ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་།
བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ཁོངས་སུ་ཡོད་པའི་བོན་དགོན།
2016-10-19 21:30:02
རྩོམ་པ་པོ། གངས་ལྗོངས་བོན།
བྱུང་ཁུངས། གངས་ལྗོངས་བོན།
ཀློག་གྲངས།
རིང་ནས་ཚོགས་གཉིས་ལེགས་བསགས་ཤིང་རྟས་ཉེར་དྲངས་པ།།
ཤེས་བྱའི་གནས་ཀུན་རབ་གསལ་ཉི་མ་གཞོན་ནུའི་འོད། ཞང་བོད་ཡུལ་དུ་གཤེན་བསྟན་པད་ཚལ་རྒྱས་པའི་གཉེན།། རྒྱུད་གསུམ་བོན་གྱི་བསྟན་འཛིན་གྱེར་ཆེན་ཚོགས་ལ་འདུད།།
ད་ནི་བོན་བསྟན་ཕྱི་དར་སྐབས།།ཧོར་ཁྱུང་སྐྱེ་བོ་མ་ལུས་ཀྱི།། བསོད་ནམས་བསགས་པའི་ཞིང་གི་མཆོག།གཤེན་བསྟན་གཡུང་དྲུང་བདེ་གླིང་གི།།ལོ་རྒྱུས་ཚད་མ་ལ་བརྟེན་ནས།།རི་མོའི་ལམ་དུ་དགོད་པར་བྱ།།འདི་ལའང་གཉིས་ཏེ། ཡུལ་གང་དུ་ཆགས་པ་དང་། ཇི་ལྟར་ཆགས་པའི་ཚུལ་ལོ། དང་པོ་ལའང་གཉིས་ཏེ་ཡུལ་གང་དུ་ཆགས་པ་དང་མིང་གི་ཐ་སྙད་ཇི་ལྟར་བྱུང་བའོ། ཡུལ་གང་དུ་ཆགས་པ་ནི་བོད་ཡུལ་མདོ་ཁམ་སྒང་དྲུག་གི་ཆར་རྔུལ་རྫ་ཟར་མའི་སྒང་སྟོད་ཆེན་པོ་ཧོར་གྱི་ཡུལ་ཞེས་ད་ལྟ་སྦྲ་ཆེན་རྫོང་། སྦྲ་ཆེན་ཆུས་ཀྱི་བྲག་དཀར་ལྷ་ལུང་ཞེས་པའི་ཕུ་རུ་འོ། མིང་གི་ཐ་སྙད་ནི་ངག་རྒྱུད་དུ།༼ཀླུ་ཕུག་དགོན༽ཞེས་ཟེར་ཞིང་དེ་ནི་རྒྱབ་ཀྱི་བྲག་འདབས་སུ་ཕུག་པ་ཞིག་ཡོད་པ་དེར་ཀླུ་གནས་པའི་ཕུག་ཟེར་བའི་དོན་དེ་དགོན་པ་ལ་སྦྱར་ནས་བྱུང་བའོ། ། ཇི་ལྟར་ཆགས་པའི་ཚུལ་ལ་གཉིས་ཏེ་མཁར་དམར་བླ་བྲང་ཇི་ལྟར་ཆགས་པ་དང་། དགོན་པ་ཇི་ལྟར་ཆགས་པའོ། དང་པོ་མཁར་དམར་བླ་བྲང་ནི། གནམ་བཀོས་གོང་མ་ཆེན་པོའི་བཀའི་གསེར་ལུང་གིས་བསྐྱངས་བའི་ཧོར་ཚོ་སོ་དགུའི་སྤྱི་ཁྱབ་རྒྱལ་ཐོག་བཅུ་གཉིས་པ་ཁྲི་རྒྱལ་རྗེ་ཆེན་ཞེས་སུ་གྲགས་པ་འདི་ཉིད་ནི་འབྲི་གུང་བཀའ་རྒྱུད་དང་བོན་པོའི་ཆོས་གཉིས་ཀར་ཉམས་ལེན་གནང་མཁན་སྔགས་འཆང་ཞིག་ཡིན་པ་དེས། རང་ཉིད་དབེན་གནས་མཛད་པའི་མཁར་ཞིག་རྒྱག་རྒྱུའི་དགོངས་བཞེད་ལྟར། ད་ལྟའི་དགོན་གནས་ཀྱི་ལུང་མདོར་གུང་ལྷག་ཅེས་པའི་བྲག་དམར་རྟ་སྒ་འདྲ་བའི་ཐོག་མཁར་གྱི་རྨང་གཞི་འདིང་སྐབས་སུ་ནུབ་ཅིག་ས་ཐེའུ་ནག་པོས་རང་གཟུགས་བསྟན་ཏེ“སྒོ་ཡི་ཐེམས་པ་འདི་ལ་མ་སྙེས་པ། སྒོ་སྲུང་ཕྱི་ནང་གསང་གསུམ་ཡར་བརྒལ་ན། རུ་བཞིའི་མཁར་ལ་བྱ་འདབས་སུམ་བརྩེགས་ཚུལ། བྲག་རི་ཚེ་བུམ་འདྲ་བའི་རྩ་བ་རུ། སེ་ཆེན་ཀླུ་ཡི་རྒྱལ་པོའི་ཕོ་བྲང་ཐོབས། བསྟན་པ་མི་རབས་བརྒྱུད་དུ་གནས་པར་འགྱུར་”ཟེར་བའི་ལུང་སྟན་ལྟར་ལྷ་སྐྱོང་ཁྲི་ལོ་བཅུ་གཅིག་པར། བྲག་དཀར་ལྷ་ལུང་གི་ཕུག་བྲག་རི་ཚེ་བུམ་ལ་རིག་རྟགས་ལྔས་བརྒྱན་པ་འདྲ་བའི་རྩར་མཁར་དམར་པོ་ཐོག་རྩེག་གཉིས་ལྡན་ཡང་ཐོག་ཏུ་ཐུན་མོང་མ་ཡིན་པའི་བཀོད་པ་མཚམས་བཞི་དབུས་དང་ལྔ་རུ་གནའ་རབས་བོན་ལུགས་ཀྱི་ལྷ་རྟེན་བྱ་གདང་གི་དབྱིབ་ལྟར་དཀྱིལ་དབལ་མདུང་ཟངས་ཡག་ལ་རྔ་ཐུགས་ཀྱིས་བརྒྱན་པའི་མཐར་ཤ་རུ་དང་། འབྲོང་རུས་བལྟོས་པའི་རྩེ་མོ་ཟང་ངེ་བ་ལ་ཐོག་ཁང་དབུས་སུ་སྔགས་གྲྭ་བཅུ་གཉིས་ཀྱི་ཚོགས་ཁང་ཀ་བ་བཞི་ཅན་གྱི་ཕུགས་སུ་སྨན་འདམ་ལས་བཟོས་པའི་སྐུ་རྟེན་སྤྱན་རས་གཟིགས་ཕྱག་བཞི་པ་དང་། སྒྲོལ་དཀར་གྱི་སྐུ་མདའ་ཚད་ཙམ། གཤེན་རབ་བགེག་ལས་རྣམ་པར་རྒྱལ་དང་། གཤེན་རབ་ཁྲི་གཙུག་རྒྱལ་བའི་སྐུ་མི་ཚད་ཙམ། གསུང་རྟེན་དུ་སྣག་བྲིས་ཁམས་ཆེན་པོ་བརྒྱད་ལ་པོད་༡༦བོན་ཉིད་སྙིང་པོ་བདལ་བའི་འབུམ་ལ་པོད་༡༢ཐུགས་རྟེན་ལ་སྨན་འཇིམ་ལས་བཟོས་པའི་མཆོད་རྟེན་བརྒྱད་རེ་རེར་མདའ་ཚད་ཙམ་ནུབ་ངོས་ཐོག་ཁང་དུ་སྒྲུབ་ཁང་ཀ་བ་གཅིག་ཅན་གྱི་ནང་རྟེན་གཙོ་བོ། སྔ་རབས་བོན་གཤེན་རྣམས་ཀྱི་ཐུགས་དམ་རྟེན། བོད་ཡུལ་རུ་བཞིར་བོན་སྣུམ་པའི་སྐབས་སུ་གཏེར་དུ་སྦས་ན་ཕྱིས་རྨ་སྟོན་ལྷ་རྒོད་ཤེས་རབ་སེང་གེས་ཤམ་པོའི་བྲག་ནས་གཏེར་དུ་སྤྱན་དྲངས་པའི། ཞི་བ་ཀུན་བཟང་རྒྱལ་བ་འདུས་པ་དང་། ཁྲོབ་བོ་དབལ་གསས་རྔམ་པའི་སྐུ་གསེར་ཟངས་ལས་གྲུབ་པ་ཁྲུ་གང་མ་ཟིན་ཙམ༼ད་ལྟ་བཞུགས་ཡོད༽དང་ཡང་བོན་ཞིགས་གཡུང་དྲུང་གླིང་པས་ཕྱུག་མོ་དཔལ་རིས་ནས་གཏེར་དུ་སྤྱན་དྲངས་པའི་དྲན་པ་ཡབ་སྲས་ཀྱི་སྐུ་ཞང་ཞུང་གི་ལི་མ་མཐོ་གང་བ་གསུམ༼གཉིས་ད་ལྟ་ཡོད༽ཡོད་པ་བཅས་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་པའི་མཛད་རྗེས་གྲུབ་ཁར་ཁྲི་རྒྱལ་གཙོ་སྔགས་པ་བཅུ་གཅིག་རེས་སྐོར་གྱིས་དབལ་གསས་ཞི་ཁྲོའི་སྒྲུབ་པ་དང་། བོད་ཟླ༡༢པར་དགུ་གཏོར་ཚོགས་པའི་སྲོལ་གཏོད་ཆོ་གའི་ལག་ལེན་དང་། གྱེར་དབྱངས་བརྡུང་གསུམ་ནི་དབང་ལྡན་ཞུ་གཡས་ལུགས་ཏེ་སྨད་ལྕགས་ཟམ་ལུགས་དང་། སྟོད་ནག་ཚང་ལུགས་སུ་སྤྱོད། ལྷ་གསོལ་གཙོ་བོ་ནི་ཧོར་གྱི་ཐེའུ་རང་དཀར་ནག་ཁྲ་གསུམ་ལ་བྱེད་དོ། ། ཁྲི་རྒྱལ་རྗེས་ཆེན་གྱི་སྲས་ཆེ་བ་ལྷ་མཁར་བསྟན་རྒྱལ་གྱིས་ལྷ་སྐྱོང་ཁྲི་ལོ་༥༡པར་རྒྱལ་ས་བཟུང་སྟེ་སྔ་སྲོལ་བཞིན་ཡབ་ཀྱི་དབེན་དགོན་སྐྱོང་།གཤེན་བཟའ་དཔལ་འཛིན་བཙུན་མོ་ཆེན་མར་བཞེས་པར་བརྟེན་ཡབ་ཀྱི་དུས་ཆོས་ལུགས་གཉིས་སྤྱོད་པ་དེར་ཡོངས་རྫོགས་བོན་ལུགས་སུ་གྱུར། གཤེན་བཟའ་དཔལ་འཛིན་སྐུ་ཚེའི་སྨད་རབ་ཏུ་བྱུང་ནས་ཚེ་དང་སྒྲུབ་པ་མཉམ་པར་མཛད་པས་རྗེ་བཙུན་སྒྲུབ་ཕུག་ཞེས་པ་ད་ལྟ་ཡང་མཇལ་བའི་གནས་སུ་ཡོད། ལྷ་མཁར་གྱི་སྲས་ཚེ་རིང་རབ་བརྟན་ནས་ཅ་ཆིན་ཁྲི་ལོ་བཞི་བར་ཡབ་ཀྱི་རྒྱལ་ས་བཟུང་། ཧོར་སྤྱི་ཁྱབ་ཀྱི་གདན་ས་སྦྲ་མཁར་གཉིས་ཀྱི་ནང་གི་བ་ཆེན་སྦྲ་ཐོག་ཏུ་བཞུགས་ནས་གཙོ་བོ་ཆབ་སྲིད་སྐྱོང་། མཁར་དམར་རུ་ལྷ་བླ་བསྟན་པ་ཕུན་ཚོགས་ཀྱིས༼འདི་ནི་རྒྱལ་རང་ནང་སོའི་བླ་མ་ཞིག་ཡིན་པ་འདྲ༽གཙོ་བོ་སྐྱོང་སྟེ་ཏིང་ངུ་བོན་དགོན་ནོར་བུ་གླིང་ནས་ཤང་བླང་དྲང་སྲོང་ངམ། ལྷུན་གྲུབ་འོད་ཟེར་གདན་དྲངས་ནས་རབ་ཏུ་བྱུང་བ་ཁ་ཤས་བྱུང་ཡང་སྔར་ལྟར་སྔགས་པ་༡༢ཀྱི་སྲོལ་ལམ་རང་འཇགས་སུ་གནས་ལོ་ལྟར་བོད་ཟླ་༨པའི་ནང་བོན་གསར་མའི་ཞི་ཁྲོ་དགོངས་འདུས་ལྷ་བླ་ལུགས་ལྟར་རྒྱུན་འཇགས་ཀྱི་སྲོལ་གཏོད་དོ། ། གཉིས་པ་དགོན་པ་ཇི་ལྟར་ཆགས་ཚུལ་ནི།རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོ་ཡི་ཡོངས་རྫོགས་བསྟན་པའི་བདག་ཉིད་རྒྱལ་བ་གཉིས་པ་མཉམ་མེད་པའི་གདན་ས་གཤིན་བསྟན་སྨན་རི་དགོན་གྱི་མཁན་རབས་ཉེར་གསུམ་པ་སྨྲ་དབང་ཉི་མ་བསྟན་འཛིན་མཆོག་ཁམས་ཕྱོགས་སུ་ཆིབས་སྐྱོད་སྐབས་རབ་ཡིད་མེ་བྱ་ལོར་ལྷ་བླ་བསྟན་པ་ཕུན་ཚོགས་ཀྱི་ཡང་སྲིད་མཆོག་སྤྲུལ་བསྟན་འཛིན་དབང་གྲགས༼འདི་གཤེན་གྱི་གདུང་ལས་འཁྲུངས༽ཁྲིར་ཕེབས་རྟེན་འབྲེལ་དུ་བླ་གྲྭ་བཅུ་གསུམ་དུས་གཅིག་ལ་རབ་ཏུ་བྱུང་ནས་འདུལ་འཛིན་གྱི་སྡེ་བཙུགས། དགོན་པའི་མཚན་དུ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་ཞེས་སུ་རྩལ་བ་དང་། བོན་གྱི་འདུལ་རྒྱུད་ཀྱི་དགོངས་དོན་ལྟར་བཅའ་ཡིག་“ཐར་ལམ་ཐེམ་སྐས་”གཏན་ལ་ཕབས་རྒྱལ་བ་སྨན་རི་བའི་དགོན་ལག་ཨང་དང་པོ་ཡིན་པའི་ལུང་གི་ཆེ་བ་རྩལ། བོན་སྐྱོང་མ་བདུད་བརྩན་རྒྱལ་བཞི་ལ་གཉེར་གཏད་དེ་རྒྱས་རོང་བྲག་སྟེང་ནས་ཐོན་པའི་གཤང་ཆེན་ཞིག་བཀའ་དྲིན་དུ་རྩལ་བ་འདི་ད་ལྟའང་དགོན་གྱི་ནང་རྟེན་དུ་བཞུགས་ཡོད། བསྟན་འཛིན་དབང་གྲགས་ཀྱིས་སྔར་གྱི་སྔགས་པ་༡༢དེ་གྲྭ་བ་བཅུ་གཉིས་སུ་བསྒྱུར་བ་ལས་མཁར་དམར་གྱི་སྔར་སྲོལ་རྒྱུན་འཁྱོངས་ཁར་དགོན་གྱི་འདུ་ཁང་ཀ་བ་བརྒྱད་གསར་བཞེངས་དང་། བོད་ཟླ་དང་པོའི་ཚེས་༡༥་གཤེན་རབ་འཁྲུངས་མཆོད་དང་། བོད་ཟླ་༨་ཚེས་༡༥མ་ཏྲི་འབུམ་སྒྲུབ་སྲོལ་གཏོད། དྲང་སྲོང་གི་ཁྲིམས་བཞེས། འཆད་ཉན་རྩོམ་གསུམ་གྱིས་བསྟན་འགྲོའི་དོན་མཛད་དོ།ལྷ་བླ་བསྟན་པ་དར་རྒྱས༼འདི་ཧོར་གྱི་རྒྱུད་ལ་འཁྲུངས༽ཆུང་དུས་ནས་རྒྱས་རོང་ནང་སོའི་སྤྲུལ་སྐུ་ཞིག་ཡིན་ཞེས་ངོས་འཛིན་བྱས་ཏེ་སྤྲུལ་བའི་སྐུ་ཡི་བླུ་རྟེན་དུ། ཁམས་ཆེན་གསེར་བྲིས་མ་ཞིག་གི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་ཕུལ་ཡང། ཧོར་སྤྱི་རྒྱལ་ཐོག་བཅུ་དྲུག་པ་ཁྲི་དབང་རབ་བརྟེན་སྐུ་དབང་བཙན་པའི་སྟབས་ཀྱིས་སྤྲུལ་སྐུ་བླུ་མ་སྟེར་ཁར་བླུ་རྟེན་ཡང་ཕྱིར་སློག་མ་བྱས་པར་རབ་ཏུ་བྱུང་ནས་ཀླུ་དགོན་གྱི་ཁྲིར་བཀོད་སྔགས་གྲྭ་བཅུ་གཉིས་ཀྱི་དགུ་གཏོར་དེ་གཤེན་རྗེ་གཤེས་དམར་གྱི་བསྙེན་སྒྲུབ་ལས་མཐའ་ཆ་ཚང་དང་། མཇུག་ཏུ་ཉིན་གཅིག་རིང་དགུ་གཏོར་གྱི་གར་འཆམ་དུ༼སྣང་བརྒྱད༽༼ཚོགས་འཆམ༽༼གཤིན་རྗེ་ལྷ་བཅུ་གཅིག༽གཞན་ཡང་རྩོད་སྣ་བཅས་ཀྱི་ལམ་སྲོལ་བཅུགས། མཆོག་སྤྲུལ་གོང་གི་སྐུ་ཚ་རྣམ་རྒྱལ་དབང་འདུས་རབ་ཏུ་བྱུང་སྟེ་དགོན་དུ་ཐུགས་ཉར་གནང་རུང་རྗེས་སུ་སྤྱི་ཁྱབ་རྒྱལ་ཐོག་བཅུ་བདུན་པ་ནོར་བུ་དབང་རྒྱལ་སྐུ་ཚེ་མ་ཟིན་པའི་དབང་གིས་རྣམ་རྒྱལ་དབང་འདུས་ཁྲིར་བབས་ཏེ་རྒྱལ་སྲིད་སྐྱོང་བའི་སྡོམ་བཤཊ་སུ་ལྷ་ཁང་ཀ་བ་དྲུག་གི་རྒྱ་ཁྱོན་ལ་ཐོག་བརྩེགས་གཉིས་ལྡན་ནང་རྟེན་དུ། གསེར་ཟངས་ལས་གྲུབ་པ་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་དང་། བདེ་བར་གཤེགས་པ་གཙོ་བོ་བཞི་ཡི་སྐུ་ཐོག་གཅིག་ཚད་ཙམ་གསར་བཞེངས་དང་། ༼རྒྱུན་དུ་རྣམ་རྒྱལ་ལྷ་ཁང་ཟེར༽ཁྲིམས་སྒོ་རང་བཙན་གྱི་དབང་ཆ་བྱུང་བ་དང་། ཧོར་འབྲོག་ཤོག་དང་། བོན་ཐ་ཤོག་གཉིས་ནས་བུ་གསུམ་བར་མའི་གྲྭ་རྒྱུན་འབུལ་རྒྱུའི་མནའ་གན་ཕུལ་བ་དེ་ནས་བཟུང་འདུས་གྲྭ་རྒྱ་ཆེར་འཕེལ་བར་གྱུར་ཏོ།སྤྲུལ་སྐུ་བསྟན་རྒྱལ༼འདི་ཆུ་ཕག་ལོར་ཧོར་གྱི་རྒྱུད་ལ་འཁྲུངས༽ཆུང་ནས་དད་བརྩོན་ཤེས་རབ་དང་ལྡན་པས་དམ་པ་གང་གི་ཡང་སྲིད་དུ་ངོས་འཛིན་གྱིས་དགུང་གྲངས་བཅུ་གསུམ་ཐོག་རབ་ཏུ་བྱུང་ནས་ཁྲིར་ཕེབས། དེ་རྗེས་སྨན་རིས་གཙོས་གདན་ས་གསུམ་དུ་རྒྱུན་སྲོལ་ལྟར་གཏོང་སྒོ་དང་ལྷག་པར་གཡུང་གླིང་མཁན་པོ་སྐལ་བཟང་ཉི་མའི་ཞབས་ལ་བཏུད་ནས་དྲང་སྲོང་གི་ཁྲིམས་བླང་སྲིད་པ་ཞང་ཞུང་བོན་གྱི་བླ་རི་གང་དཀར་ཏི་སི་དང་བླ་མཚོ་མ་པང་གཡུ་མཚོ་གཉིས་ལ་ཕྱག་བསྐོར་མཆོད་འབུལ་མཛད། སླར་དགོན་ལ་ཕེབས་ནས་གཤེན་བླ་མའི་གདུང་རྟེན་གཡུང་དྲུང་བཀོད་ལེགས་མཆོད་པའི་རྟེན་དང་ལྷ་བླ་བསྟན་པ་དར་རྒྱས་ཀྱི་གདུང་རྟེན་རྣམ་རྒྱལ་མཆོད་རྟེན་དངུལ་ལས་གྲུབ་པ་མི་ཚད་ཙམ་གཉིས་རིན་ཆེན་སྣ་ཚོགས་ཕྲ་རྒྱན་གྱི་ཕྱུག་པར་བཞེངས་སུ་གསོལ་ནས་བླ་བྲང་ནང་སྐུ་གདུང་ཁང་ཀ་བ་གཅིག་ཅན་གསར་བཞེངས་གནང་། ཞུ་གཡས་གཏེར་བཏོན་ནམ་མཁའ་ཁྲི་ཁྱུང་དང་། ཁྱུང་ཡུལ་གྲུབ་དབང་སྨོན་ལམ་རྒྱལ་མཚན་གཉིས་བླ་རུ་བཀུལ། ནམ་མཁའ་ཁྲི་ཁྱུང་གིས་བྲག་དཀར་ལྷ་ལུང་གནས་ཀྱི་སྒོ་འབྱེད་ནས་ལོ་རྒྱུས་དཀར་ཆག་བཏབས་པར་བརྟེན་དེ་ནས་བཟུང་གནས་རི་བསྐོར་བའི་སྲོལ་དར་བར་བྱུང་མཚལ་སྣག་གིས་བྲིས་པའི་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར་སྡོམ་པོད་ལྔ་བརྒྱ་བཞེངས་གྲུབ་ཀྱི་བཞུགས་གནས་ལྷ་ཁང་ཀ་བ་བརྒྱད་ཀྱི་རྒྱ་ཁྱོན་དབུས་སུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་དང་། ཞུ་གཡས་ནམ་མཁའ་ཁྲི་ཁྱུང་གི་གདུང་རྟེན་མདའ་ཚད་ཙམ་བཅས་གསར་བཞེངས་གནང་། ༼རྗེས་སུ་བཀའ་འགྱུར་ལྷང་ཟེར༽སྔར་གྱི་འདུ་ཁང་ཀ་བ་བརྒྱད་ཀྱི་ཤུལ་དུ་གྲྭ་མང་ཚོགས་ཁང་ཀ་རིང་དྲུག་ལ་ཀ་ཐུང་དྲུག་ཅུ་ཏེ་དྲུག་ཅུ་རེ་དྲུག་གི་རྒྱ་ཁྱོན་ཐོག་རྩེག་གཉིས་ལྡན་པའི་ཕུགས་སུ་གསེར་ཟངས་ལས་གྲུབ་པའི་ལྟུང་བཤགས་ལྷ་འཁོར་ཆ་ཚང་། ལྡེབས་རིས་ལ་གཡས་སུ་བྱ་རྒྱུད་དང་། སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་གཙོ་ལྷ་རྣམས་དང་། གཡོན་དུ་ཡེ་ཤེས་དང་ཡེ་ཤེས་ཆེན་པོའི་རྒྱུད་ཀྱི་དཀྱིལ་འཁོར་རྒྱ་མཚོའི་གཙོ་ལྷ་རྣམས། མཐོངས་འཁོར་རུ་བདེ་བར་བཤེགས་པ་གཙོ་བོ་བཞི་དང་འདུལ་བའི་རྒྱུད་ཀྱི་བླ་མ་རྣམས། སྒོ་ཡི་གཡས་གཡོན་དུ་བོན་སྐྱོང་ཕོ་རྒྱུད་དང་། མོ་རྒྱུད་ཀྱི་ལྷ་ཚོགས། ཁྱམས་སུ་དཔལ་མགོན་ཆེན་པོ་བརྒྱད་དང་། རྒྱལ་ཆེན་སྡེ་བཞི། གློ་འབུར་དུ་གནས་བདག་ལྷ་དབང་དགྲ་འདུལ་དང་། ཕྱྭ་རྗེ་ཡུལ་ས་བྱ་ར་དྲག་རྩལ་སྡེ་དྲུག་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡོངས་སུ་རྫོགས་པར་བཀོད་མཛད། དགོན་གྱི་ཚོགས་ཆེན་དུ་བྲུ་ཡི་ལུགས་ཏེ་རྒྱལ་བ་སྨན་རི་བའི་རིང་ལུགས་ཇི་བཞིན་འཛིན་རྒྱུར་གཏན་ལ་ཕབས། ལོ་ལྟར་ཟླ་༨པའི་ནང་བུམ་སྒྲུབ་སྐབས་ཁྲོ་བོ་སྒྲུབ་ཆེན་དང་། ཟླ་༣པའི་ནང་ཕུར་པའི་སྒྲུབ་ཆེན་གཉིས་ཀྱི་ཆོ་གའི་ཕྱག་ལེན་དང་། ཟང་ཟིང་གི་འབྱོར་འཇགས་བཅས་གཏན་འཛུགས་གནང་བུམ་སྒྲུབ་ཉིན་གཅིག་གི་གར་འཆམ་གྱི་སྲོལ་གཏོད། ལྕགས་འབྲུག་ལོར་སོག་ཙན་དན་དགོན་གྱིས་ཀླུ་ཏིང་ཕུར་གསུམ་ལ། ༼ཀླུ་ཕུག་འབྲོག་ཤོག་དགོན། ཏིང་ངུ་སོག་སྡེ་དགོན། ཕུར་ནག་དྲུག་ཅུ་དགོན༽བཙན་པོས་གྱོད་འཛུག་གིས་གཞུང་བཏུགས་བྱས་པར་བརྟེན་ལྕགས་འབྲུག་ཁྲ་མའི་ཆོད་དོན་ལྟར་ཀླུ་དགོན་ནས་ལོ་བཅུ་གསུམ་རེར་འཁོར་མཚམས་སུ་ཞྭ་སྒྱུར་གྲྭ་བ་བཅུ་གསུམ་དང་། དཀོར་ཕུད་འབྲི་ཐུས་མ་བཅུ་གསུམ་གྱི་ཁྲལ་འཁྲི་བ་དང་། བོན་འབྲོག་ཤོག་གཉིས་ལ་ཤི་དགེ་བསྡུ་རྒྱུའི་ལོ་རྒྱུས་བྱུང་བ་དང་། སྤྱི་ཁྱབ་རྒྱལ་ཐོག་བཅུ་དགུ་པ་ཚེ་དབང་ལྷ་རྒྱལ་ནང་ཁུལ་གྱིས་ཉེར་འཚེ་བྱུང་རྗེས་སུ་མི་རིང་བར་དམ་པ་འདི་ཉིད་ཀྱི་བསྟན་ལ་སྨན་པའི་མཛད་རྗེས་རྒྱ་ཆེ་གྲུབ་ཡོད་ཀྱང་དག་ཞིང་དུ་གཤེགས། ཆུ་བྱི་གཡུལ་འཁྲུག་བྱུང་རྗེས་ཧོར་ཚོ་སོ་དགུ་དེ་ལྷ་སྡོད་ཨ་བན་གྱི་སྦྱོར་ཆེ་ལས་ཁང་གིས་ཐད་ཀར་དོ་དམ་བྱེད་པ་ནས་བོད་ས་གནས་སྲིད་གཞུང་གིས་དོ་དམ་བྱེད་པའི་འགོ་ཚུགས་དམ་པ་གོང་གི་ཡང་སྲིད་རྩལ་རྒྱུའི་ཐད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཟེར་བ་གསུམ་བྱུང་སྟེ་དུས་ཐོག་ཏུ་གཏན་འཁེལ་མ་བྱུང་། གོང་གསལ་ལོ་རྒྱུས་རྒྱུ་མཚན་གྱིས་རྐྱེན་པས་དུས་ཐུང་ནང་བསྟན་པ་ཉམས་དམན་ཙམ་བྱུང་ཡང་ཧོར་བླ་སངས་རྒྱས་བསྟན་འཛིན་གྱིས་མཁར་དམར་བླ་བྲང་གི་གདན་ས་བསྐྱངས་སྒོ་སྟོན་ཉི་མ་རྒྱལ་མཚན༼འདི་སྡེ་དགེ་ལྷ་ཐོག་ཏུ་མེ་གླང་ལོར་ལྟམ་ཞིག་གི་གདུང་ལ་ཁྲུངས༽དགོན་གྱི་དབུ་བླ་གནང་། འདིས་མཁའ་འགྲོ་སེང་གདོང་མའི་གནས་བྲག་རི་གྲི་ཁུག་འདྲ་བ་དང་། གཡའ་ཡི་དེའུའི་ནུ་མ་འདྲ་བའི་རྩ་བར་དུར་ཁྲོད་ས་འདུལ་དང་། རྡོ་བརྐོས་དཀྱིལ་འཁོར་བཞེངས་པ་ནས་བཟུང་དགོན་གྱི་ཉེ་སར་དུར་ས་གཏན་འཇགས་བྱུང་། བོད་ས་གནས་སྲིད་གཞུང་གི་ཧོར་སྤྱི་དང་པོ་མཁན་ཆུང་གྲགས་རྣམ་ནས་གོང་སར་སྙན་ཞུ་ཕུལ་བར་བརྟེན་ཧོར་ཚོ་སོ་དགུ་ལ་བོན་པོའི་དགོན་པ་སུམ་ཅུ་སོ་བརྒྱད་ཡོད་པའི་མཁན་པོ་ཡི༼རྒྱུན་དུ་སོ་བརྒྱད་མཁན་པོ་ཟེར༽བཀའ་ཤོག་དང་། ཐམ་ཀ་སྩལ། དགོན་ཀྱི་ནུབ་ཀྱི་རི་སུལ་དུ་རི་ཁྲོད་བཏབས་ཏེ་རི་དགོན་གཉིས་དར་བྱུང་། དེ་རྗེས་སྐམ་བླ་ཐུགས་རྗེ་ཉི་མ་ནས་ཕྱག་རྫས་བཏང་བ་དང་། དགོན་འདིའི་དགེ་རྒན་ཁ་བཏགས་གཡུང་དྲུང་ཡེ་ཤེས་ཀྱི་རྩོལ་བ་བྱས་ཏེ་གསེར་ཟངས་ལས་གྲུབ་པའི་གསས་མཁར་མཆོག་ལྔ་སྟག་ལ་དང་དྲུག་གི་སྐུ་མདའ་ཚད་ཙམ་དང་། སྤྲུལ་སྐུ་བསྟན་རྒྱས་དང་། ཚེ་དབང་ལྷ་རྒྱལ་གྱི་གདུང་རྟེན་མཆོད་སྡོང་ཆེན་པོ་ཐོག་རྩེག་གཉིས་ལྷག་བཞེངས་ནས་རྣམ་རྒྱལ་ལྷ་ཁང་གི་ནང་དུ་བཞུགས་སུ་གསོལ།དུས་སྐབས་འདིར་ཀུན་གྲོལ་གྲགས་པ་སྐུ་ཕྲེང་དྲུག་པ་ཧུཾ༔ཆེན་འགྲོ་འདུལ་གླིང་པ་ཧོར་ཁྱུང་ཁུལ་དུ་ཆིབས་སྐྱོད་སྐབས་ཀླུ་ཕུག་དགོན་དུ། འཇིགས་མེད་ནམ་མཁའི་རྡོ་རྗེ་སོགས་ལུང་ཟིན་བུ་བཞི་བྱུང་བ་དེས་སྦས་དང་མངོན་པའི་ཐབས་ཀྱིས་ངེས་མེད་བསྟན་འགྲོའི་དོན་བྱས་སོ། སྐལ་བཟང་རྒྱལ་མཚན་བསྟན་པའི་ཉི་མ་ནི༼འདི་ཆུ་བྱི་ལོར་མཁས་པ་རྨེའུ་ཡི་གདུང་ལ་འཁྲུངས༽སྨན་རིའི་མཁན་རབས་ཉེར་བརྒྱད་པ་སྐུ་འདུན་ཕུན་ཚོགས་བློ་གྲོས་ཀྱིས་མཆོད་སྤྲུལ་གོང་གི་ཡང་སྲིད་དུ་ངོས་འཛིན་གནང་ནས་རབ་ཏུ་བྱུང་སྟེ་ཀླུ་དགོན་གྱི་ཁྲིར་ཕེབས། དམ་པ་འདིའི་སྐབས་འབྱུང་བའི་རྐྱེན་དབང་གིས་མཁར་དམར་ལ་ཉམས་གསོ་ཐེངས་གཉིས་གནང་དགོས་བྱུང་། ལྷ་ཁང་ཀ་བ་བཅུ་གཉིས་ཀྱི་ནང་རྟེན་གསེར་ཟངས་ལས་སྒྲུབ་པའི་གཤེན་རབ་བགེགས་ལས་རྣམ་རྒྱལ་དང་། ཀུན་བཟང་རྒྱལ་བ་རྒྱ་མཚོ། སངས་རྒྱས་སྨོན་ལམ་མཐའ་ཡས་བཅས་ཐོག་རྩེག་གཉིས་ཚད་རྟེན་དང་བརྟེན་པ་གསར་བཞེངས་གནང་། གདན་ས་གསུམ་དུ་ཕེབས་ནས་སྔ་སྲོལ་ཁྲི་བཞེངས་གཏོང་སྒོ་གནང་བ་དང་། ལྷག་པར་དུ་སྨན་རིའི་མཁན་རབས་སོ་གཅིག་པ་ཉི་མ་དབང་རྒྱལ་མཆོག་གི་དྲུང་དུ་དྲང་སྲོང་གི་ཁྲིམས་བཞེས། མཚལ་སྣག་ལས་བྲིས་པའི་བོན་གྱི་བཀའ་འགྱུར་རིན་པོ་ཆེ་པོད་ཉིས་བརྒྱ་ལྷག་གསར་བཞེངས་གནང་། བོད་ས་གནས་སྲིད་གཞུང་གི་སྦྲ་ཆེན་ས་སྲུང་པ་དང་དམག་ལྔ་བརྒྱས་བསྟན་ལ་གནོད་འཚེ་ཕོག་སྐབས་དུས་ཐུང་སྐུ་ཟུར་དགོས་བྱུང་བ་ལས་བར་ཆད་ཆེ་བ་མ་བྱུང་། བོད་ཞི་བའི་བཅིངས་འགྲོལ་ཟིན་སྐབས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བརྩིས་སྲུང་། མི་དམངས་བཅིངས་འགྲོལ་དམག་བོད་དུ་སྐྱོད་པར་རྒྱབ་སྐྱོར་མཛད་དེ། སྦྲ་ཆེན་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར་གནང་བ་བཅས་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་པ་ཡང་དག་གྲུབ་མཐར། ༡༩༥༤ལོར་སྐུ་འདི་དབྱིངས་སུ་གཤེགས། གཡུང་དྲུང་རྒྱལ་བ་ནི༼མེ་བྱི་ལོར་ཧོར་གྱི་རྒྱུད་ལ་སྐྱེས༽གཡུང་དྲུང་བསྟན་པ་རྒྱལ་མཚན་གྱི་ཐུགས་ཀྱི་སྤྲུལ་པ་སྲས་སྨྱོན་པའི་སྐྱེ་བ་རུ་ངོས་འཛིན་བྱས་ནས་མཁར་སྣའི་རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་ལས་རབ་ཏུ་བྱུང་ནས་ལོ་ལྔའི་ཐོག་ཀླུ་དགོན་གྱི་སྒྲིག་ཞུགས་ཏེ་དགོན་གྱི་ཚོགས་ཆོས་སྒོར་འགྲིམས་པ་དང་། མདོ་ཁམས་སྟོད་སྨད་ཀྱི་བླ་མ་མང་དག་རྟེན་ནས་དབང་ལུང་མན་ངག་རྒྱས་པར་ཞུས། ༡༩༥༦ལོར་སྨན་རིའི་མཁན་ཟུར་བསྟན་པ་བློ་གྲོས་ཀྱི་དྲུང་ནས་དྲང་སྲོང་གི་ཁྲིམས་ཞུས། ཀླུ་དགོན་གྱི་གདན་ས་འཛིན་ཁུལ་བྱས་ཀྱང་གཙོ་བོ་སྡེ་དགོན་གཉིས་ཀའི་སྲིད་ཀྱི་འགན་འཁུར་བླང་། རྒྱུན་སྲོལ་དགོན་གྱི་སྒྲིག་གཞི་ནི་ཆོས་སྲིད་གཉིས་ཀའི་གཙོ་བོའི་དབང་འཛིན་མཁན་མཁར་དམར་གདན་ས་འཛིན་པའི་མཁན་སྤྲུལ་དང་། སྲིད་དང་དཔལ་འབྱོར་དོ་དམ་བྱེད་པོ་ཕན་ཚུན་ཆེན་མོ་དང་། སྐེའུ་ཚང་སྒྲོལ་གསལ་གླིང་དང་དགའ་ལྡན་འབུམ་སྡེ་གླིང་། བསྟན་པ་ཡར་དར་གླིང་། གསེར་སྡེ་བདེ་ཆེན་གླིང་བཅས་གླིང་བཞིའི་དགེ་རྒན་བཅས་མི་ལྔ་དང་འདོན་ཆོག་ཕྱག་ལེན་གྱི་འགན་འཁུར་བྱེད་པོ་ཚོགས་ཆེན་དབུ་མཛད་དང་སྔགས་གྲའི་དབུ་མཛད། དགོན་གྱི་ཆོས་ཁྲིམས་དོ་དམ་བྱེད་པོ་དགེ་བསྐོས་བཅས་མི་གསུམ། ཚོགས་གཏོང་སྒོ་དོ་དམ་བྱེད་པོ་བླ་བྲང་ཕྱག་མཛོད་དང་། སྤྱི་གཉེར། རྒྱུན་གཉེར། ཚོང་དཔོན་བཅས་ལས་གྲུབ་པ་ཞིག་རེད། བོད་དུ་དམངས་གཙོས་གསར་བརྗེ་བྱེད་པའི་དུས་སྐབས་བླ་བྲང་དགོན་གཉིས་ནས་དམངས་གཙོའི་བཅོས་སྒྱུར་ལ་བརྩི་སྲུང་། ཟིང་འཁྲུག་ལྷིང་འཇགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན་དགོན་པ་རྒྱལ་གཅེས་ཁྲིམས་སྲུང་ཡིན་པ་གཏན་འཁེལ་བྱུང་སྟེ་རྒོལ་གསུམ་རྩིས་གསུམ་ལག་བསྟར་གྱིས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མེད་པར་བཟོས་ཏེ་དམངས་གཙོའི་དོ་དམ་ལམ་ལུགས་བཙུགས་པ་དང་། གནའ་ཤུལ་རིག་དངོས་དང་རྒྱུན་སྲོལ་ཆོས་ཀྱི་བྱེད་སྒོ་བཅས་ལ་སྲིད་གཞུང་གིས་སྲུང་སྐྱོབ་ཐོབ་ཡོད། རྒྱལ་ཁབ་ལ་ལོ་བཅུའི་གོད་ཆགས་ཚབས་ཆེན་བྱུང་བའི་སྐབས་སུ་རིག་དངོས་དང་ཆོས་དཔེ་ཉུང་ཤས་ཤིག་ཆོས་ལུགས་དང་མི་རིགས་ཀྱི་ལ་རྒྱ་ཆེ་བའི་སེར་སྐྱ་ཁ་ཤས་ཀྱིས་སྦས་ཉར་ཐུབ་པ་ཕུད་གཞན་དགོན་སྡེ་ཤུལ་རྗེ་ཙམ་ལས་མེད་པར་གྱུར་བའི་ལོ་རྒྱུས་དུམ་བུ་ཞིག་རྒྱུད་ཡོད་ནའང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་མི་རིཊ་དང་ཆོས་ལུགས་ཀྱི་སྲིད་ཇུས་སླར་གསོ་དང་དོན་འཁྱོལ་བྱས་པའི་ཐོག་མའི་སྐབས་ནས་ཀླུ་དགོན་ནི་ནག་ཆུ་ས་ཁུལ་དུ་ཉམས་གསོའི་དགོན་པ་གཉིས་ཆོག་མཆན་གནང་བའི་ནང་གི་གཅིག་ཡིན་ལ། ༡༩༨༥ལོར་ས་ཁུལ་གཙོ་གནད་དགོན་པ་གསུམ་གྱི་གྲས་གཏན་འཁེལ་གནང་ནས་སྲིད་གཞུང་གི་འགོ་ཁྲིད་འོག་ཉམས་གསོ་བྱེད་པའི་ལོ་རྒྱུས་ཞིག་རྒྱུད་བཞིན་ཡོད་ལ། གོང་གསལ་ཀུན་གྲོལ་གྲགས་པའི་ལུང་ཟིན་བུ་བཞིའི་ནང་ཚན་དཔལ་གྲུབ་པའི་དབང་ཕྱུག་ཤར་རྫ་པ་ཆེན་པོའི་རྒྱལ་ཚབ་བློ་གྲོས་ལུང་རྟོགས་རྒྱ་མཚོ་ཡིས་ཕྱི་ནང་གསང་བའི་གདམ་པ་གང་ཟབ་བུམ་པ་གང་བྱོའི་ཚུལ་དུ་སྩལ་ཞིང་། རྒྱལ་ཐེབས་དབང་སྐུར་བའི་སྐྱེས་བུ་དམ་པ་རག་ཤི་རྟོགས་ལྡན་དྲི་མེད་རྡོ་རྗེས་དབུ་བླ་གནང་བའི་བླ་གྲྭ་བཞི་བཅུ་རྩ་ལྔས་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་རྒྱལ་མཚན་སླར་ཡང་སྒྲེང་བཞིན་དུ་ཡོད། མདོར་ན་ཀླུ་ཕུག་དགོན་པའི་ལོ་རྒྱུས་ནི་ལྷ་སྐྱོང་ཁྲི་ལོ་༡༡པར་མེས་རྒྱལ་གྱི་པང་དུ་སྐྱེས་པ་ནས་བཟུང་སྤྱི་ཚོགས་ལ་གྲངས་དང་ངོ་བོ་འགྱུར་བ་ཇི་ལྟར་བྱུང་རུང་རྒྱལ་ཅེས་ཁྲིམས་སྲུང་བྱས་པའི་ལོ་རྒྱུས་རང་ཡིན་པར་བརྟེན་གཟི་བརྗིད་གྱི་སྲོལ་རྒྱུན་དེ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། སླར་སྨྲས་པ། དེང་རབས་ལོ་རྒྱུས་ཟླ་མ་ལས།། ལེགས་སྲུབས་སྙིང་པོ་འོད་དཀར་ཅན།། ཞིབ་འཇུག་རིག་པའི་ཀུ་མུད་ཚལ།། རབ་བཞད་གེ་སར་ངོམ་ཕྱིར་རོ།། སྲིད་པར་ཉམས་སུ་ལེན་པའི་གང་ཟག་གིས།། གནའ་དེང་མི་བལྟོས་འདུ་བྱས་ལོ་རྒྱུས་ཀུན།། འཕོ་དང་འགྱུར་བའི་རང་བཞིན་མཐའ་མེད་པ།། མི་རྟག་གློག་གི་རི་མོ་བྲིས་ལ་ལྟོས།། འཛམ་བུའི་ཤིང་གིས་བརྒྱན་པའི་འཛིན་མའི་ཁྱོན།། དལ་འབྱོར་རྟེན་བཟང་ཕུན་ཚོགས་ཞིང་ས་རུ།། བྱང་སེམས་ནོར་བུའི་ས་བོན་ལེགས་བཏབས་ཏེ།། ས་ལམ་ཡོན་ཏན་ལྗང་པ་རྒྱས་པའི་རྩེར།། དཔང་རྟོགས་མཐར་ཕྱིན་འབྲས་བུ་རབ་སྨིན་ནས།། འགྲོ་ཀུན་བྱང་ཆེན་སྤྱོད་པའི་གསོས་སུ་ཤོག། ཅེས་པ་འདི་ཡང་སྨྲ་དབང་ཉི་མའི་བསྟན་རྩིས་དང་།། བོན་བྱུང་སྐལ་བཟང་འགྲིན་རྒྱན། ཧོར་གྱི་རྒྱལ་རབས་དོན་འདུས་ཉི་ཟེར་དྲྭ་བ་བཅས་ལ་གཞིར་བཟུང་བ་དང་བགྲེས་པོའི་ངག་རྒྱུན་དང་རང་གི་ཤེས་པ་བཅས་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་པར་ཆད་ལྷག་དང་ནོར་བའི་རིགས་མཆིས་ཚེ་མཁྱེན་ལྡན་རྣམས་ཀྱིས་ཁ་སྐོང་དང་ཡོ་བསྲང་ཡོད་པ་ཞུ། །
|