རྒྱུས་ལྟར་ན།༼ སྔོན༽སྟོན་པ་རྫོགས་པའི་སངས་རྒྱས་ཞལ་བཞུགས་པའི་དུས་སྟེ། སྤྱི་ལོའི་ཡར་སྔོན 13216 བརྒལ་བའི་ཤིང་ཕོ་འབྲུག་གི་ལོར། རྟག་གཟིགས་ཀྱི་ཡུལ་གསས་ཁང་དཀར་ནག་ཁྲ་གསུམ་ནང་དུ། བྲིས་པ་ཀ་མ་ལི་ཤོ་དང་། ཡི་གེ་འཕྲུལ་ཆུང་། ལྷ་བུ་འཕྲུལ་སྣང་། ལྷ་གསས་དོན་འགྲུབ། གེ་སར་གཞོན་མཛེས་མ་ལ་སོགས་པས་རྒྱལ་བའི་གསུང་རབ་རིན་པོ་ཆེ་སྒོ་བཞི་མཛོད་ལྔའི་བོན་སྡེ་རྣམས། ཤི་ཤོན་གཙང་མའི་ཤོག་གུ་ལ་དྲི་བཟང་སྨན་དང་མེ་ཏོག་མཛེས་པས་ཁ་དོག་བསྒྱུར་ཏེ། རིན་ཆེན་སྣ་ལྔའི་སྣག་ཚས་སྟོན་པ་སངས་རྒྱས་ཀྱི་བཀའ་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་རྣམས། དག་པ་ལྷ་ཡི་ཡི་གེ་ནས་རྟག་གཟིགས་ཀྱི་ཡི་གེ་རུ་བསྒྱུར་བྲིས་བྱས་ཏེ། གསས་ཁང་དཀར་ནག་ཁྲ་གསུམ་དུ་བཞག
དེ་ནས་མི་ལོ་ 7200 སོང་བའི་ཤིང་འབྲུག་ལོ་སྟེ། སྤྱི་ལོའི་ཡར་སྔོན་མི་ལོ་ 6010 ལོར་མུ་ཆོ་ལྡེམ་དྲུག་རྒྱལ་བའི་གདུབ་ཚབ་ཏུ་ཕེབས། ཁོང་གི་སློབ་མ་མཆོག་གྱུར་དྲུག་གི་ཡ་གྱལ། ཞང་ཞུང་ལ་མཁས་པ་ཁྲི་ཐོག་སྤར་རྩ་ཡིས་རྒྱལ་བའི་གསུང་རབ་རིན་པོ་ཆེ་སྒོ་བཞི་མཛོད་ལྔའི་བོན་སྡེ་རྣམས། རྟག་གཟིགས་ཀྱི་སྐད་ཡིག་ནས་ཞང་ཞུང་གི་སྐད་ཡིག་དུ་བསྒྱུར་ཏེ་ཞང་ཞུང་དུ་བསྟན་པ་སྤེལ། དེ་ནས་མི་ལོ་5040 སོང་མཚམས་ཏེ། སྤྱི་ལོའི་སྔོན་གྱི་ 916 སྟེ། ཤིང་ཕོ་འབྲུག་ལ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་འཁྲུངས། མཁས་པ་མི་བཞི་སོགས་ཞང་བོད་ཀྱི་མཁས་པ་ལོ་པན་རྣམས་ཀྱིས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུའི་མགོ་བོ་སྟེ། དེང་དུས་ཆུ་མིག་མཐོང་བ་རང་གྲོལ་ཞེས་པའི་ས་གནས་སོགས་གནས་མི་འདྲ་བ་ཁག་ཏུ་རྒྱལ་བའི་བཀའ་དང་བཀའ་བརྟེན་ཞང་ཞུང་གི་སྐད་ཡིག་ནས་བོད་སྐད་ཡིག་དུ་བསྒྱུར་ཏེ་བྲིས། དེ་ནས་སྤྱི་ལོའི་ཡར་སྔོན་ 667 ཆུ་གླང་ལོར། བོད་རྒྱལ་དགུ་པ་སྤུ་ལྡེ་གུང་རྒྱལ་གྱི་བཀས་བསྐུལ་ལྟར། ཁྱུང་པོ་ལྷ་ཁྱུང་རྒྱལ་དང་མི་ཁྱུང་རྒྱལ་གཉིས་ཀྱིས་ཞང་སྐད་ལས་བསྒྱུར་ཏེ་བོད་ཡིག་ཏུ་བྲིས། དེ་ནས་སླར་ཡང་ཁྱུང་པོ་སྟག་སྒྲ་དུན་གཙུག་སོགས་མཁས་པ་བཞི། ཞང་ཞུང་དུ་ཕེབས་ཏེ་ཞང་ཞུང་གི་མཁས་པ་དུ་མའི་ཞབས་ལ་གཏུག་སྟེ། མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ་མང་པོ་ཞང་ཡིག་ལས་བོད་ཡིག་ཕབ་བསྒྱུར་ཞུས། དེ་ནས་རབ་བྱུང་དྲུག་པའི་ཆུ་ཕག་ལོ་སྟེ། སྤྱི་ལོ 1383 ཡས་མས་སུ་ཁྱུང་ཡུལ་ས་ཡི་ཐིག་ལེ། གདན་ས་དཔལ་གྱི་སྟེང་ཆེན་དུ། གསས་ཁང་བཀྲ་ཤིས་འོད་འབར་ནང་། སྲིད་ན་དཀོན་པའི་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་ཞེས་རྒྱལ་བའི་བཀའ་རྣམས་གསེར་དངུལ་གྱིས་འབྲི་སྐབས་ཁྱུང་ཡུལ་སྟོད་སྨད་ཀུན་ནས་བྲིས་གཟུགས་མཁས་ཅན་གདན་འདྲེན་ཞུས་པའི་ནང་། སྐུ་ན་ཕྲ་ཤོས་ཀྱི་བྲིས་པ་བློ་ལྡན་སྙིང་པོས་ཁྱུང་པོའི་སྲོལ་རྒྱུན་གྱི་བྲིས་གཟུགས་རྨང་གཞིའི་ཐོག རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐུན་མིན་བྲིས་ཁམས་ཀྱི་མཛེས་ཆ་མང་དུ་གཏོད། དེ་ནས་ཁོང་གི་སློབ་མ་ཁྱུང་ཡུལ་སྟོད་སྨད་ཀུན་ལ་ཁྱབ་པས་ད་ལྟའི་ཁྱུང་པོའི་བྲིས་གཟུགས་ཁམས་མི་འདྲ་ཁ་ཤས་ཡོད་པ་ཕལ་ཆེར་ཁོང་གི་སློབ་རྒྱུན་དུ་གཏོགས།
དེ་ནས་རབ་བྱུང་བཅོ་ལྔ་པའི་མེ་བྱི་ལོ་སྟེ། སྤྱི་ལོ་ 1876 ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་གསུམ་པ་མཆོག་སྤྲུལ་ཚུལ་ཁྲིམས་དབང་གྲགས་རིན་པོ་ཆེས་རྒྱལ་བའི་བཀའ་འབུམ་རབ་རྒྱས་ཁང་དུ་ཁྱུང་ཡུལ་གྱི་བྲིས་པ་ཕལ་ཆེར་གདན་འདྲེན་ཞུས་ཏེ། དཀྱུས་གཅིག་ཏུ་གསུང་རབ་རིན་པོ་ཆེ་པོད་ 544 ལག་བྲིས་བྱས་སྐབས་ཁྱུང་པོའི་བྲིས་གཟུགས་ཐད་ལ་ཡར་རྒྱས་ཀྱི་ཚ་རླབས་ཞིག་འཕྱུར་ཡོད་པ་མངོན། དེ་ནས་ཉེ་བའི་ལོ་ཤས་སྔོན་ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས། སྐྱབས་རྗེ་འོད་ཟེར་སྦྱིན་པ་རིན་པོ་ཆེའི་སློབ་སྟོན་འོག རྒྱལ་བའི་བཀའ་རིན་པོ་ཆེ་དཔེ་གཟུགས་གི་ལམ་ནས་དག་བཞེངས་དང་བདལ་ཁྱབ་ཞུས་པའི་ལས་རིམ་ཁྲོད། ཆེས་གཟི་བརྗིད་ལྡན་པའི་མཛད་འཕྲིན་ཞིག་སྟེ། ལོ་རབས་ལོ་ཡི་ཕྲེང་བ་ལས་བརྒྱུད་དེ། མི་རབས་ནས་མི་རབས་བར་བྲིས་རྒྱུད་མ་ཆད་པར། མདོ་ཁམས་ཁྱུང་པོའི་ཡུལ་དུ་དར་བའི་གལ་འགངས་ཆེ་བའི་གནའ་བོའི་ཡིག་གཟུགས། ཁྱུང་པོའི་ཁྲ་བྲིས་འདི་ཉིད་ལ། རྣམ་པའི་ཆ་ནས་བཤད་ན། ལྟ་བ་མིག་ལ་མཛེས་ཤིང་། ཤ་ལྷུ་རུས་གསུམ། དཀར་ཆ་ནག་གསུམ། ལི་ཁམས་ཟག་གསུམ་སོགས་བྲིས་ཀྱི་ཆ་ཚད་དང་ཁམས་གཙང་མཐོང་བདེ་སོགས་གང་ཅིའི་ཐད་ནས། ཁྱུང་ཡུལ་གྱི་ཡིག་བྲིས་པ་རྒན་གྲས་ལྷན་འཛོམས་ཐོག ཡིག་གཟུགས་ཀྱི་སྐོར་ལ་ཕན་ཚུན་གྲོས་གླེང་དང་བརྟག་དཔྱད་མཛད་མཐར། ཡིག་གཟུགས་འདི་ཉིད་བདམས་ཏེ། སྔོན་གྱི་རིག་གནས་སྲུང་སྐྱོབ་དང་། ད་ལྟའི་དགོས་མཁོ། མ་འོངས་མི་རབས་ཚོ་ལ་རྗེས་བཞག་སོགས་དགོས་དམིགས་དུ་མ་དང་བཅས། དེང་གི་སྤྱི་ཚོགས་དང་བསྟུན་ཏེ། ཡིག་གཟུགས་ཆེ་འབྲིང་ཆུང་གསུམ་གྱི་ལམ་ནས། མ་དངུལ་ཁྲི་ཚོ་བཅུ་ཕྲག་དུ་མ་ཕོང་མེད་དུ་བཏང་ནས། གློག་ཀླད་དུ་པར་རྩ་བསྒྲིགས་ཏེ་མཐོང་བྱེད་དབང་པོའི་སྒོ་ཁར་བཤམས་ཡོད་ཅིང་། དེའི་སྐབས་སུ་རིས་མེད་སྤྱན་ཟུང་ཡངས་ཤིང་དཀའ་ཁག་ལ་ཆ་རྒྱུས་མངའ་བའི་སྤུན་ཟླ་ཡོངས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཚད་མཐོའི་གནས་སུ་སླེབས་ཡོད།
༼ད་ལྟ༽དེའི་མ་ཚད་ད་ལྟའི་ཆ་ལ་ཡང་། ཡིག་གཟུགས་འདི་ཉིད་རིན་མེད་ཀྱི་སྒོ་ནས། འབྱུང་ཁམས་རླུང་བུ་བཞིན་སྐད་ཅིག་ངང་འཛམ་གླིང་ཤར་ནུབ་གང་སར་སུ་ལ་གང་དགོས་སུ་བོན་སྦྱིན་གནང་རྒྱུ་ཡིན་འདུག་པས། ཁྱེད་རྣམ་པའི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་། ཡིག་གཟུགས་འདི་ཉིད་ཀྱི་ལམ་ནས་སེམས་ཅན་གྱི་དགོས་མཁོ་ཁ་བསྐོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་།
མ་ཚད། སེམས་ཅན་དགའ་བ་མ་གཏོགས་པའི། སངས་རྒྱས་དགྱེས་པའི་ཐབས་གཞན་མེད། ཅེས་པ་ལྟར། ཡིག་གཟུགས་འདི་ཉིད་ཀྱིས་མི་ཡི་རིགས་ཀྱི་ཤེས་བྱ་ཡོན་ཏན་ལ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱེད་ནུས་པ་སོགས་ཀྱི་ཆ་རྐྱེན་དངོས་ཡོད་ཡིན་པས། འདི་སྤེལ་དགེ་བ་གང་མཆིས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་དང་། ལུང་རྟོགས་ཀྱི་བསྟན་པ་ལ་ཤ་ཞེན་ཆེ་བའི་དད་ལྡན་གྱི་ལྷ་སྡེ་རྣམ་པ་སོགས་ལ་མེ་ཏོག་མཆོད་པའི་དོད་དུ་འགྲོ་ལ་རེ།
༼མ་འོངས༽ད་དུང་མ་འོངས་པའི་ཆར་ཁྱུང་པོ་དཀར་རུའི་བྲིས་རྙིང་ངམ་ཡོངས་གྲགས་སུ་ཁྱུང་བྲིས་ཅེས་འབོད་པའི་ཡིག་གཟུགས་སྤུས་ལེགས་གཅིག་དང་། སྤྱི་ཁོག་མཚུངས་ཀྱང་ཡི་གེའི་ཕྱི་དབྱིབས་ཏོག་ཙམ་མ་འདྲ་བའི་ཁྲ་བྲིས་ཡིག་རིགས་གཅིག་བཅས་བྲིས་གཟུགས་གཉིས་ཙམ། ཡི་གེ་ཆེ་འབྲིང་ཆུང་གསུམ་གྱི་ཐོག་ནས་རིན་མེད་དུ་འབུལ་འཆར་ཡོད་པ་ལ། ལས་དོན་དེའི་ཐད་ཧ་ཅང་མགོ་ཁྲོག་ཚ་བ་སོགས་ཀྱིས་རྐྱེན་པས། ད་ལྟ་མཉམ་སྤེལ་ཞུ་མ་ཐུབ་ཀྱང་། མི་འགྱང་བར་ཁྱེད་རྣམ་པའི་སྤྱན་སྔར་འབུལ་རྒྱུའི་འཆར་གཞི་ཡོད་པ་བཅས་སོ།།

ཕབ་ལེན་དྲྭ་གནས་ http://www.qiongbuwang.com
02.jpg
03.jpg
04.jpg
05.jpg
༣  ༽  ཀུན་སྣང་ཁྱབ་པའི་མཉེན་ཆས་རིན་མེད་ཐོག་ཤར་གཏོང་བྱས་པའི་གསལ་བརྡ།
15.jpg
དགེ་བཤེས་གཡུང་དྲུང་སེམས་དཔས་བརྩམས།

   རི་བོ་གངས་རྒྱལ་ཏི་སེེ་འགོ་ཁུངས་སུ་བྱས་པའི་ཁ་འབབ་ཆུ་བོ་རྣམ་བཞིའི་རླབས་རྒྱུན་གྱིས་ཨེ་ཤ་ཡའི་སྣོད་བཅུད་ཟུང་གི་ས་གཤིས་སྣུམ་པོ་བརླན་པར་བྱས་ཤིང་ནང་གནས་ཚེ་སྲོག་གི་ཟུངས་སྟོབས་སྐྱེད་པའི་མཐུན་རྐྱེན་དུ་སོང་ཡོད་པ་ཇི་བཞིན། ཡུལ་དབུས་ཞང་ཞུང་རྒྱལ་ཁམས་དཀྱིལ་སྙིང་དུ་བྱས་པའི་ཞང་བོད་མི་རིགས་དང་ལོ་ཟླ་བསྐལ་པ་རིང་མོ་ས་ལ་ཆགས་པ་ནས་བཟུང་མཉམ་འདྲིས་མཉམ་གཤིབས་སུ་འགྲོགས་ཡུན་རིང་བའི་ཤན་སྟོབས་ཀྱིས་རིགས་རྒྱུད་འདི་ཡི་འཚོ་བའི་གཤིས་ལ་འབྱར་ཞིང་རྒྱུད་ལ་གོས་པའི་ཆོས་རིག་རྙིང་པ་གཡུང་དྲུང་བོན་གྱི་ལྟ་གྲུབ་རིག་གནས་དང་བཅས་པ་འདི་ཉིད་ཀྱིས་ཁྱིམ་མཚེས་རྒྱ་དཀར་ནག་དང་། ཁྲོམ་སྟག་གཟིག་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་མི་ཡི་བསམ་བློའི་འཁྱེར་སོ་དང་བསམ་སྤྱོད་ཀྱིས་བསྐྱེད་པའི་ཆོས་དང་རིག་གནས་སོགས་ལ་སྒོ་ཀུན་ནས་ཤོག་བུར་སྣུམ་གྱིས་ཟིན་པ་བཞིན་ཤན་སྟོབས་ཀྱིས་བཟུང་ཡོད་པའི་བཤད་ཕྱོགས་ལ་མཁས་པ་མང་པོའི་ཞལ་བཞེས་གནང་མོས་བཞིན། བོད་རང་ས་ནས་བྱུང་བའི་བོན་ཆོས་འདི་ཉིད་བོན་གྱི་ཤེས་རིག་གི་དཀྱིལ་སྙིང་ཡིན་པའི་ཡུལ་དབུས་ཞང་ཞུང་ནས་འབབ་པའི་ཆུ་བཞིའི་བཞུར་རླབས་དང་བསྡོངས་ནས།ཡུལ་ཚན་མི་གཅིག་པའི་ཐ་གྲུ་རྒྱལ་ཁམས་མང་པོར་མཆེད་སྤེལ་དུ་སོང་ཞིང་། འཚོ་སྟངས་མི་མཐུན་པའི་མི་རིགས་འདྲ་མིན་གྱི་ལྟ་གྲུབ་དང་ཀུན་སྤྱོད་ལ་སིམས་འཛུལ་བྱུང་བ་དང་། ངོ་བོ་དང་རྣམ་པ་མི་འདྲ་པའི་ཤེས་རིག་གང་མང་ལ་དངོས་བརྒྱུད་ཅི་རིགས་ནས་ཉེར་རྒྱུ་དང་ལྷན་གཅིག་བྱེད་རྐྱེན་དུ་སོང་ཡོད་པར་དོན་དངོས་སུ་གྲུབ་ཡོད། དར་རྒུད་གཉེར་རིས་བརྩེགས་པའི་དུས་ཀྱི་འགྱུར་ལྡོག་གམ་ལོ་རྒྱུས་ཆུ་ཀླུང་རིང་མོའི་རླབས་ཤུགས་འཕྱུར་བའི་རྦ་ཀློང་ཁྲོད་ན་ཀོ་གྲུ་བཞིན་གཡེང་བའི་བོན་བསྟན་འདི་ཉིད་སྐབས་འགར་རྐྱེན་ངན་གྲོགས་ཤར་གྱིས་རང་གཞིས་ནས་རྒྱང་འདེད་བྱས་པས་དབལ་སོ་གངས་ཀྱི་གདུལ་ཞིང་ལས་ཕར་ཕར་བརྒལ་ཏེ་མི་རིགས་གཞན་གྱི་སྤྱི་ཚོགས་སུ་གནས་གཞི་གསར་འཛུགས་ཀྱི་གླགས་རྙེད་ཅིང་མཆེད་སྤེལ་བྱེད་པའི་དབུ་ཟུགས་པ་དང་། ལན་རེར་རང་ས་རང་མལ་དུ་ཆགས་འཇིག་བོར་གཏོར་གྱི་དཀའ་སྡུག་གང་མང་ལ་འཕྲད་ཅིང་རྡུང་རྡེག་ཚ་གཅུན་གྱི་དོ་ཕོག་ཅི་རིགས་མྱོང་པའི་བརྒྱུད་རིམ་ནས། གྲི་གུམ་བཙན་པོས་མཐའ་ནས་མཐའ་རུ་སྤྲད་པའི་ངལ་བ་བླངས་ཤིང་། ཁྲི་སྲོང་ལྡེ་བཙན་གྱིས་མེ་ལྷར་ཞུགས་འབུལ་བྱེད་པའི་ལས་ཀ་བསྟར་བ་མ་ཟད། རིག་གནས་གསར་བརྗེ་ཡིས་ཀུན་གཞི་བརྗེ་སྤོ་བགྱི་བའི་བྱ་བ་བརྩམས་ཀྱང་། ད་དུང་ནང་སེམས་ལ་དུད་དྲེགས་བཞིན་གཤིས་སུ་གོས་ཡོད་པའི་མི་རིགས་ཀྱི་དཔའ་བོ་ངོ་མ་འམ་བསྟན་པ་འཛིན་པའི་སྐྱེས་ཆེན་ཚོས་འགྲོ་བའི་སྤྱིར་ནོར་དམ་པ་འདི་ཉིད་གདུལ་བྱ་ཐུན་མོང་གི་བགོ་སྐལ་དུ་རྒྱུན་ཆགས་སུ་གནས་ཤིང་ཕ་ནོར་བུ་ལག་ཏུ་བཞག་པའི་ངལ་བ་ལྷུ་རུ་བླངས་ནས་གཅེས་སྲོག་དོ་བསྡོས་ཀྱིས་སྲུང་ཉར་མཛད་ཅིང་ཕྱི་རབས་སྒང་པ་བོད་ཀྱི་སྤྱོད་སྐལ་དུ་བརྒྱུད་སྤྲོད་མཛད་པ་ནི་རྩོལ་མེད་ལྷུན་འགྲུབ་ཀྱིས་བྱུང་བ་ཞིག་མིན་པར་དཀའ་ཚེགས་རྔུལ་ཆུ་རློན་པའི་གྲུབ་འབྲས་ཉག་གཅིག་ཡིན་པ་རྗེས་རབས་ངེད་ཚོས་རྟོགས་དགོས་པའི་གནས་ལུགས་ཤིག་གོ།། དེ་ལྟར་དུས་རབས་རིམ་བྱུང་ནང་སྔོན་གཤེགས་མཛངས་མི་ཚོའི་བློ་གྲོས་ཀྱིས་བསྐྲུན་པའི་ཡིག་ཚགས་བོང་ཚད་གཏོས་ཆེ་བའི་གཅེས་ནོར་འདི་རྣམས་སྐབས་བབས་སུ་ཉར་ཚགས་དང་ད་ལྟའི་དུས་རབས་སུ་རྐང་འཛིན། འབྱུང་གྱུར་མི་རབས་ཕྱི་མར་བརྒྱུད་སྤྲོད་བྱེད་པ་ལ། ཁ་སྒོ་མེད་ལས་གཏམ་ཚོད་མེད་བཤད་པས་འཐུས་པ་ཞིག་དང་དགའ་ཧོའི་རྡོ་སྲེག་གི་གླེན་ཚུགས་བྱེད་པའི་ཡོང་བ་ཞིག་མ་ཡིན་པར་ཡུལ་དུས་འཁོར་ཕྱོགས་ལ་དཔྱོད་གྲུང་གི་མིག་དབང་སྤྱད་སྟེ་བསྟན་རྒྱུན་སྤེལ་བའི་བྱ་བར་འཇུག་དགོས་པ་མ་ཟད་སྔོན་འགྲོའི་ལས་ཀར་འཇུག་པའི་གདེང་ཚོད་དང་། ལས་ཀའི་བྱ་རིམ་ལ་རབ་རིབ་མག་མོག་གིས་དམིགས་རྣམ་མི་གསལ་བ་མ་ཡིན་པར་གང་བགྱིས་ལས་ཀའི་བྱ་རིམ་སེམས་ལ་ཁྲིགས་ཁྲིགས་སུ་ཡོད་དགོས་ཤིང་། དངོས་གཞིའི་བྱ་བར་ཞུགས་རིང་དཀའ་ཚགས་དང་དུ་ལེན་པའི་སྡུག་རུས་དང་། བྱ་བ་རྒྱུན་སྐྱོང་ཡོང་བའི་ཆོད་སེམས། ལས་ཀའི་དམིགས་རྣམ་འགྲུབ་པའི་དམ་བཅའ་སོགས་ཚང་བ་ཡིན་ན། མཇུག་མའི་གྲུབ་འབྲས་ནི་སུ་ཡིས་སྒྲུན་དུ་མེད་པའི་ཁེ་བཟང་རེག་པ་གོར་མ་ཆག རྒྱལ་བསྟན་འཕེལ་འགྲིབ་ཀྱི་ཤིང་རྟའི་ཁ་ལོ་གང་དུ་བསྒྱུར་མིན་ནི་སེམས་ཅན་གྱི་ལས་དང་སྨོན་ལམ་ལ་ཆ་ཤས་ཙམ་འབྲེལ་བ་ཡོད་པ་བདེན་དུ་ཆུག་ཀྱང་རྣམ་པ་ཐམས་ཅད་དེ་ལ་ཁག་འགེལ་བྱས་ན་བསྟན་པའི་དབུགས་རྒྱུན་འགག་པའི་རྒྱུ་ཙམ་ལས་གང་ཡང་མིན་པར་ངེས་སྟེ། དུས་རབས་སྔ་ཕྱི་ནང་བྱོན་པའི་སྐྱེས་ཆེན་གནམ་གྱིས་ས་བཀབ་ལྟ་བུ་རེ་རེ་ཡིས་རྒྱལ་བསྟན་དཀར་འཇམ་ཡུག་ཅིག་ཁོར་ཡུག་ནས་ཁོར་ཡུག་ལ་ཁྱབ་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བསམ་ན་སྐྱེས་བུ་སྒེར་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་དང་ཤེས་རབ་ཀྱི་མཇུག་སྒོ་ཟབ་མིན་ལ་རག་ལས་ཡོད་པར་མྱོང་བ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནམ། ཚན་རྩལ་བུ་མོས་ས་ཆེན་དལ་གྱིས་སྒུལ་ཏེ་མིའི་སྤྱི་ཚོགས་ཀྱི་ཉེར་སྤྱོད་ཚང་མ་གསར་དར་ཚན་རིག་གི་མྱུར་སྟབས་དང་བསྟུན་ནས་ལས་ཀ་ཕྲ་རགས་ཀུན་སྒྲུབ་ཅིང་བྲེལ་བའི་དུས་རབས་འདིའི་ནང་།ཡུལ་དུས་འཁོར་ཕྱོགས་དང་མཐུན་པར་བསྟན་པ་སྤེལ་བ་ལ་ལྷ་དང་སྲུང་མས་ཆེད་མངག་གི་བཀའ་ཕབ་དང་ལེན་གནང་ནས་བྱོན་པ་དང་དབྱེར་མ་མཆིས་པའི་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་རླབས་ཆེན་གྱི་ལས་གཞི་ཁག་ལས་ཆ་ཤས་གཅིག་ནི། བོད་སྤྱི་ཡོངས་ནས་བོན་གྱི་དཔེ་ཆ་རྣམས་དེང་རབས་མི་ཡི་སྟབས་བདེའི་སྤྱོད་སྒོ་དང་མཐུན་པའི་དཔེ་རྒྱུན་འགྲེལ་སྤེལ་བྱེད་ཕྱོགས་ཆེས་ཉུང་བ་དང་། གྲུབ་མཐའ་གཞན་དང་བསྡུར་ན་རྒྱལ་སྤྱི་རྒྱལ་ནང་གི་དཔེ་ཚོང་ཁང་སོགས་ནས་ཚུལ་མཐུན་འགྲེམ་སྤེལ་ཆོག་པའི་བོན་པོའི་ཕྱོགས་ཀྱི་དཔེ་ཆ་ཧ་ཅང་མཐོང་སྣང་དཀོན་པ། བོན་གྱི་སློབ་གཉེར་བ་ཚོར་དཔེ་ཆ་མཁོ་འདོན་གྱིས་མི་འདང་བའི་དཀའ་ངལ་ཡོད་པ། དད་འབངས་མང་ཚོགས་རྣམས་ལ་རྒྱུན་མཁོའི་འདོན་ཆ་རིགས་ཀྱི་ཁེ་སྤོབས་ཅི་ལོན་མ་གཏོགས་གོང་ཚད་འོས་འཚམས་མིན་པའི་ཚོང་འགྲེམ་ཆེ་བ་སོགས་རྗེས་ལུས་དང་འོས་བབ་མེད་པའི་གནས་སྟངས་ཁག་ལ་དགོངས་པ་ཆེད་དམིགས་ཀྱིས་གཟིགས་ནས་སྤྱི་ལོ༢༠༠༢ལོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དབུ་འཛུགས་གྲུབ་པ་ནས་བཟུང་། རྩ་འཛུགས་ལྡན་པའི་ལས་ཀའི་མི་སྣ་ཁྱོན་སྡོམ་ལྔ་བཅུ་ཡས་མས་ཀྱིས་དཀའ་སྡུག་ཆེན་པོའི་མི་ལོ་བཅུ་བཞིའི་རིང་ལ་དེ་སྔར་ཡོངས་ཁྱབ་ཏུ་སྤྱོད་སྐལ་མ་བྱུང་བའི་དཔེ་དཀོན་གང་ཡོད་རྣ་ཐོས་བྱུང་རིགས་མདོ་དབུས་སྟོད་སྨད་ཀྱི་དུད་ཁྱིམ་རེ་རེའི་སྒོ་རྩར་བཅར་ནས་དཔེ་རྙིང་འཚོལ་བསྡུ་དང་རྩ་དཔེ་འཕྲུལ་བཀོག ཡི་གེ་དག་ཞུས་བྱས་ཤིང་། དང་པོར་བྱ་བ་ཆུང་ཚགས་ནས་མགོ་རྩོམ་པའི་དམིགས་འབེན་ཡིད་ཡུལ་དུ་བཅང་ནས་རྒྱ་ཆེ་དད་འབངས་མང་ཚོགས་ནང་ལ་རྒྱུགས་ཆེ་ཞིང་སྤྱོད་སྒོ་ཡངས་པའི་ཆོ་ག་སྒྲུབ་སྐོར་རིགས་བྲིས་གཟུགས་མི་སྤུས་པ་དང་ཤོག་བུ་ཞིག་རལ་སོང་རྣམས་དེང་རབས་འཕྲུལ་པར་མཐུན་རྐྱེན་གྱིས་ཁ་སྐོང་དང་ཉམས་གསོ་ལེགས་པར་བགྱིས་ཏེ་ཕྱོགས་གང་སར་འགྲེམ་སྤེལ་ཤུགས་ཆེར་བྱས་པས། ཚུར་ལ་མི་དམངས་མང་ཚོགས་ངོས་ནས་ཀྱང་རང་འགུལ་གྱིས་དགའ་བསུ་དང་རྒྱབ་སྐྱོར་བླ་ལྷག་བསྩལ་བྱུང་བ་མ་ཟད་ཕར་ལ་དཔེ་ཆའི་རིན་གོང་དང་། དཔེ་སྤུས། ཁྱབ་ཚད་སོགས་ཕྱོགས་གང་ཅི་ཐད་ནས་སྔར་བྱུང་མྱོང་མེད་པའི་དད་ལྡན་ཕྱོགས་ལ་ཞབས་ཕྱི་བསྐྲུན་ཡོད། རིམ་བཞིན་ལས་ཀའི་བྱ་བ་དངོས་ལ་ཞུགས་ཤིང་བྱ་བའི་ཉམས་མྱོང་གོང་མཐོར་སོང་རིམ་དང་། ལས་ཀའི་མཇུག་འབྲས་རྣམས་བསྟན་འགྲོར་སྨན་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་ནམ་ལང་ཉི་ཤར་ཡིན་པར་བསྟན་པ་ལ་ཁ་ཞེ་གཉིས་མེད་ཀྱི་ཤ་ཚ་ཅན་གྱི་སྐྱེས་བུ་མི་ཉུང་བས་ལེགས་གསོལ་བསྔགས་བརྗོད་ཀྱི་བཀའ་ལན་བྱུང་བ་དང་། ལས་ཀ་བགྱི་མཁན་གྱི་ངོས་ནས་ཀྱང་དཀའ་ཚེགས་རྔུལ་ཆུ་རློན་པ་དཔྱད་ཞིབ་མྱོང་གསུམ་གྱིས་དཔོག་པའི་དམིགས་འདུན་ལ་གཏོར་བཞིན་ཡོད་པར་མཐོང་རིམ་དང་བསྟུན། ངེད་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཚན་པ་སྔར་མེད་ཀྱི་སྤོབས་པ་དང་ཧུར་བརྩོན་གྱིས་མདུན་ཕྱོགས་སུ་བསྐུལ་ཏེ་གོམ་གང་མདུན་སྤོས་ཀྱིས་ལས་ཀའི་གཞི་རྒྱ་ཇེ་ཆེར་ལ་འཇུས་ནས་བྲིས་སྤུས་ལེགས་གདམ་གྱིས་གྲུབ་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་པོད་གྲངས ༡༡༠ ཐམ་པ་ཉིས་སྟོང་དགུ་ཡི་ལོ་ལ་དཀའ་སྡུག་ཨམ་གཙིགས་རང་བསྡམས་ཀྱི་བརྒྱུད་རིམ་ནས་ལེགས་གྲུབ་བྱུང་ཏེ་རྒྱལ་ཕྱི་རྒྱལ་ནང་དང་མདོ་དབུས་སྟོད་སྨད་གང་སར་ཁྱལ་བདལ་དུ་བཀྲམ་ཐུབ་པར་བྱུང་ཡོད་ཅིང་། ཡོངས་ཁྱབ་ལ་བྲིན་རྒྱུག་ཆེ་བའི་རྐྱེན་གྱིས་དཔར་ཐེངས་དང་པོས་མ་འདང་པའི་གནས་ཚུལ་འོག་སྔ་ཕྱི་དཔར་ཐེངས་གསུམ་དུ་བསྐྱར་དཔར་གྱིས་རྒྱ་ཆེ་བོན་སྤྱོད་མཁན་རྣམས་ཀྱི་མངོན་འདོད་ལེགས་པར་བསྐངས་ཡོད། དེ་ལྟར་ཐེག་པ་རིམ་འཛེགས་ཀྱིས་སླར་ཡང་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་དག་བཞེངས་ཆེད་དུ་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་དཀའ་ཚེགས་ལག་ལྟར་བགྱིས་པའི་མྱོང་འབྲས་སྨིན་ཏེ་སྤྱི་ལོ༢༠༡༤ལོར་སྔར་ཆོད་ཡོངས་གྲགས་ཡིན་པའི་རྒྱལ་བའི་གསུང་རབ་རྣམས་གཞིར་བྱས་ཐོག་གསར་དུ་བཙལ་འཚོལ་གྱིས་རྙེད་དོ་ཅོག་ཁྱུང་ལུགས་ཁྲ་བྲིས་ཀྱི་ཡིག་གཟུགས་གཅིག་སྒྱུར་བྱས་པའི་པོད་གཟུགས་སུ་འགྲེམ་སྤེལ་ཞུས་ཤིང་དུས་བསྟུན་འཕེལ་རྒྱས་ཆོས་ཉིད་བདེན་པས་རྒྱལ་བའི་བཀའ་ཡི་ཤོག་ལྷེ་གསར་བསྒྱུར་གནང་གྲུབ་པར་བྱས་ཡོད། དེ་ཉིད་སྤྱི་ལོ༢༠༡༥ ལོར་གསུང་རབ་སྒོ་མཛོད་རིན་པོ་ཆེ་ཞུ་བའི་མཚན་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་ལ་འགྲེལ་སྤེལ་ཆོག་པའི་གཞུང་གི་དཔེ་རྟགས་ཚད་ལྡན་ཡོད་པའི་དེབ་གཟུགས་སུ་དཔར་བསྐྲུན་ལེགས་པར་གྲུབ་སྟེ་རྒྱལ་བའི་གསུང་རབ་རིན་པོ་ཆེ་དེང་དུས་ཡོངས་ཁྱབ་ཀྱི་སྤྱོད་སྒོ་ཆེ་བའི་དེབ་གཟུགས་ཀྱི་ཕྱི་རྣམ་དང་བཅས། གབ་སྦས་སྐུང་གསུམ་གྱི་བློ་དོགས་གང་ཡང་མྱོང་མི་དགོས་པར་ཚུལ་མཐུན་གྱིས་ཤར་བསྐྱོད་ཆོག་པའི་དཔང་ཡིག་བསྣམས་ནས་སའི་གོ་ལའི་མདུན་རྒྱབ་ཀུན་ལ་ཁྱབ་པར་བྱས་ཡོད། རིམ་བཞིན་བྱ་བཞག་ཁག་གཅིག་གྲུབ་གཉིས་འཇུ་ཡི་གོམ་སྟབས་རིམ་པར་སྒྱུར་བའི་དཀའ་སྡུག་ཁྲོད་ནས་ད་ཐེངས་ཀྱི་རབ་བྱེད་ནི་ལོངས་སྐུ་ཀུན་སྣང་ཁྱབ་པའི་སྐུ་ཡི་བ་སྤུ་བུ་ག་ཙམ་ལ་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་འཕྲིན་ལས་ཚུད་ཅིང་ཕྱག་གི་བུམ་པའི་ཁ་རྒྱན་གྱི་མེ་ཏོག་པདྨའི་གེ་སར་གཅིག་ལའང་མི་མཇེད་སྟོང་གསུམ་འཇིག་རྟེན་ཡངས་དོག་མེད་པར་ཤོང་ཞིང་སྣོད་བཅུད་ཟུང་ལ་ཀུན་ཁྱབ་དུ་གནས་པའི་ཚུལ་ནི་རྒྱུད་ལུང་གིས་གྲུབ་པ་ལྟར་གྱི་འདི་ཡང་མཉེན་ཆས༼ཀུན་སྣང་ཁྱབ་པ༽ལ་རྒྱལ་བའི་བཀའ་འདུས་སོ་ཅོག་དང་བཀའ་བརྟེན་ཡོད་ཚད་པོ་ཐམས་ཅད་ཡངས་དོག་མེད་པར་ཤོང་ཞིང་གསུང་རབ་ལ་འདུན་པའི་སྟོབས་ཀྱིས་འཇུག་པའི་སའི་གོ་ལའི་སྒང་གཤོང་ཀུན་ལ་གནས་གཞི་འཆའ་བའི་སྐྱེ་བོ་ཕོ་མོ་རྣམས་ལ་ཆོས་ལུགས་དང་རྒྱལ་མཚམས་མི་རིགས་སོགས་གང་གིས་རེས་གཅོད་མེད་པའི་སྒོ་ནས་ཀུན་ཁྱབ་དུ་སྤྱོད་སྐལ་ལྡན་པའི་རྟེན་འབྲེལ་གྱི་གནད་ལ་གཟབ་སྟེ་ལོངས་སྐུ་ཀུན་སྣང་ཁྱབ་པའི་མཚན་གཡར་ཞུས་པའི་མཉེན་ཆས༼ཀུན་སྣང་ཁྱབ་པ༽འགྲོ་བ་ཐུན་མོང་ལ་རིན་མེད་སྒོས་ཉམས་ཞིབ་དང་ལྟ་ཀློག་ཐུབ་པར་བརྡ་འཕྲིན་གྱི་ལམ་ནས་མངོན་པར་བྱས་ཡོད། མཉེན་ཆས་འདིའི་ནང་གསེས་ལ་རྒྱལ་བའི་བཀའ་ཡི་སྡེ་ཚན་དང་། ཕྱིས་འབྱུང་བཀའ་བརྟེན་གྱི་སྡེ་ཚན། མཁས་པའི་གསུང་འབུམ་གྱི་སྡེ་ཚན། ཟུར་བཏོན་དཔེ་ཚོགས་ཀྱི་སྡེ་ཚན་སོགས་གྱིས་གྲུབ་ཡོད་ཅིང་། སྡེ་ཚན་བྱེ་བྲག་རེ་རེའི་ནང་ལ་ཆེད་བཀར་གྱི་སྡེ་ཚན་ཕྱེས་ཡོད། ད་ཐེངས་བཀའ་ཡི་སྒྲོམ་གཞིའི་ནང་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཆ་ཚང་བཅུག་ཡོད་ཅིང་། བཀའ་བརྟེན་གྱི་སྡེ་ཚན་ནང་ཡི་དམ་གསས་མཁར་མཆོག་ལྔ་གཙོས་པའི་བཀའ་བརྟེན་རྣམས་འཕྲུལ་བཀོག་དང་དག་ཞུས་བྱེད་མུས་ཡིན་ཞིང་མི་རིང་བར་འཇོག་ཐུབ་པའི་རྩིས་གཞི་ཡོད། གསུང་འབུམ་གྱི་སྡེ་ཚན་ནང་ལ་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཆ་ཚང་དང་ཁྱུང་སློབ་ཚུལ་རྒྱན་པའི་གསུང་འབུམ་ཆ་ཚང་བཞག་ཡོད། གཞན་ཡང་རྗེ་རིན་པོ་ཆེའི་གསུང་འབུམ་མཚོན་པའི་བོན་གྱི་མཁས་པ་རིམ་བྱོན་གྱི་གསུང་འབུམ་རྩིས་འཕྲུལ་ཐོག་གོག་ཡོད་ཅིང་དག་ཞུས་གྲུབ་པ་རྣམས་ངེད་ཀུན་སྣང་ཁྱབ་པའི་ལས་ཀའི་མི་སྣར་མཐུན་སྦྱོར་རོགས་རམ་གནང་མཁན་བྱུང་ན་བཀའ་དྲིན་ལེགས་གསོལ་དང་བཅས་ལས་ཀ་བགྱིད་མཁན་གྱི་མིང་ཐོ་དང་དཔེ་བསྐྲུན་བྱས་ཕྱོགས་ཀྱི་བརྒྱུད་རིམ་གང་འཁོད་ལ་ཐུག་རེག་མེད་པར་སོར་བཞག་བྱེད་ཐོག་གསུང་འབུམ་སྡེ་ཚན་ནང་འཇོག་པའི་འཆར་གཞི་ཡོད། གལ་སྲིད་དེ་ལྟར་རོགས་རམ་བགྱིད་མཁན་མ་བྱུང་ན་ཡང་ངེད་ཚོས་ཕྱིས་བྱོན་བོན་གྱི་མཁས་པའི་གསུང་འབུམ་རྣམས་ཡིག་གཏག་དང་ཞུ་དག་གྲུབ་རིམ་བཞིན་སྤྱན་འབུལ་ཞུ་ཐུབ་པར་བྱེད་འཆར་ཡིན། དཔེ་ཚོགས་ཀྱི་སྡེ་ཚན་ནང་ལ་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ནང་ནས་བོན་གྱི་སློབ་གཉེར་བ་ཚོར་ཆེད་དམིགས་སྦྱང་བྱ་རུ་ཟུར་བཏོན་བགྱིས་པའི་དཔེ་ཚོགས་རྣམས་འཇོག་པའི་རྩིས་གཞི་ཡོད། གོང་ཞུས་ལྟར་དཔེ་ཚོགས་སྒོ་བཞི་མཛོད་ལྔའི་ཡང་བཅུད་ཀྱིས་མཚོན་པའི་དཔེ་ཚོགས་ཁག་འཕྲུལ་བཀོག་ཡོད་རིགས་མཐུན་སྦྱོར་རོགས་རམ་གྱི་བཀའ་དྲིན་བསྩལ་རོགས་ཞུ་རྒྱུ་ཡིན། སྐོར་ཐེངས་དང་པོར་གོང་ཞུས་བཞིན་རྒྱལ་བའི་བཀའ་གསུང་རབ་སྒོ་མཛོད་རིན་པོ་ཆེ་མཉེན་ཆས་ཀུན་སྣང་ཁྱབ་པའི་གཟུངས་གཞུག་ཏུ་ཕུལ་ཏེ་སྤྱན་བསྟར་ཞུས་ཡོད་ཅིང་རྩ་བའི་གསུང་རབ་ཞུ་དག་བྱེད་ཕྱོགས་དང་། རྩ་དཔེ་གང་བཞག དཀའ་སྡུག་ཅི་འཕྲད་སོགས་དང་། བོན་གྱི་བཀའ་འགྱུར་འཚོལ་བསྡུ་བྱས་པའི་བརྒྱུད་རིམ་ནས་སྔོན་ཆད་བཀའ་འགྱུར་ཞུ་སྒྲིག་པ་གང་གིས་རྙེད་སོན་མ་ཐུབ་པའི་དཔེ་དཀོན་ཇི་ཙམ་ཉམས་གསོའི་ཁ་སྐོང་དུ་ལེགས་སྐྱེས་སུ་བསྩལ་ཡོོད་མེད་སོགས་ལ་ཞོགས་འུར་གྱི་དབང་དུ་མ་སོང་པར་ཐུགས་མཉམ་བཞག་སྟེ་བསམ་གཞིགས་གནང་མཁན་ཡོད་ན། ཤ་སྐམ་ལག་སྤྲད་ཚུལ་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་དཔེ་བསྡུ་བྱེད་ཕྱོགས་ཀྱི་ངོ་སྤྲོད་ཞིབ་ཅིང་རྒྱས་པ་སྒོ་མཛོད་གཙོ་ཞུས་པ་ར་མ་དགེ་བཤེས་མཁས་དབང་ཀུན་བཟང་རྒྱལ་མཚན་གྱིས་ཞུ་བསྒྲིགས་ཆེད་གླེང་བསྡུས་བརྗོད་ནང་དུ་གསལ་ཡོད་ཕྱིར་དེར་སྤྱན་མིག་གཡོ་བའི་ཁོམ་གླགས་བཙལ་རོགས། བོན་གྱི་སྡོང་རོགས་བོན་གྱིས་བྱེད་ཅེས་པ་ལྟར། ངེད་གཡུང་དྲུང་བོན་ཀྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་བཙལ་འཚོལ་བྱས་པའི་དཔེ་རྙིང་ཡོད་རིགས་དང་། ཞུས་བསྒྲིགས་ཟིན་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམས་ཞི་མིའི་རྟུག་པ་སར་སྐུང་གི་རྟུལ་ཞུགས་མ་འཛིན་པར། བསྟན་པ་ལ་སྨན་པའི་རླབས་ཆེན་བྱ་བ་གཉེར་མཁན་གྱི་མི་སྣ་ཁག་ལ་མཐུན་སྦྱོར་གནང་བའི་ཚུལ་ཟུར་ཙམ་ཞུས་ན། རྩེ་དྲུག་བླ་མ་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེས་བོན་གྱི་བཀའ་འགྱུར་རྒྱ་བསྒྱུར་གནང་བར་མཐུན་རྐྱེན་དུ་ཡིག་གཏག་དང་ཞུ་དག་ཆ་ཚང་གྲུབ་པའི་མདོ་དྲི་མེད་གཟི་བརྗིད་དང་སྐལ་བཟང་སྡེ་ལྔ་མཚོན་པའི་སྒོ་མཛོད་གླེགས་བམ་ཉེར་གསུམ་ཙམ་སྤྲད་ཟིན་ཞིང་རྒྱ་འགྱུར་གྲུབ་རིམ་བཞིན་རྩ་བའི་སྒྱུར་དཔེ་ལ་གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་ཆ་ཚང་སྤྲད་པའི་ཁ་དན་བྱིན་ཡོད་པར་མ་ཟད་ལོ་ངོ་བཅུ་བཞིའི་རིང་ལ་བཙལ་འཚོལ་བྱས་པའི་དཔེ་རྙིང་པོད་སུམ་བརྒྱ་ཙམ་གྱི་དཔར་གཞི་ཕུལ་ཡོད། དེ་བཞིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་བོན་གྱི་ཚིག་མཛོད་བསྒྲིག་པའི་མཐུན་རྐྱེན་ལ་བཀའ་བརྟེན་འགྱུར་འཕྲུལ་བཀོག་གི་ཞུ་དག་གྲུབ་པའི་གླེགས་བམ་དྲུག་ཅུ་ལ་ཉེ་བ་མཐུན་སྦྱོར་བྱས་ཡོད་ཅིང་། ད་དུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་མཆོག་ལ་ཡུན་རིང་བཙལ་འཚོལ་གྱིས་རྙེད་པའི་དཔེ་རྙིང་སུམ་བརྒྱ་ཙམ་མཐུན་སྦྱོར་བྱས་ཡོད། རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་གཙོ་འགན་བཞེས་པའི་བོན་གྱི་བཀའ་འགྱུར་གསེར་བྲིས་སུ་བཞེངས་པའི་རྩ་དཔེ་གསུང་རབ་སྒོ་མཛོད་རིན་པོ་ཆེར་བྱེད་བཞིན་ཡིན་པ་དང་། དེ་ལྟར་ལས་རིགས་ཁག་དང་མཁས་དབང་རྣམ་པས་ད་བཞུགས་ཀྱི་བཀའ་འགྱུར་སྔ་ཕྱི་དཔར་བའི་ནང་ནས་ཁ་ཚང་ཤོས་དང་སྤུས་དག་ཤོས་ཤིག་ཏུ་ཆེ་མཐོང་གནང་གི་ཡོད་པ་དང་། དེ་ལྟར་ཡིན་པའང་དུས་ཚོད་དང་མཐུན་རྐྱེན་དཀའ་ཚེགས་གང་གི་ཕྱོགས་ནས་ཡར་སྐྱེད་ཡོང་དགོས་པའི་ཆ་ཅན་གྱིས་དངོས་ར་སྤྲད་ཡོད་ཅིང་དཔལ་འབྱོར་གྱི་ཕྱོགས་ནས་ཤོག་སྒོར་ཁྲི་ཚོ་སྟོང་ཕྲག་ལས་བརྒལ་བའི་འགྲོ་གྲོན་བཏང་སྟེ་ཚེ་ལུས་ལོངས་སྤྱོད་དང་བཅས་པ་འདིའི་ཆེད་དུ་ཕུལ་ཡོད་ཅེས་བརྗོད་ཀྱང་ཆོག །བྱ་བ་འདིར་སྔ་ཕྱི་བར་གསུམ་དུ་ལེགས་ཉེས་བསམ་འཆར་ཚུལ་བཞིན་འདོན་མཁན་ཚོའི་གཏམ་ལ་ངེད་དཔེ་བསྒྲིགས་ཚན་པས་ངོས་ནས་ཚོགས་པ་ཞིག་གིས་ཁུར་དགོས་པའི་འགན་འཁྲི་འཕྲག་ལ་གཟར་ཏེ་གཟབ་ནན་གྱིས་མཉམ་འཇོག་ཟབ་མོ་བྱས་པ་དང་གནད་སྟོན་གྱི་བསམ་འཆར་དག་ལས་ཀའི་ཐབས་ལམ་སྟོན་པ་ལ་སྨན་པོ་བྱུང་བས་བཀའ་དྲིན་སྙིང་དབུས་ནས་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་བསྟན་པའི་ལས་དོན་སྒྲུབ་པ་ལ་འཚེ་བ་རྩོམ་མཁན་ཕྱི་ནས་མ་ཡིན་པར་ནང་གི་ལྷ་སྡང་བདུད་དུ་བབས་པའི་སྐྱེ་བོ་ཉུང་ཤེས་ཀྱིས་ཀུན་སློང་ངན་པས་དོན་མེད་ཀྱི་གླེང་གཞི་བཟོ་བ་དང་། བྱ་བ་ལམ་ལྷོང་ཡོང་བ་ལ་བར་ཆོད་བརྩམས་པ་སོགས་མདོར་ན་ལས་ཀའི་འཇུག་འབྲས་བཀའ་དང་བཀའ་བརྟེན་ཆ་ཚང་ཞིབ་ཀློག་ཚར་རེ་བྱས་ཏེ་བསམ་འཆར་འདོན་རྒྱུ་ལྟ་ཞོག་ཐ་ན་དཀར་ཆག་དང་ཞུས་སྒྲིག་པའི་གཏམ་གླེང་ཙམ་ལ་བལྟ་ལོང་མེད་པར་རྨོངས་ཚོད་ཀྱིས་གླེང་སློང་འདྲ་མིན་བྱུང་བ་རྣམས་ངེད་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཚན་པ་མདུན་སྐྱོད་ཀྱི་གཉའ་གཅོག་པའི་རྒྱུ་རུ་མ་སོང་ཡང་། འདི་ལྟ་བུའི་ནང་ཁུལ་དུ་གཅིག་རྒྱབ་གཅིག་སྐྱོར་མེད་ཁར་རང་མགོ་རང་བརྡུངས་བྱེད་པའི་ངན་པ་རྒྱུན་འབྱམས་འདིས། བོན་པོ་སྤྱི་ཡི་དབུ་འཕང་དམའ་རུ་བཅུག་འདུག་བསམ་ཏེ་ཞེ་སྨྲེང་ཙམ་བྱུང་། མཐའ་དོན་དུ་དེ་རིང་གི་གྲུབ་འབྲས་ལེན་པ་ལ་བརྩོན་སེམས་ཀྱི་སྙིང་ཕུར་ཡང་ཡང་རྡེབ་མཁན་གོང་འོག་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་གཏོང་ཕོད་ཀྱི་གསེར་ལག་རིང་པོར་རྐྱོང་བའི་རྒྱ་ཆེ་བོན་འབངས་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་དང་སྦྲག་བཀྲ་ཤིས་བདེ་ལེགས་ཞུ་ཞུ།

ཞེས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དུ་བྱ་བ་ཆ་ཤས་ཙམ་བླངས་མྱོང་བའི་དགེ་བ་ཅན་དགེ་བཤེས་གཡུང་དྲུང་སེམས་དཔས་བྲིས།

ཕབ་ལེན་བྱ་གནས། ཀུ་ཤུ་ཁ་པར་ནང་། ཀུ་ཤུ་བིམ་མཛོད་ App Store འདིའི་ནང་གི་འཚོལ་བཤེར་ནང་དུ་ཀུན་སྣང་ཁྱབ་པ་ཞེས་ཕིན་ཡིག་ཐོག་ནས་GunLangQiaBa འདི་བཅུག་ནས་ཕབ་ལེན་བྱ་དགོས།