མདུན་ཤོག

བོན་གྱི་བྱ་འགུལ། - སྐབས་དང་པོའི་ཁྱུང་རིག་གནས་དཔྱད་གླེང་འཚོགས་འདུ་འཚོགས་པ།

སྐབས་དང་པོའི་ཁྱུང་རིག་གནས་དཔྱད་གླེང་འཚོགས་འདུ་འཚོགས་པ།

བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་དུ་འཚོགས།


2016-9-4 18:52:59 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།



      ༢༠༡༦ལོའི་ཟླ༨ཚེས་༢༨ཉིན་ནས་༣༠བར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་དུ་སྐབས་དང་པོའི་ཁྱུང་རིག་གནས་དཔྱད་གླེང་འཚོགས་འདུ་དངོས་སུ་འཚོགས་འགོ་ཚུགས་པ་དང་། ཐེངས་འདིའི་འཚོགས་འདུར་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཨུས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅིང་། མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུས་གཙོ་འགེས་དང་ཕྱོགས་སྟོན་འོག བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་ཆབ་མདོའི་བོད་སྨན་ཁངསོགས་ཀྱི་ཞིབ་འཇུག་ཆེད་མཁས་པ་ཉི་ཤུ་ལྷག་ཙམ་ལྷན་འཛོམས་བྱུང་ཞིང་།  འཚོགས་ཐོག་ཏུ་ཁྱུང་རིག་གནས་བརྗོད་གཞིར་བཟུང་ནས་མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཀྱི་བཀོད་པའི་རྣམ་པ་དང་གདོད་མའི་ཆོས་ལུགས་ཀྱི་ཐུན་མིན་ཁྱད་ཆོས། གནའ་དེང་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་ཤེས་བྱ་སྣ་ཚོགས། གནའ་རབས་ཞང་ཞུང་གི་ས་ཁམས་དང་ཡུལ་སྲོལ་རིག་གནས་ཀྱི་རྣམ་པ། ཁྱུང་གི་རིགས་རུས་ཀྱི་ལོ་རྒྱུས། ཁྱུང་ཡུལ་གྱི་ཤེས་རིག་རྟོགས་ཞིབ། གནས་རི་དང་བླ་མཚོ། བྲག་བརྐོས་རི་མོ། རྡོ་བརྐོས་དང་སྒྲུབ་གནས་སོགས་ཀྱི་གནའ་ཤུལ། བན་བོན་ཆོས་ལུགས་གཉིས་ཀྱི་ལྟ་བ་ལས་བྱུང་བའི་སྣོད་བཅུད་ཀྱི་ལྟ་བ། སྔ་རབས་ཡིག་ཚགས་འཚོལ་བསྡུ་དང་དེའི་ཞིབ་འཇུག་སོགས་འབྲེལ་ཡོད་ཤེས་རིག་གི་ནང་དོན་ལ་བགྲོ་གླེང་བྱས།


       ཁྱུང་རིག་གནས་ཞེས་པ་ནི་བོད་ཀྱི་ཤེས་རིག་གི་བརྡ་མཚོན་དམིགས་བསལ་ཞིག་ཡིན་ཞིང་། དེ་ཡིས་བོད་ཀྱི་སྔ་རབས་ཤེས་རིག་གི་ངོ་བོ་ལ་སླར་ངོས་འཛིན་བྱེད་ཆོག་པ་མ་ཟད། མ་འོངས་པའི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་རེ་རེར་ཡང་གདམས་གསེས་དང་ཞིབ་འཇུག་འདོར་ལེན་བྱས་ཆོག   ཐེངས་འདིའི་ཁྱུང་རིག་གནས་དཔྱད་གླེང་འཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་མདོ་དབུས་མཐོ་སྒང་གི་སྔ་བར་ད་གསུམ་གྱི་ཤེས་རིག་གི་གྲུབ་ཆ་རེ་རེར་ཞིབ་འཇུག་དང་བགྲོ་གླེང་བྱེད་འདོད་པ་ཡིན་ཞིང་། དེ་དང་འབྲེལ་ནས་ས་གནས་རེ་རེའི་ཁྱུང་རིག་གནས་ཀྱི་ངོ་བོ་དང་འབྲེལ་ཡོད་གནས་ཚུལ་རྣམས་ལ་ཞིབ་འཇུག་བྱེད་འདོད་པ་ཡིན།



      མཁས་དབང་རྣམ་པས་སྨན་རྩིས་གཏོ་དཔྱད་ནས་རྒྱལ་རབས་ལོ་རྒྱུས་དང་། ཆོས་ལུགས་གྲུབ་མཐའ་སོགས་གཞིར་བཟུང་ནས་དཔྱད་གླེང་བྱས་ཤིརང་། འཚོགས་ཞུགས་མི་སྣ་དང་ཟུར་ཉན་པ་རྣམས་ཀྱིས་ཀྱང་མི་རེ་རེའི་དགའ་ཕྱོགས་ལྟར་གྱི་རིག་གཞུང་ལྟ་བ་བཏོན་ནས་བགྲོ་གླེང་བྱས་པ་མ་ཟད། འཚོགས་ཐོག་ཏུ་མཁས་དབང་རྣམས་ཀྱིས་ཕན་ཚུན་ལ་དྲི་བ་འདྲེན་རེས་བྱས་ཤིང་།

   ཟུར་ཉན་པ་རྣམས་ཀྱིས་ཀྱང་ཐུན་མོང་གཅིག་ཐོག་ནས་རིག་གཞུང་གི་ལྟ་བ་བརྗེ་རེས་བྱས་པ་ལ་སྐྱ་སེར་ཕོ་མོ་ཀུན་གྱིས་དགའ་བསུ་ཐུབ་པ་མཟད་། མཁས་དབང་རྣམ་ཁྱུང་པོ་སྟེང་ཆེན་རྫོང་སྨན་རྩིས་ཁང་དང་ཁྱུང་པོའི་ལྷ་རིས་ཁང་ཁག  གཞན་ཡང་ཁྱུང་པོའི་དམངས་ཁྲོད་རས་པའི་རྒྱུ་རྩལ་གྱི་དུས་སྟོན་དང་། ཞང་ཞུང་སྒོ་པའི་ལྟེ་གནས་རི་བོ་རྩེ་དྲུག་སོག་ལ་གཟིགས་སྐོར་ཕེབས་པ་སོགས། སྐབས་དང་པོའི་ཁྱུང་རིག་གནས་དཔྱད་གླེང་འཚོགས་འདུ་ཆབ་མདོ་སྟེང་ཆེན་རྫོང་དུ་ལེགས་གྲུབ་བྱུང་བའོ།།