མདུན་ཤོག

དགོན་སྡེ་སྒྲུབ་གནས། - ཡུལ་སྐྱོང་མགོན་ལྷ་དཀར་པོ།

ཡུལ་སྐྱོང་མགོན་ལྷ་དཀར་པོ།

ཡུལ་སྐྱོང་མགོན་ལྷ་དཀར་པོའི་གནས་བཤད་སྔོན་མེས་པོའི་ཞལ་ལུང་།


2017-1-10 22:36:06 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

01.jpg

ཟག་མེད་སྐུ་ལ་མཚན་དཔེའི་ཡོན་ཏན་རྫོགས། །འགག་མེད་གསུང་གིས་ཡང་དག་ཐར་ལམ་ཕྱེད། །
འཁྲུལ་མེད་ཐུགས་ཉིད་ཟབ་ཞི་སྤྲོས་དང་བྲལ། །མི་མཆོག་བླ་མེད་ཐོད་དཀར་གཤེན་ལ་འདུད། །
རིང་ནས་རྒྱུ་འབྲས་ཚོགས་གཉིས་ཀླུང་ཆེན་དུ། །གཞན་ཕན་རྣམ་དཀར་སྙིང་རྗེས་སྲུབ་པས་འབྲས། །
འདྲེན་པ་མཆོག་གྱུར་ངེས་དོན་གཡུང་དྲུང་སྐུར། །ནམ་ཡང་འཇིགས་བྲལ་བླ་ཆེན་ཡབ་སྲས་གུས། །
ཀུནབ་ཟང་གཤེན་ལྷའི་ཐུགས་ཉིད་རོལ་པའི་སྲས། །གསང་བདག་རིག་འཛིན་གྲུབ་པ་བརྙེས་པའི་ཞིང་། །
གྱེར་གཤེན་བརྒྱད་ཅུའི་ཟབ་མོའི་གཏེར་གནས་ཏེ། །གསའ་ཕུའི་གནས་ཀྱི་དགེ་མཚན་འདི་རུ་སྤེལ། །

   ཅེས་མཆོག་གི་ཞིང་དུ་བཀུར་བའི་སྙན་པ་རྩོམ་གྱི་མཆོད་སྤྲིན་དང་། རྩོམ་པར་མཐའ་རུ་ཕྱིན་ཕྱིར་དམ་བཅའི་ཚིག་གིས་མདུན་ནས་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་ལ། དེ་ཡང་རིགས་ཅན་འགྲོ་བ་ཀུན་གྱི་མ་འདྲེས་མཛའ་བཤེས་ཆེན་མོ། རྩོད་ལྡན་ཚེ་ལོ་བརྒྱ་བའི་འགྲོ་འདུལ་སྟོན་པ་ཆེན་པོ་མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་ལ་སོགས་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ཚོགས་ཕྲ་ཞིང་ཕྲ་བའི་ཆ་ཐ་དག་དང་བྲལ་བའི་སྤངས་པའི་ཡོན་ཏན་མཐའ་རུ་སོན་པའི་བསྐལ་བཟང་རྣམ་འདྲེན་བརྒྱད་པ་མཉམ་མེད་ཐོད་དཀར་སྲས་པོ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རྩོད་ལྡན་འགྲོ་བའི་ལྷ་སྐལ་དུ་བྱོན་ནས། མཛད་པ་དྲུག་ཅུ་དང་མཛད་ཆེན་བཅུ་གཉིས་སོགས་འཕྲིན་ལས་ཀྱི་འཁོར་ལོ་རིམ་པར་བསྐོར་ཏེ་ཁམས་གསུམ་ཡིད་ཅན་ཀུན་ལ་ཕྲལ་ཡུན་ཕན་དང་བདེ་བའི་ལེགས་ཚོགས་ཀྱི་སྒོ་དུ་མ་བསྐྲུན་པ་མ་ཟད་ཕྱི་རབས་འགྲོ་བ་རྣམས་ལ་ཡང་སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པའི་ཕྱིར་དུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། ཐེག་པ་རིམ་དགུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་། འགྲོ་ཕན་གྱི་དྲི་བསུང་འཐུལ་བའི་སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམ་གསུམ་འགྲོ་བའི་བསྟན་སྐལ་དུ་རྗེས་སུ་བཞག་པ་དག་ནི་ད་ལྟ་རང་ཅག་ཀུན་གྱི་བསོད་ནམས་ཞིང་ས་མངོན་དུ་གྱུར་བ་འདི་རྣམས་སོ། །

06.jpg

   བསྐལ་ཆེན་འགྲོ་བའི་མགོན་དུ་བྱོན་པའི་རྣམ་འདྲེན་དམུ་རྒྱལ་སྲས་དང་དེའི་རྗེས་འཇུག་སྐྱེས་མཆོག་གསེར་རིའི་ཕྲེང་ལྟར་བྱོན་པ་རྣམས་ཀྱི་བཞུགས་གནས་དང་ལྟ་སྒོམ་ཉམས་ལེན་བྱེད་སའི་སྒྲུབ་གནས་སོགས་བྱིན་ལྡན་ཞིང་མཆོག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པའི་ནང་དུ་ད་ལན་སྐབས་འདིར་བསོད་ནམས་བགོ་སྐལ་ཐོག་ཏུ་བབ་པ་རྒྱལ་བ་གཤེན་རབ་མི་བོ་ཆེའི་སྐུ་གསུམ་མངོན་དུ་བྱས་པའི་ལོངས་སྤྱོད་རྫོགས་སྐུ་སྟོན་པ་གཤེན་ལྷ་འོད་དཀར་གྱི་ཐུགས་ཀྱི་རོལ་པ་ལས་ཤར་ཞིང་། ལས་བཞི་ལྷུན་གྱིས་གྲུབ་པའི་གནས་མཆོག་ལྷོ་ཡི་འཛམ་བུ་ཀླུ་རིའམ། ཡུལ་སྐྱོང་མགོན་ལྷ་དཀར་པོའི་གནས་བཤད་རགས་བསྡུས་ཞིག་འཆད་པར། དང་པོ་གནས་མཆོག་འདི་ཉིད་ཆགས་སའི་ཡུལ་ལྗོངས་རྒྱལ་ཤོག་ལུང་པ་དང་དགོས་བུ་རྫུམ་ཚོ་བ་ཆགས་ཚུལ། གཉིས་པ་སྔོན་བྱོན་དམ་པའི་ལུང་ལ་བཅོལ་ཏེ་གནས་ཀྱི་གཞི་བདག་དང་ཕྱི་ནང་གསང་གསུམ་གྱི་བཀའ་རྟགས་ཞབས་རྗེས་དང་སྒྲུབ་ཕུག་རི་ཁྲོད་སོགས་ཀྱི་སྐོར། གསུམ་པ་རི་མཚོ་གཉིས་ཀྱི་སྐོར་ཚད་དང་ཕན་ཡོན་བཅས་མཇུག་བསྡུ་བའོ། །

05.jpg

   དང་པོ་ཁམས་སྟོད་རྒྱལ་ཤོག་ལུང་པ་འདི་ནི་གངས་ཅན་ཆོལ་ཁ་གསུམ་གྱི་དབུས་མ། བར་གྱི་མདོ་ཁམས་སྒང་དྲུག་གི་ནང་ཚན། རྔུལ་རྫ་ཟལ་མོ་སྒང་གི་སྒང་སྟོད་ཆུ་ཆེན་རྒྱལ་མོ་རྔུལ་ཆུའི་ཆུ་མགོ་ཁམས་དབུས་གཉིས་ཀྱི་སོ་མཚམས་སུ་ཆགས་ཡོད། དེ་ཡང་རྒྱལ་ཤོག་ལུང་པ་ནི་སྟོད་ན་འབྲོག་སྡེ་དང་སྨད་དུ་རོང་སྡེ་གནས་ཤིང་། སྣ་ལྔའི་འབྲུ་རིགས་དང་དཀར་དམར་གྱི་བཀའ་བཏུང་སོགས་ཞིང་འབྲོག་གི་ཐོན་སྐྱེད་ཕུན་སུམ་ཚོགས་པ་མ་ཟད། རི་ལ་གསེར་དངུལ་ཟངས་ལྕགས་སོགས་རིན་ཆེན་གཏེར་ཁ་སྣ་ཚོགས་བྱུར་བུར་གཏམས་ཤིང་། དབྱར་རྩྭ་དགུན་འབུ་དང་རྫ་ཡུང་སོགས་རིན་ཆེན་རྩྭ་སྣ་ཚོགས་གང་སར་བརྡོལ་ཞིང་འཐོན་འབབས་ལེགས་ལ། ནགས་སུ་སྨན་ཤིང་སྣ་ཚོགས་ཀྱི་ཡུལ་འདབ་རྒྱས་པ། སྤང་དུ་དྲི་བཟང་གི་མེ་ཏོག་དུ་མ་བཞད་པའི་དྭངས་གཙང་གི་ཁ་དབུས་དང་མཛེས་སྡུག་གི་ཡུལ་ལྗོངས། བག་ཡངས་ཀྱིས་འཚོ་བའི་བྱ་གཅན་རི་གཡུང་སོགས་རང་བྱུང་གི་ས་ཡི་དགེ་བཅུ་འཛོམས་པའི་ཞིང་མཆོག་འདི་ཉིད་མི་ཡུལ་གྱི་དག་ཞིང་ཞིག་ཏུ་བགྲང་ཆོག་པར་སྙམ། རྒྱལ་ཤོག་གི་ཡུལ་འདིར་ཡ་ཐོག་བསྐལ་བའི་གོང་ནས་བོན་གཤེན་བསྭོ་སྒྲ་མ་ཆད་པར་རྒྱལ་བསྟན་ཉི་ཟླའི་འོད་ཀྱིས་ཡིད་ཅན་མུན་པ་བསལ་ཞིང་། མི་རྣམས་དགེ་བཅུའི་ལས་ལ་ཚུལ་བཞིན་དུ་འཇུག་ལྡོག་བྱེད་པས་རྒྱལ་ཤོག་བོན་ལུང་སྐྱ་མོ་ཞེས་སྙན་པའི་བླ་དྭགས་གངས་ཅན་ཡུལ་གྲུ་གང་སར་ཁྱབ་ཡོད། དེ་བཞིན་ཞིང་འདིའི་མི་རྣམས་བློ་ཁོག་དྲང་ཞིང་དཔའ་མཛངས་པ་རིགས་ཞེན་དང་ཡ་རབས་ལྡན་པས་སྔར་བོད་རྗེ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུད་སྐབས་རུ་བཞི་དམག་གི་རྒྱབ་སྣོན་སུམ་པའི་རུ་ཞེས་ཡན་ལག་གི་དམག་དཔུང་ཞིག་རྒྱལ་ཤོག་སྟག་པ་ཚལ་དུ་གྲ་སྒྲིག་བྱས་ཚུལ་སྔར་གྱི་ལོ་རྒྱུས་ཡིག་རྙིང་ཁག་ཏུ་གསལ། ལུང་པ་དེའི་སྟོད་དུ་བུ་རྫུམ་ཞེས་འབྲོག་སྡེ་ཞིག་ཆགས་ཡོད་པ་དེ་སྔར་སྤྱི་ཚོགས་རྙིང་པའི་སྐབས་སུ་ཧོར་སྤྱི་ཁྱབ་རྒྱལ་པོའི་མངའ་རིས་ཧོར་ཚོ་སོ་དགུ་ཞེས་པའི་ནང་ཚན་ནགས་ཤོག་ཚོ་དགུའི་ཡ་གྱལ་ཤིག་ཡིན། ད་སྐབས་བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཡང་ཤོག་ཤང་གི་མངའ་ཁོངས་སུ་ཡོད། ཡུལ་དེའི་ཆགས་ཚུལ་ལ་སྔ་རབས་མེས་པོའི་ཁ་རྒྱུན་དུ། རྒྱལ་ཤོག་བོན་ལུང་སྐྱ་མོའི་དཔྲལ་བ། རྒྱལ་སྟོན་ལྡིང་ཁག་དགུ་ཡི་རྭ་རྩེ། ལྷ་རི་ཨར་རྩ་གཉིས་ཀྱི་རྟིང་ཁེ། རྔོད་པ་སྐྱ་འགག་གཉིས་ཀྱི་འགྲམ་ཟུར། ནགས་བུར་སེན་གསུམ་ཕྱེས་པའི་དབུ་མ། ཞེས་ལུང་པའི་ས་བབས་ཆགས་ཚུལ་བསྟན་ཞིང་། བུ་རྫུམ་ལུང་པའི་སྟོད་དུ་གསའ་ནང་ཞེས་གངས་རྫ་གཡའ་སྤང་སོགས་ངོ་མཚར་ཅན་གྱི་རི་བོ་དུ་མའི་ཕྱོགས་མཚམས་བསྐོར་ཞིང་། ཡན་ལག་བརྒྱད་ལྡན་གསའ་ཆུ་སྔོན་མོ་ཤང་ཤང་དུ་བབས་པའི་གཡས་གཡོན་དུ་དྲི་བཟང་གི་སྨན་སྣ་དང་ཚང་ཚིང་ཤིང་རིགས་ལྗང་ལྗོངས་སོགས་མདོར་ནས་བལྟས་ན་དྭངས་པ་འདྲེན་ཞིང་། བསྡད་ན་དགའ་བྲོ་འཕེལ་བའི་ཕུན་ཚོགས་རི་ལུང་གི་དགེ་མཚན་ཡོངས་སུ་རྫོགས་པའི་ལུང་པ་དེའི་ཕུ་ལ་དྲི་མེད་དཀར་གསལ་ཁ་བའི་རྡུལ་དུ་རྩིག་པའི་ཆུ་ཤེལ་གྱི་ལྷུན་པོ་ལ་དབུ་རྩེ་མཐོན་མཐིང་མཁའ་ལ་ཟུག་ཅིང་། ཆུ་འཛིན་གྱི་བླ་བྲེ་དུས་བཞི་རྟག་ཏུ་དབུབ་པ། རྩ་བ་ཞི་རྒྱས་གསེར་གྱི་ས་གཞིར་ངོ་མཚར་གཡུ་ཡི་ཆུ་མིག་བརྡོལ་བ། དབྱིབས་ནི་གཤེན་རབ་རྣམ་པར་རྒྱལ་བའི་ཁང་བཟང་བཞིན། དཀྱིལ་འཁོར་གཞལ་ཡས་ཚད་དང་ལྡན་ཞིང་ཉེ་འཁོར་རི་ཚོགས་རྣམས་འབངས་ཀྱི་ཚུལ་དུ་མཐའ་ནས་བསྐོར་བའི་གངས་རྒྱལ་རི་བོ་དེ་ནི་ཀུན་བཟང་གཤེན་ལྷའི་ཐུགས་སྲས། རྒྱལ་ཤོག་ཡུལ་གྱི་ས་སྲུང་དཀར་ཕྱོགས་གཞི་བདག་གི་ཁ་འཛིན་ཡུལ་སྐྱོང་མགོན་ལྷ་དཀར་མོའམ། ཀླུ་མི་མགོན་དཀར་པོ་ཞེས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པའི་གནས་མཆོག་དེ་ཉིད་བསྐལ་བཟང་ལྷ་མི་ཀུན་གྱི་མིག་གི་རྒྱན་དུ་བྱིན་འཐིབས་སེ། འོད་དཔུང་ངེ་བཞུགས་ཡོད།

04.jpg

   གཉིས་པ་སྔོན་བྱོན་སྐྱེས་མཆོག་དམ་པ་རྣམས་ཀྱིས་ལྗགས་ལུང་བཞིན་གནས་ཀྱི་ཡོན་ཏན་བསྟན་པ་ལ། དེ་ཡང་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་མཛད་པའི་གསའ་ཕུའི་སྐོང་མདོས་རྒྱས་པའི་ནང་དུ། ཤར་ཕྱོགས་རྒྱ་ཡིས་མཚན་གསོལ་བ། ལྷོ་ནུབ་གངས་དཀར་གཡུ་རུ། བྱང་ཕྱོགས་ཧོར་གྱི་མཚན་གསོལ་བ། ལྷ་ཡི་འཛམ་བུ་ཀླུ་རི། སྤུ་རྒྱལ་བོད་ཀྱི་མཚན་གསོལ་བ། གསའ་ཕུ་མགོན་ལྷ་དཀར་པོ། ཞང་ཞུང་བོན་གྱི་མཚན་གསོལ་བ། རི་རབ་གངས་དཀར་རྩེ་ཕྲོམ། ན་ག་ཀླུ་ཡི་མཚན་གསོལ་བ། མུར་ཟངས་ཝེར་རོ་ར་ཙ། མཚན་ལྔ་གྲགས་པའི་གནས་མཆོག་རྩ་ཆེན་ཡིན། །ཞེས་ལུང་གིས་ཟིན་པའི་མཚན་ཡོངས་སུ་གྲགས་པ་གསའ་ཕུ་མགོན་ལྷ་དཀར་པོ་འདི་ཉིད་འཇིག་རྟེན་ལ་གནས་པའི་ཡུལ་ལྷ་དྲག་རྩལ་ཅན་དང་ཚེ་འདིའི་སྐྱོབ་གཉེན་ཙམ་གྱིས་དྲེགས་པའི་ལྷ་སྲུང་ཞིག་མ་ཡིན་པར། སྔོན་ཚེ་སྲིད་པ་སངས་པོ་ཡབ་ཡུམ་སྤྲུལ་པ་དཀར་ཕྱོགས་ཡོད་ཁམས་ལྷ་མི་ཀུན་གྱི་ཁ་འཛིན་སྡོང་གྲོགས་དང་། དགོས་རྒྱལ་ཤོག་གཞི་བདག་ཀུན་གྱི་རྗེ་བོ། ཡུལ་གྱི་ཡུལ་ལྷ། མཁར་གྱི་རྩེ་འཛིན། མི་ནོར་ཀུན་གྱི་སྲུང་མ། འདི་དང་ཕྱི་མའི་འདྲེན་སྟོན་དུ་ལྷ་ཆེན་ཐུགས་སྲས་མགོན་ལྷ་དཀར་པོ་ཉིད། རྒྱལ་ཤོག་ལུང་པའི་གཞི་གཉེན་ཕེབས་པ་ཡིན། དེའི་ཚུལ་ལ། ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གསའ་ཕུའི་གནས་བཤད་ཀྱི་ཤོག་དྲིལ་ནང་དུ། འོད་དེ་གུང་ཆེན་རྒྱལ་པོ་དང་། ཀླུ་སྨན་རྒྱལ་མོ་བཤོས་པ་ལས། མཆོང་སྒོང་སྨུག་མོ་གཅིག་ཏུ་སྲིད། ལྷོ་མོན་མཚམས་སུ་ཡར་དེ་སོང་། འཛམ་བུ་ཀླུ་རི་ཞེས་སུ་གྲགས། འདི་ལྷ་དམག་ཀུན་གྱི་གཙོ་བོ་ཡིན། ཀླུ་དམག་ཀུན་གྱི་དམག་དཔོན་ཡིན། གཉན་དམག་ཀུན་གྱི་རྗེ་བོ་ཡིན། དྲག་རྩལ་ནམ་མཁའི་ཐོག་དང་འདྲ། མྱུར་མགྱོགས་བར་སྣང་གློག་དང་འདྲ། དེ་ཀུན་མ་བརྗེད་ཐུགས་ལ་ཞོགས། ཞེས་དང་། ནམ་མཁའ་རང་གྲོལ་རྩལ་གྱིས་མཛད་པའི་གནས་ཀྱི་དཀར་ཆག་ལས། ཡང་ཟབ་གནས་མཆོག་གསའ་ཕུ་མགོན་ལྷ་ནི། སྲིད་པ་སངས་པོ་ཡབ་ཡུམ་སྤྲུལ་པ་ལས། ཨ་དཀར་འོད་དང་བཅས་པའི་མཎྜལ་རི། ཕྱི་ལྟར་གྲུ་བཞི་རྣམ་རྒྱལ་ཁང་བཟང་དབྱིབས། ནང་ལྟར་དཀྱིལ་འཁོར་གཞལ་ཡས་ཚད་དང་ལྡན། རིག་འཛིན་དཔའ་བོ་རྒྱ་མཚོའི་ཚོགས་ཁང་སྟེ། ཞེས་སོགས་ངེས་དོན་སྐྱེས་བུ་དུ་མའི་ལུང་གིས་དངོས་སུ་བསྟན་ཡོད། གནས་མཆོག་འདི་ཉིད་ཕྱི་ཡི་ཆགས་ཚུལ་ལ་ཞི་རྒྱས་དབང་དྲག་དཀྱིལ་འཁོར་དབྱིབས་དང་ལྡན་པ་དབུ་རྩེ་བརྗིད་ལྡན་གངས་སེང་དཀར་མོ་འགྱིང་པ་ལྟར་བག་དང་ལྡན་ཞིང་། ནང་དུ་གཤེན་རབ་རྣམ་པར་རྒྱལ་བའི་ཕོ་བྲང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ནང་དུ་དབུས་རྒྱས་པ་ཀུན་སྣང་ཡབ་ཡུམ་ལ་བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱིས་སྐོར་ནས་བཞུགས་པའི་སྤྱན་སྔར། རིག་འཛིན་དཔའ་བོ་རྒྱ་མཚོ་མ་སྲིང་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ་ཞིང་ཟག་མེད་ཚོགས་ཀྱི་འཁོར་ལོ་རྟག་ཏུ་སྐོར་ཞིང་གནས་ཡོད་པ་སྟེ། དེ་ཡང་ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བསང་ཡིག་ལས། ལྷ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །གནས་མཆོག་མགོན་ལྷ་དཀར་པོ་ནི། །རིན་ཆེན་དུང་གི་སྐུ་མཁར་ལ། །ཅོག་ལ་མཚལ་གྱི་ཁ་བད་མཛད། །རིན་ཆེན་མཆོང་གི་སྒོ་བཀྲ་ལ། །མཚོ་རོལ་གཡུ་ཡི་རེ་གཞི་བྲིས། །ཡ་གདན་གསེར་ལ་མ་གདན་དངུལ། །སྟེང་ལ་ན་བུན་གཡུ་ཡི་གུར་ཁང་དབུབས། །ཞེས་དང་། གནས་ཀྱི་དཀར་ཆག་ལས། ཕྱི་ལྟར་གྲུ་བཞི་རྣམ་རྒྱལ་ཁང་བཟང་དབྱིབས། །ནང་ལྟར་དཀྱིལ་འཁོར་གཞལ་ཡས་ཚད་དང་ལྡན། །རིག་འཛིན་དཔའ་བོ་རྒྱ་མཚོའི་ཚོགས་ཁང་སྟེ། །ཞེས་དང་། དེ་ཉིད་ལས། དབུས་སུ་རྩལ་ཆེན་ལྔ་ཡི་གཏམས་པའི་ཁྲིར། །རྒྱས་པ་ཀུན་སྣང་ཁྱབ་པ་ཡབ་ཡུམ་ལ། །བདེར་གཤེགས་ཞི་བའི་ལྷ་ཚོགས་སྐར་ལྟར་བཀྲ། །མདུན་གྱི་ཚོགས་གཞོང་དུར་ཁྲོད་འབར་བའི་ནང་། །མཚན་ལྡན་བམ་ཆེན་མེ་ཏོག་ཐིག་ལེས་རྒྱན། །གནས་འདིར་དཔའ་བོ་གྲུབ་ཐོབ་སྤྲིན་ལྟར་གཏིབ། །སྒོ་ལྕམ་མཁའ་འགྲོ་ཚོགས་སྲིང་ལྟར་འདུ། །ཞེས་སོགས་གསལ་བར་བསྟན། །གནས་ཀྱི་མདུན་དུ་བོན་ཆེན་བཞི་བཅུ་དང་མཐའ་འདུལ་ཆེ་དགུ་སོགས་རིག་འཛིན་རྣམས་ཀྱིས་རྒྱས་པ་ཀུན་སྣང་སྒྲུབ་པའི་སྒྲུབ་གནས་དང་། ཁྱད་པར་སྙིགས་དུས་འདྲེན་པའི་སྟོན་པ་ཆེན་པོ་འཆི་མེད་ཡབ་སྲས་གསུམ་གྱི་སྒྲུབ་གནས་བྱིན་ལྡན་སྒྲུབ་ཕུག་ངོ་མཚར་ཅན་དང་། ཕྱག་ཞབས་སྐུ་རྗེས་དུ་མ་ད་ལྟ་ཚུར་མཐོང་ཀུན་གྱི་སྣང་ཡུལ་དུ་མཇལ་དུ་ཡོད། གནས་ཀྱི་ཕྱོགས་བཞི་དབུས་ལྔ་རུ་ཡེ་ཤེས་ལྔ་ཡི་ས་བོན་ཡི་གེ་དཔའ་བོ་འབྲུ་ལྔ་རང་བྱུང་དང་། མཚམས་བཞི་ཕྱོགས་མདོག་དཀར་ལྗང་དམར་སྔོ་བཞི་ཡི་ལས་བཞི་ལྷུན་གྲུབ་ཀྱི་ཁྲུས་ཆུ་ཡོད་ཚུལ་སོགས། གནས་ཀྱི་དཀར་ཆག་ནང་གསལ་ཡང་ད་ལྟ་ཞིབ་གསལ་གྱི་ངོ་འཕྲོད་མ་བྱུང་། གཞན་གནས་མཆོག་འདི་རུ་འཆི་མེད་ཡབ་སྲས་གཙོས་པའི་སྔ་དར་རིག་འཛིན་རྣམས་ཀྱིས་གཏེར་དུ་སྦས་པའི་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དུ་མ་ཞིག་ཀྱང་གཏེར་དུ་བཞུགས་ཡོད་དེ། རིག་འཛིན་དྲན་པ་ནམ་མཁའ་དང་སྟོང་རྒྱུང་མཐུ་ཆེན་དང་ཟ་རང་མེ་འབར་བཅས་ཀྱི་ཞུ་ལན་ནང་དུ། ཕྱྭ་གཤེན་ཐེག་པའི་བོན་སྒོ་དང་། །མུ་ཁྲི་ལྷ་ཡི་མཚན་མདོ་དང་། །རྫོགས་ཆེན་བདུད་རྩིའི་ཐིགས་པ་འགའ། །གསའ་མཚོ་ཁྲ་རིང་གཡས་ཕྱོགས་ན། །བྲག་གཡུ་འབྲུག་འདྲ་བའི་ཟེ་བ་བཞུགས། །ཞེས་དང་། གནས་ཀྱི་དཀར་ཆག་ལས། བྱང་ཤར་ཕ་བོང་གཡུ་མདོག་ཅན་ལ། དུག་མཚོན་བཟློག་པའི་གཏེར་ཁ་སྣ་ཚོགས་ཡོད་ཅེས་སོགས་ལུང་དུ་མས་དངོས་སུ་བསྟན་པ་མ་ཟད་མེ་སྟོན་གོང་འོག་གི་དངོས་སློབ་བྱ་བཏང་རིན་ཆེན་དབང་ལྡན་གྱིས་གསའ་ཕུའི་དོ་མོ་ནང་རྡོ་ཕ་བོང་སེང་གེ་གནམ་མཆོང་དྲུང་ནས་ཚེ་དབང་ཚོགས་བདག་རོལ་པའི་སྒྲུབ་སྐོར་ཞིག་གཏེར་དུ་སྟོན་ཞིང་དེའི་ནང་སོག་ལྡེབ་ཁ་ཤས་ལས་གཏེར་དཔེ་ཕབ་མ་ཐུབ། ཚེ་དབང་ཚོགས་བདག་རོལ་པའི་སྐུ་གཅིག་གཏེར་སྟོན་པ་དེ་ད་ལྟ་སེན་ཚ་དགོན་གྱི་བླ་མ་ཐུགས་དགའི་ཕྱག་ཏུ་ཡོད། གནས་ཀྱི་མདུན་དུ་འདོད་འབྱུང་གསའ་མཚོ་ཁྲ་རིང་ཞེས་གཡུ་ལྗང་གི་ལྡེ་གུ་ཕབ་པ་ལྟར་གཞའ་ཚོན་སྤྲིན་གྱི་སྣང་བརྙན་འཛིན་པའི་དྭངས་གསལ་གྱི་མཚོ་མོ་ཡན་ལག་བརྒྱད་དང་ལྡན་པ་ཞིག་ཡོད་པ་དེའི་དབྱིབས་ནི་ཡུམ་མཚོ་སྨན་རྒྱལ་མོ་བཞེངས་སྟབས་སུ་བཞུགས་པ་ལྟར་ཡོད། དེ་ལ་ཚེས་བཟང་དུས་བཟང་སྐབས་སུ་མཚོ་ཞལ་ཕྱེ་ཞེས་མཚོ་དེའི་ཁ་དོག་ཡོངས་སུ་དག་ནས་ཕྱི་གསལ་ནང་གསལ་ཤེལ་སྒོང་ལྟ་བུའི་དཀྱིལ་དུ་ངོ་མཚར་ཆེ་ལ་རྒྱས་སྤྲོས་ཟབ་པའི་གཙུག་ལག་ཁང་གི་བཀོད་པ་ཆ་ཚང་ཞིག་མཇལ་རྒྱུ་ཡོད་ཚུལ་དམངས་ཁྲོད་ཀྱི་ཤོད་རྒྱུན་མཚར་ལ་རིང་བའང་དུ་མ་ཡོད། མཚོ་དེའི་ནང་ནས་སྔར་ཤེལ་བླ་གྲགས་པ་རྣམ་རྒྱལ་གྱིས་སྦྱིན་པ་བྱམས་མའི་སྐུ་གཅིག་གཏེར་དུ་བཞེས་པ་དེ་ད་ལྟ་རྡོ་རྟིང་སྐྱེས་བླ་བྲང་གི་རྟེན་གསུམ་ཁྲོད་དུ་བཞུགས་ཡོད། གནས་དེའི་གཡས་གཡོན་གྱི་ཉེ་འཁོར་ལ་གསའ་ཡི་ནོར་བུ་བཅུ་གསུམ་ཞེས། མིང་མཐའ་ནོར་བུས་རྒྱན་པའི་གཙོ་འཁོར་བཅུ་གསུམ་ཡོད་ཅིང་། དེ་དག་ནི་གཡས་སྐོར་དུ་རིམ་བཞིན་མགོན་ལྷ་ཡིད་བཞིན་ནོར་བུ། ལྷ་རྒོད་བསྟན་པའི་ནོར་བུ། གངས་ཤམ་ཁྱུང་གི་ནོར་བུ། ཇོ་མོ་སྨན་རྒྱལ་གྱི་ནོར་བུ། འབྲོང་རྗེ་དགྲ་འདུལ་གྱི་ནོར་བུ། སྲས་མོ་གཡུ་ཡི་ནོར་བུ། གསའ་མཚོ་འདོད་འབྱུང་གི་ནོར་བུ། རགས་པ་རྫ་ཡི་ནོར་བུ སེར་པོ་སྤང་གི་ནོར་བུ། དཀར་པོ་གངས་པོ་གངས་ཀྱི་ནོར་བུ། སྔོན་པོ་གའ་ཡི་ནོར་བུ། སྒོ་སྲུང་ཁྲོ་བོ་ཡི་ནོར་བུ། ག་དོར་བསམ་འགྲུབ་ནོར་བུ་སོགས་ཞི་རྒྱས་དབང་གི་ལས་ཚོགས་སྒྲུབ་པའི་ནང་འཁོར་ཚོགས་རྣམས་ཡིན། དེའི་ཕྱི་རུ་ཆིས་ཀྱི་རིན་ཆེན་བཅུ་གསུམ་ཞེས། རིན་པོ་ཆེའི་མིང་གིས་མཚོན་པའི་སྐུ་འཁོར་བཅུ་གསུམ་ཡོད་པ་དེ་ཚོ་ནི། ཞལ་དཀར་རྒྱལ་པོ་རིན་པོ་ཆེ། ནགས་རྫོངས་འཁོར་ལོ་རིན་ཆེན། གླང་ཆེན་སྟག་རིས་རིན་ཆེན། རྗི་ནི་དམག་དཔོན་རིན་ཆེན། གོ་བ་བློན་པོ་རིན་ཆེན། ཝ་ཉལ་བཙུན་མོ་རིན་ཆེན། ཡུལ་ཆེན་རྟ་མཆོག་རིན་ཆེན། ཚ་ཁ་དུང་དཀར་རིན་ཆེན། དཀར་མདོ་བུམ་པ་རིན་ཆེན། སྟག་འདབ་བྱ་ཁྱུང་རིན་ཆེན། དཀོར་རུ་པདྨ་རིན་ཆེན། དགོན་རྙིང་གསེར་ཉ་རིན་ཆེན། གསའ་མདའ་མན་དྷལ་རིན་ཆེན་བཅས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་ཀྱིས་མཚོན་པའི་སྐུ་འཁོར་དེ་རྣམས་ཡུལ་གྱི་ས་བཅུད་འཛིན་ཞིང་། ནང་གི་མི་ནོར་སྲུང་བའི་དྲག་རྩལ་ཅན་གྱི་ལྷ་སྲུང་སྐོར་ཞིག་ཡིན་ཏེ་གནས་ཀྱི་དཀར་ཆག་ལས། མཐའ་བསྐོར་རི་བོ་བཀྲ་ཤིས་རྟགས་བརྒྱད་མཛེས། །ཞིང་འདིར་དབུལ་འཕོངས་སྡུག་བསྔལ་འབྱུང་མི་འགྱུར། །ཞེས་གསལ། གནས་དེའི་སྐུ་རྒྱབ་ལ་རྒོད་ཀྱི་དར་རྒྱས་བཅུ་གསུམ་དང་གཡས་སུ་ཡ་གོང་དྲག་རྩལ་བཅུ་གསུམ་མདུན་དུ་རྒྱལ་ཤོག་མུ་ནམ་མཆེད་བརྒྱད་གཙོས་ཕྱི་འཁོར་ནང་འཁོར་སྤྲུལ་པ་ཡང་སྤྲུལ་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་རྡོ་རྗེའི་ལུང་ཚིག་དང་སྔ་རབས་པས་ཤོད་རྒྱུན་དུ་གསལ་ཡོད། གནས་མཆོག་དེ་ཉིད་ཀྱི་མདུན་ཞོལ་དུ་མཛོད་འཆང་སྨུག་མོ་རི་ཁྲོད་ཅེས་མཛོད་འཆང་སྨུག་མོ་རིའམ་ཡོངས་གྲགས་སུ་གསའ་ཕུའི་བང་མཛོད་དུ་གྲགས་པའི་རི་དེའི་སྒང་ཐོག་ཏུ་སྒྲུབ་བརྩོན་རྣལ་འབྱོར་དགྱེས་པའི་གནས་སམ་སྐུ་གསུམ་རྒྱལ་སར་བརྩོན་པའི་ལམ་བུ། ངེས་དོན་སྐྱེས་མཆོག་དུ་མའི་སྒྲུབ་གནས་ཀྱི་རི་ཁྲོད་ཅིག་ཆགས་ཡོད་པ་དེ། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ཡས་མས་སུ་ད་ལྟ་མཛོད་འཆང་སྨུག་མོ་རི་རི་ཟུར་དགོན་རྙིང་ལུང་པའི་ཕུག་ན་ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན་གྱིས་བོན་གྱི་བཙུན་མའི་འདུས་སྡེ་ཞིག་ཕྱག་བཏབས་པ་དེ་དུས་རབས་ཀྱི་འཕོ་འགྱུར་འཁྲོད་སྔར་གྱི་བཙུན་མའི་རི་ཁྲོད་དེ་རིམ་བཞིན་ཉམས་གུད་དང་ཁ་འཐོར་ཕྱིན་པ་ལས་བཙུན་མ་ཁག་གཅིག་གཤམ་ཆུང་ཞེས་པའི་ལུང་པའི་ཕུ་ན་རི་ཁྲོད་བཟུང་སྟེ་དགེ་སྦྱོར་ཉམས་ལེན་གནང་བའི་ཤུལ་ད་ལྟ་ས་གནས་དེར་དམངས་ཀྱི་ངག་བསྒྲོས་ལ་དགེ་མ་ཁང་ཤུལ་ཞེས་རྡོ་རྩིག་གི་ཤུལ་མང་པོ་མཇལ་དུ་ཡོད། དེ་ནས་གསའ་དགོན་བླ་རབས་རིམ་བྱོན་ནས་སྔར་གྱི་དགོན་རྙིང་ནང་གི་རི་ཁྲོད་དེར་མཛོད་འཆང་སྨུག་མོ་རི་རི་སྒང་དུ་སྤོས་ཏེ་ཉམས་གསོ་མཛད་པ་ཡིན། དེའི་གོང་དུ་བོན་བསྟན་སྔ་དར་སྐབས་འཆི་མེད་ཡབ་སྲས་རྣམ་གསུམ་གཙོས་པའི་བོན་གཤེན་དུ་མ་སྒོམ་སྒྲུབ་མཛད་པའི་སྒྲུབ་གནས་དང་བྲག་ཕུག་ཐུན་རྭ་མཆིས་པ་མ་ཟད། བསྟན་པ་ཕྱི་དར་སྐབས་བོན་བསྟན་སྲོག་གི་ཀ་ཆེན་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་རྣལ་འབྱོར་ཀུན་དགའ་རྒྱལ་མཚན་མཆོག་གནས་དེར་ཡུན་རིང་སྐུ་མཚམས་བཞུགས་ནས་གྲུབ་པའི་མཆོག་ལ་མངའ་བརྙེས་པ་ཡིན། དེ་ཡང་རྫོགས་པ་སྙན་རྒྱུད་གསོལ་འདེབས་ཚིག་བཤད་ནང་མགོན་ལྷ་དཀར་པོ་དབེན་པའི་སྒྲུབ་གནས་སུ།། རྣལ་འབྱོར་ཀུན་དགའ་རྒྱལ་མཚན་ལ་གསོལ་བ་འདེབས།། ཞེས་ཟབ་ལམ་མངའ་བདག་བརྒྱད་གྱི་གསོལ་འདེབས་ནང་དུ་འཁོད་ཡོད། ས་གནས་དེར་སྤྱིར་ན་གངས་འདབས་སུ་གནས་པི་ལྷག་རྗུང་རྒོད་ཅིང་འཁོར་ཡུག་གི་ཆ་རྐྱེན་ཞན་ཁར། མི་སྣ་འགྲོ་འོངས་དཀའ་བ་སོགས་ཀྱིས་བག་ཡངས་སྐྱིད་འདོད་དུ་འཚོ་བའི་མི་རྣམས་ལ་མི་འདབས་བ་དང་མ་འཚམས་པའི་སྣང་བ་ཞིག་ངང་གི་སྤྲད་སྲིད་ཀྱང་། ལྟོ་གོས་གྱོང་ལ་བསྐུར། ཚེ་འདིར་བཽས་གཏངས། ཐར་པ་དོན་དུ་གཉེར་བའི་ལས་ལྡན་སྐྱེས་བུ་སུས་འཇལ་ཡང་གསང་ཆེན་བླ་མེད་ཐེག་པའི་ཉམས་ལེན་སྐྱོང་སའི་ས་པྲ་ལེགས་ཤིང་། རྣམ་གཡེང་འདུ་འཛིའི་གཡའ་དང་བྲལ་བས་ཚངས་ཆེན་ཏིང་འཛིན་འཕྲུལ་གྱིས་སྐལ་ལྡན་སྒོམ་སྒྲུབ་མཛད་པའི་གནས་མཆོག་ཆེད་དུ་བཟོས་པ་དང་གཉིས་སུ་མ་མཆིས། རི་ཁྲོད་འདི་རུ་གསའ་དགོན་གྱི་བླ་རབས་མང་པོ་ཞིག་དགོན་གྱི་འདུ་ཚོགས་མཚར་དུས་དབྱར་ངོ་གནས་འདིར་སྐུ་མཚམས་ལ་བཞུགས་པ་དང་། དགུན་དུས་བུར་རྫུམ་དཔོན་ཚང་གཞིས་ཀ་གསའ་རྫོང་མ་ཞེས་པའི་ཐོག་གི་རི་ཁྲོད་དེར་བཞུགས་སྲོལ་ཡོད། དེ་མིན་བླ་རྒན་གྲྭ་རྒན་སོགས་རྒྱུན་ཆད་མེད་པར་གནས་འདིར་སྐུ་འཚམས་བཞུགས་མཁན་བྱུང་ཡོད། ལྷག་པ་གསའ་དགོན་བླ་མ་བསྟན་པ་རྒྱ་མཚོ་རིན་པོ་ཆེ་སྐུ་ཚེའི་སྨད་དུ་གནས་འདི་རང་དུ་རྒྱུན་བཞུགས་མཛད་པ་ཡིན། དུས་འགྱུར་རྗེས་ནས་ཏང་གི་ཡང་དག་པའི་སྲིད་ཇུས་འོད་སྟོང་ལ་བརྟེན་ནས་ཆོས་དད་རང་མོས་ཀྱི་རྩ་དོན་ཕྱག་བསྟར་གནང་བས་རི་ཁྲོད་འདི་ཉིད་༡༩༨༦ལོ་ཉམས་གསོ་མཛད། དེ་ནས་གསའ་དགོན་སྒོམ་གྲྭ་མཁན་རིན་པོ་ཆེ་བསམ་གཏན་གཙུག་ཕུད་མཆོག་གནས་འདིར་སྐུ་མཚམས་དམ་པར་བཞུགས་ནས་ད་བར་མི་ལོ་ཉི་ཤུ་ལྷག་ཙམ་ཕྱིན་པ་མ་ཟད། ད་དུང་རྩེ་གཅིག་ཆུ་བོའི་རྒྱུན་བཞིན་སྒོ་གསུམ་ཡེངས་མེད་ཀྱི་ཉམས་ལེན་སྐྱོང་དང་སྐྱོང་མུས་ཡིན།

03.jpg

   གསུམ་པ་རི་མཚོ་གཉིས་ཀྱི་སྐོར་ཚད་དང་ཕན་ཡོན་བསྟན་པ་ལ། སྤྱིར་གནས་མཆོག་འདི་ཉིད་ཕྱི་ལྟར་ན་ཞི་རྒྱས་དབང་དྲག་ལས་བཞི་ལྷུན་གྲུབ་ཀྱི་གས་མཁར་དབྱིབས་དང་ནང་ལྟར་ན་གཤེན་རབ་རྣམ་པར་རྒྱལ་བའི་ཕོ་བྲང་དངོས་ཡིན་པས་ནམ་བཞག་རྒྱུན་དུ་ཕྱག་དང་མཆོད་འབུལ་བསྐོར་བ་ལ་བརྩོན་ན་གནས་སྐབས་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། ཕྱི་མ་ཡང་སྒྲིབ་གཉིས་ཡོངས་སུ་བྲལ་ཞིང་ཐར་པ་བདེ་བའི་ས་རུ་གཤེགས་པའི་དགེ་བའི་སྡོང་དུ་འགྱུར་བ་གོར་མ་ཆགས། གནས་བཤད་ཀྱི་ཤོག་དྲིལ་ནང་དུ། འདི་ལ་གནས་འབྲེལ་བྱས་པ་གྲངས་མེད་ནི། རབ་ནི་སྟོང་ཉིད་ལྷུག་པར་འཆར། །འབྲིང་ནི་ཡི་དམ་ལུང་ཡང་སྟོན། །ཐ་མ་རྨི་ལམ་དག་སྣང་འཆར། །དེ་ཀུན་མ་བརྗེད་ཐུགས་ལ་ཞོགས། །ཕྱི་རབས་ཀུན་ལ་འདི་སྐད་སྒྲོག །ཞེས་དང་། གནས་ཀྱི་དཀར་ཆག་ལས། སྐོར་ཚད་ཉེར་ལྔས་མཚམས་མེད་ལས་སྒྲིབ་བྱང་། །སྐོར་བརྒྱ་བཞེངས་པས་བཅུ་གསུམ་ས་རུ་བགྲོད། །ཕྱག་སྐོར་མཆོད་འབུལ་སྐྱེ་གསུམ་སྒྲིབ་གཉིས་བྱང་། །ནད་མཚོན་མུ་གེ་བདུད་ཀྱི་འཇིག་པ་བྲལ། །ཞེས་ལུང་དུ་དངོས་སུ་གསལ་བས། ལས་འབྲས་ཡིད་གཞུངས་ཤིང་ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱིས་ནམ་ཞག་ཁོམ་ཚོད་དང་བསྟུན་ནས་རབ་རྒྱུན་དུ་ཕྱག་སྐོར་སྒྲིབ་སྦྱོང་དང་། འབྲིང་ལུང་དུ་བསྟན་པའི་སྐོར་ཚད་དེ་དང་མཐུན་པ། ཐ་མ་གནས་འབྲེལ་ཙམ་བྱུང་བ་ཡན་ཆོད་ངལ་བ་དོན་མེད་དུ་མི་འགྱུར། བུར་རྫོམ་སྡེ་བའི་དམངས་ཁྲོད་ཤོད་རྒྱུན་དུ་སྔར་ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན་གསའ་ཕུ་རི་ཁྲོད་དུ་བཞུགས་ནས་གསའ་ཕུའི་གནས་བདག་ཞལ་གཟིགས་མཛད་དེ་གནས་སྒོ་ཕྱེ་གྲབས་བྱས་དུས། བླ་མའི་གསོལ་དཔོན་གྱིས་སྒོ་བར་ནས་བྱ་ར་བྱས་པས་རྟེན་འབྲེལ་མ་འགྲིག་ནས་རེ་ཞིག་གནས་སྒོ་ཕྱེ་རྒྱུ་ནར་འགྱང་གྱུར། ཕྱིས་སུ་གནས་བདག་གིས་ཞུ་ཁྱི་ལོ་ཅན་ཞིག་གིས་གནས་སྒོ་དབྱེ་རྒྱུའི་ལུང་བསྟན་རྩལ་ཡང་། ད་ལྟའི་བར་གནས་སྒོ་ཕྱི་མཁན་བྱུང་མེད་ཞེས་ཟེར་སྲོལ་ཡོད། དེ་བཞིན་རྒྱུན་དུ་མཚོ་སྐོར་འགྲོ་ཞོར་དུ་གནས་རི་ལ་ཕྱག་མཆོད་འབུལ་བ་ཙམ་ལས་སྐོར་བ་བྱ་སྲོལ་མེད། འོན་ཀྱང་དམངས་ཁྲོད་ཀྱི་ཤོད་རྒྱུན་ཙམ་ལ་བློ་བཀལ་ནས་མཁས་ཤིང་གྲུབ་པའི་དབང་པོ་སྐྱེས་མཆོག་གསེར་རིའི་ཕྲེང་བ་ལྟ་བུའི་རྡོ་རྗེའི་བཀའ་ལུང་དག་གནང་མེད་དུ་སྐྱུར་བ་ནི་ཤིན་ཏུ་མི་རིགས་པའི་གནས་སོ། །དེ་མིན་རང་ཅག་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གནས་མཆོག་འདི་ཉིད་ཕྱག་དང་སྐོར་བ་རྒྱུན་དུ་བརྩོན་དགོས་པ་ནི་སྨོས་མེད་ཡིན། འོན་ཀྱང་གནས་རི་སྐོར་བ་ལ་སྐོར་ལམ་བདེ་མིན་དང་དུས་ཚོད་ཀྱིས་མ་བཅོག་ཚེ་ལུང་ལས་བསྟན་པའི་སྐོར་ཚད་བཞིན་མཚོ་དང་དགོན་པ་ལ་ལོ་ལྟར་ཕྱག་སྐོར་བརྩོན་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །གསའ་མདའ་དགོན་མི་གཡོ་བསམ་གཏན་གླིང་ནི། གནས་མཆོག་གང་གི་མདུན་ཞོལ་ཆིས་ཀྱི་མཎ་དྷལ་རིན་ཆེན་ཐོག་ཏུ་ཆགས་ཡོད། དེ་ཡང་གནས་ཀྱི་དཀར་ཆག་ལས། སྟོང་རྒྱུང་མཐུ་ཆེན་ཞལ་ནས་འདི་སྐད་གསུངས། ལྔ་བརྒྱ་དུས་གླང་བུའི་ཁྲི་སྟེང་དུ། མི་གཡོ་བསམ་གཏན་སྒོམ་པའི་འདུས་སྡེ་ཆགས། གནས་འདིར་སྒོམ་པའི་ངན་སོང་སྐྱེ་སྒོ་ཁེག །ཅེས་དང་། ལུང་གིས་ཟིན་པའི་དགོན་གནས་འདི་རྣམས་ལ། ཕྱི་རབས་འགྲོ་རྣམས་སྒྲིབ་སྦྱང་ཚོགས་རྫོགས་ཤོག ཅེས་སྐྱེས་ཆེན་དམ་པ་རྣམས་ཀྱི་ལུང་གིས་ཟིན་པའི་དགོན་པ་དང་གནས་རི་གཉིས་ལ་དུས་རྒྱུན་ལྷ་སྡེ་མི་དམངས་ཀུན་གྱིས་རི་དགོན་གཉིས་ཞེས་ཟས་ཀྱི་ཕུད་འབུལ་ས། གཏམ་གྱི་དབུ་འཛུགས་ས་བྱེད་སྲོལ་ཡོད་པ་མ་ཟད་དེ་སྔོན་བོད་གཞུང་གི་ཚད་ལྡན་ཡིག་ཚང་ཁག་ཏུ་བུར་རྫུམ་རི་དགོན་གཉིས་ཞེས་ལོ་རྒྱུས་བདེན་དཔང་ངམ་གྲགས་ཅན་མིང་རྟགས་འཁོད་ཡོད། དགོན་གྱི་དཀར་ཆག་དང་ལོ་རྒྱུས་རྒྱས་པ་གཞན་དུ་གསལ་བའི་འདིར་མ་བྲིས། བུ་རྫུམ་སྡེ་དགོན་གཉིས་ནས་ལོ་ལྟར་བོད་ཟླ་དྲུག་པའི་ནང་གསའ་ཕུའི་ལྷ་གསོལ་དུས་མཆོད་གཏོང་ཞི་གསས་མཁར་བརྩིགས་པ་དང་ཇོ་དར་འཛུགས་པ་དགའ་སྟོན་གྱི་བྲོ་གླུ་སོགས་བྱ་ཞིང་། དེ་དུས་རི་མཚོ་ལ་གནས་སྐོར་གྱི་མཇལ་པ་ཡང་མང་པོ་འགྲོ་སྲོལ་ཡོད།

 02.jpg

གསང་གསུམ་དགེ་ལེགས་ཟད་པ་མེད་པ་ཡི། །གནས་ཀྱི་ཡོན་ཏན་རིག་གྲོལ་རྒྱ་མཚོ་འཇིངས། །
ཇི་བཞིན་གཟིགས་ལ་ཚངས་པའི་སྤྱན་མངའ་ན། །བདག་བློའི་གཞལ་འདོད་མཁས་རྣམས་ཁྲེལ་བའི་རྒྱུ། །
འོན་ཀྱང་རིང་ནས་དད་སྤྲོའི་ཞིང་ས་ལ། །དགེ་བའི་གྲོགས་ཀྱིས་བཀའ་ཡི་ཆར་ཕབ་ཅིང་། །
དཔྱད་གཞིའི་ལུང་རིགས་ས་བོན་དང་ལྡན་པས། །གནས་བཤད་སོ་ནམ་ཁུར་ཆེན་ཕྲག་ཏུ་བླངས། །
འདི་ལྟར་གནས་ཀྱི་ཕྱི་ནང་ཡང་གསང་གི། །ཡིན་ཚུལ་ཇི་བཞིན་གཡུང་དྲུང་ལུང་ཚིག་དང་། །
མེས་པོའི་ངག་བསྒྲོས་ཇི་བཞིན་བྲིས་པ་ལས། །རང་འདོད་ངན་པས་དོན་ལ་བསླད་པ་མེད། །
འདི་བྲིས་རྣམ་དཀར་བསོད་ནམས་བདེན་སྟོབས་ཀྱིས། །མཐའ་ཡས་འགྲོ་རྣམས་གནས་ཀྱི་དོན་རྟོགས་ནས། །
ཕྱག་སྐོར་སྒྲིབ་སྦྱོང་དགེ་བའི་འཁོར་ལོ་ཡིས། །ཟག་མེད་ཐར་པའི་སྐམ་སར་བགྲོད་བྱེད་ཤོག །

ཅེས་གནས་ཀྱི་ལོ་རྒྱུས་འདི་ཉིད་སྔ་རབས་ཡིག་རྙིང་དང་མེས་པོའི་ངག་རྒྱུན་སོགས་ལ་ཁུངས་གཏུགས་ནས་སྟག་བཙུན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བྲིས་སོ། །