མདུན་ཤོག

བོན་གྱི་བྱ་འགུལ། - ༧རྗེ་བོན་བརྒྱ་ཚང་ལ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་ཕུལ་བ།

༧རྗེ་བོན་བརྒྱ་ཚང་ལ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་ཕུལ་བ།

 


2017-1-12 22:44:52 རྩོམ་པ་པོ། མང་བུ། བྱུང་ཁུངས། ཧི་མ་ལ་ཡའི་བོན། ཀློག་གྲངས།

 762143833507686569.jpg

༄༅།། ཀ་ནས་དག་པ་བོན་སྐུ་ཀུན་ཏུ་བཟང་།།
ཡེ་ནས་ལྷུན་རྫོགས་ལོངས་སྐུ་གཤེན་ལྷ་འོད།།
རོལ་བའི་སྒྱུ་འཕྲུལ་དམུ་རྒྱལ་ཐོད་དཀར་སྲས།།
སྐུ་གསུམ་བདག་ཉིད་བོན་བརྒྱ་བླ་མར་འདུད།།

555555.jpg

    ༧ལྷ་ཆེན་ཚངས་པ་དཀར་པོས་བདེ་ལེགས་ཀུན་འབྱུང་གི་ཁ་གཡང་སྒྲོགས་ཞོར། ཀླུ་རྒྱལ་གཙུག་ན་ཆེན་པོས་དགེ་ལེགས་དཔལ་འབར་གྱི་མཆོད་པ་འབུལ་ཞོར། བཀྲ་ཤིས་པའི་ཉི་མ་དོན་འགྲུབ་པའི་དབྱིངས་སུ་འཕགས་པའི་དུས་བཟང་པོ་དེ་བདག་ཅག་གི་སྟོན་མཆོག་གཤེན་རབ་མི་བོ་ཆེ་ལྷོ་འཛམ་བུའི་གླིང་འདིར་སྐུ་སྐྱེ་བ་བཞེས་པའི་ཉིན་མོ་ཡིན་ནོ།། དེ་རིང་གནས་འདི་རུ་མཆོག་གསུམ་སྲུང་མས་རྟགས་དང་རྟེན་འབྲེལ་གྱི་མཚན་མ་སྒྲིགས། མ་དང་མཁའ་འགྲོས་གཞའ་དང་མཚམས་སྤྲིན་གྱིས་གུར་ཁང་ཕུབས། ལྷ་སྲིན་སྡེ་བརྒྱད་སྡོངས་དང་གྲོགས་སུ་བྱོན་ནས་མགྲོན་བསུ་མཛད། སྐབས་དེར། ལས་དང་སྐལ་བ་ལྡན་ཞིང་དད་པ་དང་དམ་ཚིག་གཙང་བའི་སློབ་འབངས་ཁྲི་སྟོང་མང་པོས་མི་ཕྱེད་དད་པའི་གདུང་བ་དབྱངས་སུ་གྱེར་བཞིན། མི་འགྱུར་གཡུང་དྲུང་རི་མོ་སེམས་སུ་བསྒོམ་ནས། བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་ལེགས་ཚོགས་ཀྱི་དྲི་བསུང་འཐུལ་བའི། དུས་མཐའི་འདྲེན་པ་ཆེན་པོ་ཁྱེད་ཀྱི་སྐུ་ལུས་གསེར་གྱི་གཡུང་དྲུང་དུས་མཐར་བརྟན་ཆེད། གསུང་དབྱངས་འོ་མོའི་ཆུ་གཏེར་ནུབ་པ་མེད་ཕྱིར། ཐུགས་ཀློང་ཨ་ཡིག་རང་བྱོན་རྟག་ཏུ་འཆར་སླད། ཕྱོགས་ཕྱོགས་ནས་འོངས་ཏེ་གྲུ་འཛིན་གཉིས་པར་གྲགས་པའི་དབེན་གནས་ཀྱི་དག་ཞིང་མཐོང་ན་ཉམས་དགའ་ཞིང་མཇལ་ན་སྒྲིབ་པ་བྱང་སའི་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ལ་དུས་གཅིག་ཏུ་འདུས་ཏེ། མོས་གུས་གདུང་གསུམ་གྱི་དད་འདུན་སེམས་ཀྱིས་སྐྱོར་བཞིན། དྲི་མེད་དར་དཀར་གྱི་ལྷ་རྫས་ལག་པས་སྐྱོར་བཞིན། ཁྱེད་ལ་མཇལ་བར་ངང་སྒུག་བྱེད་བཞིན་འདུག

425127637603431098.jpg

    སྐབས་དེར་ཚེ་ཡི་རྣམ་སྤྲུལ་སངས་རྒྱས་མི་ཡི་གཟུགས་སུ་བྱོན་པ་མཚན་ནས་བསྙད་པར་དཀའ་བ་༧སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་གྱི་ཉེ་འགྲམ་ན་སྐུ་གཟུགས་གསུང་རབ་ཀྱིས་བྱིན་རླབས་འབར་བའི་གཟིག་ཤག་ལྷ་མིའི་འདུ་ར་མཐོང་བ་དོན་ལྡན་ནས་ཆིབས་བསྒྱུར་གནངས་པའི་དུས་དེར་དབྱིངས་ན་མཆོག་གསུམ་སྲུང་མས་དངོས་གྲུབ་ཀྱི་ཆར་བ་ཤག་ཤག་དང་བར་ན་ལྷ་སྲིན་སྡེ་བརྒྱད་དགའ་མགུ་ཡི་གར་སྟབས་ལྡེམ་ལྡེམ། འཛིན་མའི་ཁྱོན་ནའང་འཕོ་བ་གྲོང་འཇུག་གི་བླ་རབས་ཉེར་གསུམ་པ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་སོགས་ཀྱིས་གཙོར་མཛད་པའི་བླ་མ་དང་སྤྲུལ་སྐུ། དགེ་བཤེས་དང་མཁན་པོ་དག་གི་སྣེ་དྲངས་ནས་སེམས་དཔའ་འདུས་པ་རྒྱ་མཚོས་རྔ་གཤང་དུང་གླིང་གི་སྙན་དབྱངས་ཁྲོད་ནས་བསུ་མ་རྒྱ་ཆེར་མཛད་དེ་ལྷོ་འདོད་པ་ཀུན་འབྱུང་གི་གསས་ཁང་ནང་དུ་ཕེབས་ནས་གཤེན་རབ་མཆོད་ལྔའི་བོན་སྒྲ་དང་བཅས་ཏེ་གོང་ས་མཆོག་མི་འགྱུར་གཡུང་དྲུང་རྟག་བརྟན་གྱི་ཁྲི་ལ་བཞུགས།

706970379800216779.jpg

    དེ་ནས་སློབ་འབངས་ཡོངས་ཀྱིས་དད་འདུན་གཙང་མའི་ཀུན་ནས་བསླང་ཏེ་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ་བརྟན་བཞུགས་འབུལ་བའི་འགོ་བརྩམས་ཏེ་ཐོག་མར་བུ་ལོན་ལན་ཆགས་བསྙེག་པའི་ཡི་དྭགས་དྲི་ཟའི་ཚོགས་ལ་ཆགས་མེད་བྱམས་པའི་ཀློང་དུ་གླུད་བརྫང་བ་དང་། རིམ་བཞིན་དཀར་པོ་དགེ་ལ་བར་དུ་གཅོད་ཅིང་མི་མཐུན་པའི་ཕྱོགས་སུ་གྱུར་བའི་གདོན་བགེགས་འབྱུང་བོ་ཐམས་ཅད་དམིགས་མེད་སྟོང་བའི་ངང་དུ་བདེན་པའི་སྟོབས་ཀྱིས་མཚམས་བཅད་པ། དེ་ནས་ལྷ་ཚོགས་སྤྱན་དྲངས་ཏེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་བཤགས་པ་བྱ་བ་དང་གསོལ་བ་འདེབས་པ།

551268444185125783.jpg

    དེ་ནས་བརྟན་བཞུགས་མནྜལ་འབུལ་བ་ནི་སློབ་བུ་ཡོངས་ཀྱིས་སྟོང་གསུམ་མཆོད་པའི་རྫས་སུ་དམིགས་ཞིང་དངོས་སུ་འབྱོར་བའི་སྐུ་གསང་ཐུགས་རྟེན་ལ་ལི་སྐུ་སྣ་ཚོགས་དང་བཀའ་དང་བཀའ་བརྟེན། མཆོད་རྟེན་ཆེ་ཆུང་། ཞབས་ཟུང་གསེར་གྱི་འཁོར་ལོ་འགྱུར་མེད་གཡུང་དྲུང་གི་ཁམས་སུ་རྟག་ཏུ་བཞུགས་ཆེད་གཅན་ལྔའི་མཚོན་བྱེད་བཞུགས་པད་མ་ལྔ་བརྩེགས་དང་རྒྱལ་ཡོལ་འབྲུག་རིས་མ། མནྜལ་ལའང་གསེར་ལས་གྲུབ་པ། གཡུ་ལས་གྲུབ་པ། ཟངས་ལས་གྲུབ་པ། ལྕགས་ལས་གྲུབ་པ། དཔང་མཐོ་བ། མདངས་གསལ་བ་དག་ལ་ཨ་རུ་ར་དང་མེ་ཏོག་གིས་བརྒྱན་པ། བཟང་དྲུག་དང་གསེལ་དངུལ་གྱིས་གཏམས་པ་སོགས་ཀྱིས་མཚོན་པའི་མཆོད་རྫས་སྟོང་གསུམ་གང་བ་ཙམ་དུ་ཕུལ། བཀྲ་ཤིས་རྟགས་བརྒྱད་ཀྱིས་མངའ་གསོལ་བ་དང་རིན་ཆེན་སྣ་བདུན་གྱི་གཏེར་འབུལ་བ། མཆོད་པ་རྣམ་ལྔ་ཡི་ཐུགས་བསྐང་བ་སོགས་མདོར་ན་བླ་མ་རིན་པོ་ཆེ་བསགས་ཀྱི་ཞིང་ས་རླབས་པོ་ཆེ་རུ་དམིགས་ནས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ནམ་མཁའི་མཐའ་དང་མཉམ་པར་ཕུལ།

123.jpg

    དེ་ནས་བླ་སློབ་འདུས་པ་འདུས་པ་རྒྱ་མཚོ་ནས་འཆི་མེད་ཚེ་ཡི་ལྷ་ཚོགས་ལ་ཚོགས་འབུལ་བའི་ཆོ་གའི་དབུ་བཟུང་སྟེ། ཐོག་མར་ལྷ་ཚོགས་དབྱིངས་ནས་སྤྱན་དྲངས་པ་དང་ཕྱག་འཚལ་བ། བཤགས་པ་བྱས་པ་དང་མཆོད་པ་འབུལ་བ། དེ་ནས་བླ་སློབ་ཡོངས་ཀྱིས་དམིགས་མེད་ལྟ་བའི་ངང་མ་གཡོས་པའི་སྒོ་ནས་སྙིང་རྗེ་ལྡན་པའི་སྟོང་ཉིད་རལ་གྲི་ཡིས་ཁམས་གསུམ་ས་དགུ་དབྱིངས་སུ་བསྒྲལ་ཏེ་རྩ་གསུམ་ལྷ་དང་བཅས་པའི་ཞལ་དུ་བསྟབས་ཏེ་ཐུགས་དམ་བསྐང་ཞིང་རྟོག་མེད་ཡེ་ཤེས་ཀྱི་ཀློང་དུ་རོལ་བར་བྱས། ཁྱད་པར་དུ་གཤེན་རབ་སྟོན་པའི་བཀའ་དམ་ཅན་གྱི་སྲུང་མ་དམུ་བདུད་འབྱམས་པ་ཁྲག་མགོ་ལ་གཏང་རག་གི་ཚོགས་མཆོད་རྒྱ་ཆེར་སྤེལ། དེ་ནས་རྩ་གསུམ་ལྷ་དང་མཆོག་གསུམ་སྲུང་མའི་དཀྱིལ་འཁོར་ནས་དངོས་གྲུབ་ཞུས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་རོལ་ཞིང་ལྷག་མ་ལ་དབང་བའི་སེམས་ཅན་ཀུན་ལ་བཤལ་ཆུ་དང་བཅས་ཏེ་བསྔོས་སོ།།

199583123273558067.jpg

    དེ་ནས་བླ་སློབ་ཡོངས་ཀྱིས་ཐུགས་ཡིད་རྩེ་གཅིག་ཏུ་བསྲེས་ནས་སྨོན་ལམ་འདེབས་པ་དང་བཀྲ་ཤིས་གསོལ་བ། ལྷ་ཚོགས་དབྱིངས་སུ་བསྐྱོད་པ་བཅས་སོ།། མཇུག་མཐར་ད་རེས་ཀྱི་དགེ་སྒྲུབ་དང་ཚོགས་བསགས་རླབས་པོ་ཆེ་འདི་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་མཛད་འཕྲིན་མཐར་རུ་ཕྱིན་པ། གཞན་ཡང་བསྟན་འཛིན་སྐྱེས་ཆེན་དག་གི་སྐུ་ཚེ་བརྟན་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་ཐོབ་པའི་རྒྱུ་རུ་འཁོར་གསུམ་ཡང་དག་གི་ཀློང་ནས་བསྔོས་པ་དགེའོ།།

425190411444285206.jpg

306833446468963774.jpg

257023061770892065.jpg

285633438905404312.jpg