མདུན་ཤོག

བོན་གྱི་བྱ་འགུལ། - དཔལ་རྒྱལ་བ་སྨན་རི་བར་བརྟན་བཞུགས་རྒྱས་འབུལ་གྱི་གསལ་བསྒྲགས།

དཔལ་རྒྱལ་བ་སྨན་རི་བར་བརྟན་བཞུགས་རྒྱས་འབུལ་གྱི་གསལ་བསྒྲགས།

 


2016-9-9 19:11:52 རྩོམ་པ་པོ། ཧི་མ་ལ་ཡའི་བོན། བྱུང་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།

 11111.jpg

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག
1add9f8d31e02cc01e9628a666463a66.jpg

      ༅༅།། འཛམ་གླིང་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་དད་དམ་གཡོ་བ་མེད་པའི་རྒྱ་ཆེའི་བོན་འབངས་རྣམས་ཀྱི་སྙན་དབང་དུ་ཞུ་དོན། 
      ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ག་དུས་འབུལ་མིན་གྱི་ཟླ་ཚེས་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་མི་རྣམས་ནས་མང་མོས་ཀྱི་གྲོས་མཐུན་བྱུང་བ་ལྟར། ཕྱི་ལོ་༢༠༡༦ཕྱི་ཟླ་༡༡ཚེས་གཅིག་དང། བོད་ཟླ་དགུ་བའི་ཚེས་གཉིས་རེས་གཟའ་མིག་དམར་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་འབུལ་གཏན་ཐག་ཆོད་བྱུང་བ་ལྟར། དེ་ལུགས་ལྷན་རྒྱས་རྣམས་ནས་འདི་ག་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་ཕེབས་ཕྱོགས་ཀྱི་སྐོར་ལ་སྔོན་ཚུད་ནས་གྲྭ་སྒྲིག་གནང་བའི་རེ་འདུན་ཞུ་བཞིན་ཡོད། མཁྱེན་གསལ་ལྟར་ལོ་གཅིག་ལྷག་གི་གོང་ནས་གོ་སྒྲིག་དང་གསལ་བསྒྲགས་གནང་ཟིན་པ་ལྟར། འགྲོ་བ་སྤྱི་དང་ཁྱད་པར་དུ་རང་ཅག་བོན་འབངས་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་མཛད་གནང་བའི་༧སྐྱབས་རྗེ༧མཁན་སློབ་རྣམ་གཉིས་ལ་དད་ལྡན་བོན་འབངས་རྣམས་ནས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མཎྚལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་གྲྭ་སྒྲིག་ཞུས་པ་ལྟར་༧སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་དུས་ཐོག་ཏུ་སྦྱོར་དངོས་རྗེས་གསུམ་དང་བཅས་པ་འཐུས་སྒོ་ཚང་བའི་སྒོ་ནས་བརྟན་བཞུགས་ཕུལ་ཐུབ་པའི་སྐལ་བཟང་གི་དུས་སྟོན་ཞིག་བྱུང་སྟེ་ཐམས་ཅད་དགའ་བ་འབུམ་དུ་བརྟས་ཤིང་མཛད་སྒོའི་མཇུག་བསྡོམ་ཞུས་ཟིན་པ་དང། འོན་ཀྱང་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཡི་སྙུང་གཞིའི་བབས་ལ་བརྟེན་ནས་དུས་ཐོག་ཏུ་བརྟན་བཞུགས་འབུལ་མ་ཐུབ་ནས་ད་བར་དུ་ནར་འགྱངས་སུ་ལུས་མོད། ཟླ་བ་ཁ་ཤས་ཀྱི་རིང་ལ་ཨ་རིར་སྨན་བཅོས་ལ་ཕེབས་ནས་བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང་དད་དམ་གཡོ་བ་མེད་པའི་རྒྱ་ཆེའི་བོན་འབངས་རྣམས་ནས་ཞབས་རིམ་བླ་མེད་དུ་བསྒྲུབ་པ་ལ་བརྟེན་ནས་སྨན་བཅོས་རྣམས་ཧ་ཅང་གི་ལམ་ལྷོང་ལེགས་གྲུབ་བྱུང་སྟེ། ད་ཆ་གདན་ས་སྨན་རིར་ཞབས་སོར་བདེ་ཐང་ངང་འཁོད་ཅིང་མཛད་འཕྲིན་རྣམས་མུ་མཐུད་དུ་སྔར་མུས་བཞིན་གནང་བཞིན་ཡོད་པའི་གནས་ཚུལ་བཟང་པོ་འདི་ཁྱེད་དད་ལྡན་ཡོངས་ལ་ཞུ་འདོད་བྱུང་། དེས་ན་གོང་འཁོད་ཀྱི་ཟླ་ཚེས་ལ་འདི་ག་གདན་ས་སྨན་རིར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་འབུལ་རྒྱུའི་སྐལ་བཟང་གི་ཉིན་མོར་དད་ལྡན་བོན་འབངས་རྣམས་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ནས་དུས་ཐོག་ཏུ་ཕེབས་ཐུབ་པའི་རེ་བ་དང་འབོད་བསྐུལ་ཞུ་བཞིན་ཡོད། འདི་ལྟ་བུའི་བསྐལ་བ་བཟང་པོའི་གོ་སྐབས་ཡང་ཡང་འབྱུང་རྒྱུ་ནི་ཤིན་ཏུ་ནས་དཀའ་བར་མ་ཟད། ངེད་ཚོའི་འདས་པའི་ལོ་རྒྱུས་ལ་གཞིགས་ཀྱང་འདི་ལྟར་ཕལ་ཆེར་བྱུང་མྱོངས་མེད་པས། དེས་ན་ལོ་རྒྱུས་སུ་བཀོད་འོས་པའི་དུས་སྐབས་འདི་འདྲ་ལ་ཀུན་གྱི་ཆ་ཤས་ལེན་དགོས་པ་ནི་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཞུ་བཞིན་ཡོད། དེ་ཡང་རང་གི་རྩ་བའི་བླ་མ་ལ་མཎྚལ་འབུལ་བ་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་པ་ནི་མདོ་རྒྱུད་རྒྱ་མཚོ་ལས་གསལ་པོར་གསུངས་ཡོད་པ་ང་ཚོས་བསྐྱར་བརྗོད་བྱེད་དགོས་མ་མཆིས་པས་དེ་དོན་དགོངས་འཇགས་བཅས།།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།

ཕྱི་ལོ་༢༠༡༦ལོའི་ཟླ་༩བའི་ཚེས་༧ཉིན།