མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - དྲང་བདེན་སྲིད་པ་རྒས་པོའི་གཏམ་ཨེ་མ་ཧོ།

དྲང་བདེན་སྲིད་པ་རྒས་པོའི་གཏམ་ཨེ་མ་ཧོ།

དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་མཉམ་འབྲེལ་ལྷན་ཚོགས་ལ་ཕུལ་བའི་སྙན་ཞུ།


2016-10-23 21:26:31 རྩོམ་པ་པོ། དགེ་བཤེས་སྨོན་ལམ་དབང་རྒྱལ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 

དྲང་བདེན་སྲིད་པ་རྒས་པོས་རིག་པའི་གནས་ལྔ་འཆད་པའི་དུས། །

ཚན་རིག་ཉི་འོད་གཞོན་ནུ་སྤྲིན་མེད་མཁའ་ལ་ཤར་དང་ལྷན། །

གནའ་དེང་ཟུང་འབྲེལ་ལོ་རྒྱུས་གང་གཱའི་རྒྱུན་ལས་རིང་བའི་རྟགས། །

སྲིད་པའི་བདེན་དཔང་གཡུང་དྲུང་ཆག་ཤིང་ཁྱེད་ཉིད་ངེས་པ་ལགས། །

བདེན་པ་བོན་གྱི་ཉི་མ་ཤར་རིའི་འཕྲག་ནས་ཤར་བའི་དུས། །

མི་བདེན་བསླུ་ཐབས་ཆོས་ཚུལ་སྣ་ཚོགས་ནུབ་རིའི་ཕག་ཏུ་ཟིམ། །

དྲང་ཚུགས་བརྟན་པོའི་ལམ་ཐིག་འཛམ་གླིང་ཡུལ་གྲུ་གང་དུ་ཡང་། །

གསལ་བར་དོད་པ་བདེན་པའི་དཔང་རྟགས་མངོན་དུ་གྱུར་པ་ཡིན། ། 

    ཞེས་ཚིག་བཅད་ཐུང་ངུས་སྣ་དྲངས་ཏེ་སྐབས་ཀྱི་གླེང་བར་བྱ་བ་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་སྐོར་ལ་རང་ཉིད་བོན་པོ་ཞིག་ཡིན་པའི་ངོས་ནས་དུས་རྒྱུན་བོན་ལ་བཅངས་བའི་བསམ་བློའི་ཁྱེར་སོ་ཁག་གླེང་བར་འདོད། སྔོན་དུས་རབས་བདུན་པ་ནས་ཉི་ཤུའི་བར་རང་ཅག་བོན་འབངས་རྣམས་ཀྱི་བདེན་པའི་ལམ་བུ་གཉན་འཕྲང་འོག་ཏུ་ཚུད་ནས་ད་ལན་གྱི་ལྷན་ཚོགས་ཀྱི་གོ་སྐབས་འདི་ལྟ་བུ་ཉིན་སྐར་ལྟར་གནས་མོད། འོན་ཀྱང་ད་ལན་ཀྱི་ལྷན་ཚོགས་འདི་ནི་དམུ་རྒྱལ་གཤེན་གྱི་བསྟན་མཆོག་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འདི་ཉིད་སྐྱེ་འགྲོ་སྤྱི་ཡི་བགོ་སྐལ་སྤྱི་སྨན་དུ་བཞག་པ་དེ་ཉིད། ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བའི་ཆེད་དུ། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་འཛམ་གླིང་ཡུལ་གྲུ་གང་སར་བོན་གྱི་བཤད་བཀྲོལ་མཛད་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་འཛམ་གླིང་ཤར་ནུབ་ཀུན་ཏུ་བོན་འཆད་ཁྲིད་ཀྱི་ཚོགས་སྡེ་ཇེ་མང་དུ་འགྲོ་བཞིན་པ་དང་། བླ་ལྷག་ཏུ་གངས་ཅན་བོད་ཀྱི་ལྗོངས་ཆེན་འདིར། ༧ བསྟན་བདག་༧ གཤེན་རིན་པོ་ཆེས་དབུས་པའི་བླ་སྤྲུལ་དགེ་བཤེས་སྔགས་བཙུན་ཕོ་མོའི་སྡེ་སེར་སྐྱ་རིས་སུ་མ་ཆད་པ་མཉམ་འཛོམས་ཀྱིས་བསྟན་མཆོག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སྐོར་ལ་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱུང་བ་འདི་ནི། སྐྱབས་རྗེ་༧མཁན་སློབ་རྣམ་གཉིས་ཀྱི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་འཚོ་བའི་རང་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ལགས། སྤྱིར་དུས་ཀྱི་འཁོར་ལོ་དང་སྲིད་པའི་འགྱུར་འགྲོས་ལ་བརྟེན་ནས་ཉེར་གཅིག་པའི་དུས་རབས་འདི་དངོས་ཐོག་བདེན་འཚོལ་ཤེས་ཡོན་གྱི་དུས་མཚམས་སུ་སླེབས་པས། ཕྱོགས་གང་སར་བོན་ཅེས་པའི་ཐ་སྙད་དང་དེའི་ཁྱབ་ཁོངས་སུ་གནས་པའི་བོན་པོའི་སྐོར་ལ་ཞིབ་འཇུག་དང་ཤེས་རྟོགས་གནང་མཁན་ཟླ་བ་ཡར་གྱི་ངོ་བཞིན་ཇེ་འཕེལ་དུ་འགྲོ་བཞིན་པ་འདི་ནི། བླ་ཆེན་དྲན་པ་ནམ་མཁའ་གཙོས་གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་སྨོན་ལམ་གྱི་བདེན་པའི་མཐའ་མངོན་དུ་སྨིན་པའི་དབུ་ཚུགས་པ་ཡིན་ནམ་སྙམ། ཁོ་བོས་ད་ལན་ཆེད་དུ་ཞུ་བ་ནི་མ་འོངས་པར་གཡུང་དྲུང་བོན་འཛིན་སྐྱོང་བྱེད་ཕྱོགས་དང་འབྲེལ་བའི་བོན་གྱི་གནས་སྟངས་སྐོར་ལ་ཡིན། བོན་མཉམ་འབྲེལ་ལྷན་ཚོགས་ངོ་བོ་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པ་དང་ཁ་ཕྱོགས་ས་རྒྱལ་ནང་ནས་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཡིན་སྟབས་བོན་གྱི་བསྟན་པའི་བྱ་བ་ཆེ་ཕྲ་གང་ཡིན་ཡང་ལྷན་འཚོགས་འདི་ཡིས་སྟངས་འཛིན་འོག་འགྲོ་ཐུབ་པའི་དམིགས་འདུན་ལག་ལེན་ཁེལ་བ་དགོས་པ་གལ་ཆེན་མཐོང་། དེ་ལྟར་བྱེད་པ་ལ་རང་ཅག་བོན་འབངས་མཐོ་དམའ་སུ་ཡིན་ཡང་ཕན་ཚུན་གུས་བརྩི་དང་རིན་ཐང་འཇོག་ཤེས་པའི་བསམ་བློ་གུ་ཡངས་མཉམ་འབྲེལ་ཡར་རྒྱས་དང་། མདུན་བསྐྱོད་ཀྱི་སྤྱི་ཚོགས་དང་དཔུང་པ་མཉམ་གཤིབ་ཐུབ་པའི་གནའ་དེང་ཟུང་འབྲེལ་ཤེས་ཡོན་སློབ་སའི་གཞི་རིམ་ས་གནས་སོ་སོར་ཚུགས་ཐབས་བྱ་རྒྱུ། དེ་ལྟ་བུའི་རྨང་གཞིའི་ཤེས་ཚད་མཐོ་རུ་སླེབས་པའི་སློབ་མ་རྣམས། དེ་རྗེས་ལ་རིགས་གཅིག་རྐང་འཛིན་ནམ། ཆེད་ལས་ཞིབ་འཇུག་མི་སྣ་ཐོན་སའི་བོན་གྱི་མཐོ་སློབ་ཞིག་འཛུག་ཐུབ་པ་ཡིན་ན་མདོ་དབུས་ཁམས་གསུམ་གྱི་བོན་ཕྲུག་ཤེས་ཡོན་མི་སྣ་སྐྱེད་སྲིང་དང་། འཛམ་གླིང་ཡུལ་གྲུ་གང་ས་ནས་བོན་དང་འབྲེལ་བའི་ཞིབ་འཇུག་སློབ་མ་རྒྱལ་ཁབ་སོ་སོའི་ལག་ཁྱེར་ཐོག་འགྲོ་ལུགས་བརྒྱུད་ནས་མཐོ་སློབ་དེ་རུ་ཕེབས་ཐུབ་པ་མ་ཟད་དེང་དུས་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་པའི་བསྟན་པ་ཁྱབ་སྤེལ་བྱེད་པ་ལ་གལ་ཆེན་ནང་གི་གལ་ཆེན་རེད། ༧ དཔེར་ན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྒྱ་སྒྱུར་དང་དབྱིན་སྒྱུར་གང་ལ་ཡང་ཕན་ངེས་རེད། དེ་འདྲ་ཡིན་དུས་དེ་མཚུངས་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་དེ་སྤྱི་ལོ་ཉིས་སྟོང་བརྒྱད་ལོར་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་དགོངས་གཞིའི་འོག་བལ་ཡུལ་རྒྱལ་ཁབ་གཞུང་འབྲེལ་ཁྲིམས་མཐུན་ཐོག་དབུ་འབྱེད་གནང་གྲུབ་པ་དང་། ལྷན་ཚོགས་འདི་ཡི་ངོས་ནས་བལ་ཡུལ་ལྟ་བུ་ལ་གོང་ཞུས་ལྟར་བོན་གྱི་མཐོ་སློབ་ཞིག་བཙུགས་པ་ཡིན་ན་འཛུགས་ཐུབ་པའི་ནུས་ཚད་ཆེས་མཐོའི་ལྷན་ཚོགས་འདི་ལ་ཡོད་པ་རེད་དེ་དོན་དགོངས་བཞེད་གནང་གལ་ཆེ། གནས་ཡུལ་འགའ་ཤས་ལ་འཛུགས་རྒྱུའི་ཆོག་མཆན་ཁག་པོ་ཡིན་སྟབས་དེའི་ཐོག་ལ་ཐུགས་བསམ་བཞེས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལམ་སྟོན་བཀོད་སྒྲིག་གནང་གལ་ཆེ་བར་མཐོང་། བལ་ཡུལ་རྒྱལ་ཁབ་འདི་ཉིད་རྒྱལ་ཁབ་ཆུང་ཡང་གནའ་བོའི་རིག་གཞུང་སྣ་འཛོམས་ཡོད་པ་དང་། ལྷག་པར་དུ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་བཅས་པའི་ཞང་ཞུང་གི་རིག་གཞུང་ཡུལ་སྲོལ་གོམས་གཤིས་གནའ་བོའི་སྲོལ་རྒྱུན་དང་འབྲེལ་བ་གཏིང་ཟབ་ཡོད། བལ་པོ་རྒྱལ་ཁབ་འདི་ཉིད་སྔོན་མ་ཧིན་དུའི་རྒྱལ་ཁབ་ཡིན་པ་ལས་གཞུང་འབྲེལ་གྱི་ཐོག་ནས་ཆོས་ལུགས་གཞན་ལ་གཞུང་འབྲེལ་ཐོག་ནས་ཐོ་འགོད་དེབ་སྐྱེལ་བྱེད་པ་ལ་ཆོག་མཆན་སྤྲོད་ཀྱི་མེད། རིམ་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་འགྱུར་བ་ཕྱིན་ནས་ད་ཆ་ཆོས་ལུགས་ཆེ་ཁག་བལ་པོའི་ནང་པ་དང་བོད་རྒྱུད་ནང་བསྟན་དང་ཡེ་ཤུ་ཁ་ཆེ་སོགས་ལ་ཡང་གཞུང་ནས་ངོས་འཛིན་དེབ་སྐྱེལ་བྱས་དང་བྱེད་མུས་ཡིན་པས་ང་ཚོགས་ལྷན་ཚོགས་ཀྱང་དེ་དང་གཅིག་མཚུངས་ཡིན།དེ་ལྟར་བྱ་བ་སྒྲུབ་པ་ལ་དཔལ་འབྱོར་ལ་རགས་ལས་པ་ནི་དངོས་མཐོང་ལག་ཟིན་ཡིན་པར་བརྟེན་དེ་ཡི་ཆེད་དུ་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བོན་པོ་སྤྱི་ཡི་དངུལ་ཁང་ཞིག་སྒོ་ཕྱེ་སྟེ་འཛམ་གླིང་གང་ས་ནས་ཞལ་འདེབས་འབུལ་ས་ཡོད་པའི་དངུལ་ཁང་ཨང་གྲངས་ཐོག་ནས་གཏོང་ཕོད་ཀྱི་ཕྱག་ཟུང་རབ་ཏུ་ཡངས་པའི་ཚོགས་སྡེ་ཁག་དང་ཚོང་པ་མི་སྒེར་སུ་ཡིན་ཡང་བོན་པོ་སྤྱི་ཡི་མ་དངུལ་གསོག་འཇོག་བྱེད་ཆེད་ཞལ་འདེབས་འབུལ་ཐུཔ་པ་ཡིན་ན་ད་གཟོད་ང་ཚོའི་དངུལ་དངོས་འགྲོ་འགྲོན་གཏོང་ཡུལ་གོང་ཞུས་མཐོ་སློབ་དང་སྔར་ཡོད་བོན་གྱི་གནས་གཞི་འདུ་གནས་སོ་བདུན་ལྟ་བུའི་མཚོན་པའི་རིག་གསར་གྱི་རྗེས་ཉམས་གསོ་མ་ཐུབ་པ་ཏྲེ་བ་བྱ་དུར་སོགས་སྟོད་གནས་མང་པོ་ཞིག་དང་འབྲེལ་བའི་ཉམས་ཉེས་འགྲོ་བཞིན་པ་དག་ལ་གཟིགས་ཞིབ་གནང་རྒྱུ་བཅས་མདོར་ན་ང་ཚོའི་བསྟན་པ་འདི་ཡི་དོན་དུ་དམ་ཚིག་ལྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་རྔ་ཡུལ་བོན་གྱི་འདུས་སྡེ་རྣམ་གཉིས་དང་ཀུན་མཁྱེན་ཤར་རྫ་པའི་གདན་ས་སོགས་དགོན་སྡེ་གང་གིས་མཐུན་སྦྱོར་བྱུང་བ་འབྱུང་བཞིན་པ་དང་། དེ་བཞིན་གནས་ཡུལ་གང་ལ་འཚོགས་ཐུབ་པ་ཡིན་ན་སྙིང་ཁོང་རུས་པའི་གཏིང་ནས་ཡི་རངས་བསྔགས་བརྗོད་ཞུ་ཞུ་ཞུ་ཞེས་གསོལ་བ་འདེབ་པ་ལགས་སོ།།

༧དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེའི་རྩ་གཞུང་འཛིན་པའི་སློབ་དཔོན་གྱི་མིང་ཙམ་འཛིན་པ་དཔོན་ཚང་དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་ཕུལ།།༢༠༡༦།༡༠་༢༣་ཉིན།།