གཤེན་རབ་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས།།
འོག་མིན་གནས་སུ་མངོན་པར་སངས་རྒྱས་ཀྱང་།།
འགྲོ་ལ་རྣམ་བརྩེ་རྒྱལ་བའི་མི་ལུས་ལེན།།
རྣམ་པར་བཞེས་པ་ཁྱོད་ལ་ཕྱག་འཚལ་ལོ།།
མཁྱེན་བརྩེའི་དགོངས་སྤྱོད་ཡེ་ཤེས་སྣང་བའི་སྒྲོན།།
གང་འདུལ་དེ་སྟོན་དཔལ་གྱི་ཉི་ཟེར་གྱིས།།
བཀའ་ཡི་འདུལ་སྒོ་རྣམ་དག་དྲི་མ་མེད།།
རྣམ་པར་སྤྲུལ་པ་ཁྱོད་ལ་ཕྱག་འཚལ་ལོ།།
གདུལ་དཀའ་དུག་ལྔའི་མེ་ཆེན་རབ་འབར་བ།།
བཀའ་ཆབ་ཆར་ཆེན་ནམ་མཁའི་མཐའ་མཉམ་གྱིས།།
རྒྱུ་དྲུག་རྩད་གཅོད་ཕན་བདེ་དགོངས་སྤྱོད་བརྩེ།།
རྣམ་པར་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།།
གང་ཞིག་གང་གིས་འདོད་པའི་རྒྱ་མཚོར་བྱིང་།།
དེ་ཉིད་དེ་ཡི་དཔལ་དུ་བྲལ་བ་ཅན།།
མི་འབྲལ་ལྷ་མོའི་ངང་དུ་རོ་གཅིག་པ།།
རྣམ་པར་འཇོམས་པ་ཁྱོད་ལ་ཕྱག་འཚལ་ལོ།།
རྒྱལ་པོའི་གྲོང་ཁྱེར་ཁབ་ཀྱི་དམ་པ་ན།།
སུམ་བརྒྱ་དྲུག་ཅུའི་དགའ་བདེ་དཔལ་འབར་རོལ།།
འགག་མེད་བྱང་བའི་དཔེའུ་ཙེ་བསམ་ཡས་སྤེལ།།
རྣམ་པར་ངེས་པ་ཁྱོད་ལ་ཕྱག་འཚལ་ལོ།།
མ་རིག་རྣམ་པར་གསལ་བའི་རིག་པའི་སྒྲོན།།
རྒྱལ་བའི་གདུང་འཛིན་མི་རྗེ་སྲིད་པའི་སྲས།།
བསྐྱེད་བྱེད་དམ་པ་ཐར་བའི་བདེ་ལམ་འབྱེད།།
རྣམ་པར་རིག་པ་ཁྱོད་ལ་ཕྱག་འཚལ་ལོ།།
རབ་འབྱམས་མཁའ་མཉམ་སྲིད་དོ་ཅོག་གི་དཔལ།།
སྐུ་དང་ཞིང་ཁམས་གཡུང་དྲུང་བཀོད་ལེགས་རྒྱས།།
བསམ་འདས་འགྲོ་བ་རབ་འདྲེན་སྤྲོས་མཐའ་ཡས།།
རྣམ་པར་རྒྱས་པ་ཁྱོད་ལ་ཕྱག་འཚལ་ལོ།།
མ་རྟོགས་ལོག་རྟོག་དབང་གིས་འཁྲུལ་གྱུར་པ།།
འགྲན་མེད་འགྲན་བྱེད་སྙིང་རྗེ་བསྐྱེད་པའི་ཞིང་།།
ཐབས་ལ་མཁས་པའི་སྤྱོད་པས་རབ་དབྱེ་བ།།
རྣམ་པར་ཟློག་པ་ཁྱོད་ལ་ཕྱག་འཚལ་ལོ།།
རིན་ཆེན་སེམས་འདི་ཡོངས་སུ་བསྐྱེད་པའི་ཞིང་།།
སངས་རྒྱས་སྲས་པོ་དམ་པ་གང་གི་དོན།།
འགྲོ་བའི་ཆེད་བཞེས་དགེ་བའི་རྗེས་བཞག་པ།།
རྣམ་པར་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ།།
སྒྱུ་མའི་བདུད་ལྔས་འགྲོ་བ་དམ་འཆིང་བ།།
རང་གྲོལ་བདེ་ཆེན་དབྱིངས་སུ་མི་གཡོ་སྐྱོབ།།
མ་དག་ཀུན་སེལ་དྲི་མེད་གཙུག་གི་ནོར།།
རྣམ་པར་འདུལ་བ་ཁྱོད་ལ་ཕྱག་འཚལ་ལོ།།
གཡུང་དྲུང་སྙིང་པོ་ཆེན་པོ་དཔལ་གྱི་རིར།།
མཉམ་པའི་ངང་དུ་ཡེ་ཤེས་ལྷང་ངེ་བ།།
སྟོང་ཞིང་བདག་མེད་ཡེ་ཤེས་ཞི་བ་ཉིད།།
རྣམ་པར་གྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ།།
ཇི་སྙེད་དེ་སུན་རབ་ཏུ་དབྱུང་བའི་ཕྱིར།།
བོན་ཉིད་བདེ་ཆེན་དབྱིངས་སུ་ཞི་བར་གཤེགས།།
མཆོག་གི་མཆོག་ཏུ་མི་གཡོ་མཉམ་གནས་པ།།
རྣམ་པར་བྱང་བ་ཁྱོད་ལ་ཕྱག་འཚལ་ལོ།།
སྔར་མེད་དོན་མཐོང་བརྒྱ་ཕྲག་བཅུ་དྲུག་ཚོགས།།
དབྱིངས་ཡེ་ཐབས་ཤེས་སངས་རྒྱས་བོན་དང་བྱིན།།
སྤྲུལ་པ་དུས་བསྐལ་ཏིང་འཛིན་ཞིང་འོད་ལུས།།
འདུལ་བྱེད་བོན་སྒོ་འཁོར་ཚོགས་བརྒྱ་ཕྲག་སྟོན།།
རབ་ཏུ་དགའ་བ་ཁྱོད་ལ་ཕྱག་འཚལ་ལོ།།
འཆལ་ཚུལ་དྲི་མས་མ་གོས་རྣམ་དག་ངང་།།
རྟོགས་བྱའི་མཆོག་གྱུར་དབྱིངས་སུ་རབ་འབྱོངས་ནས།།
དོན་དམ་འདི་ནི་དམིགས་མེད་རབ་ཤེས་པ།།
དྲི་མ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ།།
བོན་གྱི་སྣང་བ་ཆེན་པོའི་དཔལ་བསྐྱེད་ཅིང་།།
འབར་བའི་འོད་ཟེར་སྤྲོས་པ་བསམ་མཐའ་ཡས།།
རྒྱུ་མཐུན་དོན་དམ་མཆོག་ཏུ་ས་ལེ་བ།།
འོད་ཟེར་འཕྲོ་བ་ཁྱོད་ལ་ཕྱག་འཚལ་ལོ།།
འདི་ལྟར་ཕྱོགས་མཐུན་རང་དང་གཞན་དོན་རྣམས།།
རབ་སླ་ཕྱག་མཐིལ་གནས་འདྲའི་སྟོབས་འགྱུར་ཆེ།།
མཐུ་ལྡན་ཡོངས་སུ་འཛིན་བྲལ་བདག་རྟོགས་པ།།
ཕྱག་རྒྱ་བསྒྱུར་བ་ཁྱོད་ལ་ཕྱག་འཚལ་ལོ།།
རང་སེམས་རྣམ་དག་བོན་སྐུ་ལྷང་ངེ་བ།།
གཞན་དོན་བྱ་དཀའ་གྲུབ་པའི་སྤྲིན་ཆེན་པོ།།
དབྱེར་མེད་ཐ་དད་བྲལ་བར་ཡོངས་སུ་འཚོགས།།
བོན་ཉིད་སྤྲིན་ཚོགས་ཁྱོད་ལ་ཕྱག་འཚལ་ལོ།།
འཁོར་བ་མྱ་ངན་འདས་པའི་བོན་གང་དག།
མངོན་དུ་གྱུར་པའི་རྟོགས་པ་ཡོངས་སུ་གསལ།།
གློ་བུར་དྲི་བྲལ་བདེ་ཆེན་རྣམ་པར་དག།
བདེ་ལྡན་རྟོགས་པ་ཁྱོད་ལ་ཕྱག་འཚལ་ལོ།།
མཚན་མའི་ཚོགས་ཀྱིས་མི་ཉེ་དམ་པའི་དོན།།
གཞན་ལུས་བློ་བྲལ་རང་དབང་མངོན་དུ་གྱུར།།
དབྱིངས་དང་ཡིད་དང་ཡིད་བཞིན་གསལ་བྱེད་བྲལ།།
ཡིད་བཞིན་གྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ།།
འདུ་ཤེས་གཉིས་བྲལ་གཡོ་མེད་རིན་པོ་ཆེ།།
ཆགས་མེད་རྣམ་པར་མི་རྟོག་རང་དབང་ཐོབ།།
སྐྱོན་ཡོན་བྲི་གང་བྲལ་བས་མཁའ་དང་འདྲ།།
མ་ཆགས་དག་པ་ཁྱོད་ལ་ཕྱག་འཚལ་ལོ།།
སོ་སོའི་རིག་གནས་ཡོངས་གསལ་ཡི་གེ་འདྲ།།
བློ་གྲོས་མཚུངས་མེད་ཡོངས་ལ་དབང་ཡང་བསྒྱུར།།
ཡང་དག་རིག་པ་བཞི་ཡི་ཡེ་ཤེས་ཐོབ།།
ཡི་གེ་ཚོགས་ཆེན་ཁྱོད་ལ་ཕྱག་འཚལ་ལོ།།
ཏིང་འཛིན་ཤེས་བྱ་ནམ་མཁར་རོ་གཅིག་པ།།
བརྩལ་མེད་ལྷུན་གྲུབ་འཕྲིན་ལས་ཕུན་སུམ་ཚོགས།།
བརྟན་པོར་འཆང་བ་ཡང་དག་ཤེས་བྱའི་གནས།།
མི་འགྱུར་གཡུང་དྲུང་ཁྱོད་ལ་ཕྱག་འཚལ་ལོ།།
ཕྲ་བའི་ཕྲ་བ་ཕྲ་རབ་འཇིག་བྲལ་རྡུལ།།
ཟབ་པའི་ཡོངས་ཟབ་འཛིན་པ་སྐད་ཅིག་མ།།
དོན་གཉིས་དེ་འབྲེལ་མཐར་ཐུག་ཡི་གེ་སྒྲོག།
སྒྲ་རྒྱལ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ།།
མཁའ་གསང་འཕྱོ་བའི་གཏིང་དཔག་དཔྱོད་ཙམ་ལྡན།།
སྣང་བའི་མཐར་ཐུག་འོད་ལྡན་རྫོགས་པ་ཆེ།།
གཟུངས་འཛིན་གཉིས་མེད་ཟེར་ལྡན་དོན་དམ་དངོས།།
འཚོ་མཛད་ཡེ་རྗེ་ཁྱོད་ལ་ཕྱག་འཚལ་ལོ།།
སྣང་སྲིད་ཡོངས་གཞི་མ་མ་ཤ་ཤའི་རྫི།།
ཡེ་སྲིད་ངོ་བོ་འགྱུར་མེད་བདག་ཉིད་ཆེ།།
ཇི་སྲིད་རྟེན་ཅིང་འབྲེལ་འབྱུང་གཞོམ་ཞིག་བྲལ།།
གཙུག་རྗེ་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ།།
ཀུན་སྣང་སྒྲོན་མ་ཟབ་འཆར་བརྟགས་དཀའ་ཆེ།།
ཀུན་གཞི་བྱང་ཆུབ་སེམས་ཉིད་ཡོངས་སུ་དག།
ཀུན་དོན་ལྐོགས་ན་མོར་གནས་ལུས་ཀུན་བསྐྱེད།།
རིག་འཛིན་གསང་དབང་མཆོག་ལ་ཕྱག་འཚལ་ལོ།།
མངོན་སངས་རྒྱས་ཀུན་ནམ་མཁའི་མཐའ་ལ་ཡང་།།
སེམས་ཉིད་གཞི་ཆེན་དམ་པ་དོན་གྱི་དངོས།།
བོན་ཉིད་ངོ་བོ་བདེན་པའི་ལམ་པོ་ཆེ།།
གཙུག་ཕུད་འཕགས་པ་ཁྱོད་ལ་ཕྱག་འཚལ་ལོ།།
འགྱུར་མེད་རྣམ་དག་ལྷང་ངེ་ཡོངས་རྫོགས་སྐུ།།
འགག་མེད་རྣམ་དག་རང་བཞིན་མེད་པའི་གསུང་།།
འཁྲུལ་མེད་རྣམ་དག་མངོན་སུམ་རྣལ་མའི་ཐུགས།།
དགྲ་བཅོམ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།།
བདེ་ལྡན་ཡེ་སངས་རྒྱས་ཀྱི་ངོ་བོ་ཉིད།།
རྣམ་གསལ་ལྷང་ངེ་ཀ་དག་ཡེ་ཤེས་རྒྱས།།
མི་རྟོག་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་དག།
རྫོགས་པ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།།
བོན་སྐུ་ཁྱབ་བདལ་ཡོངས་ཁྱབ་ཆེན་པོའི་ངང་།།
རྫོགས་སྐུ་ངེས་པ་ལྔ་ལྡན་དུས་མཐའ་བྲལ།།
སྤྲུལ་སྐུ་ཅི་ལྟར་མཁྱེན་མངའ་ཡོངས་མི་གཡོ།།
གཡུང་དྲུང་ཐེག་པ་ཆེ་ལ་ཕྱག་འཚལ་ལོ།།
བོན་ཉིད་སྐུ་ནི་ཡང་དག་མཐར་ཐུག་དོན།།
ངོ་བོ་ཉིད་སྐུ་འགྱུར་མེད་མཐའ་བྲལ་ངང་།།
ཐིག་ལེ་ཉག་ཅིག་རང་བཞིན་རྫོགས་སངས་རྒྱས།།
ཀུན་བཟང་མཐར་ཐུག་དཔལ་ལ་ཕྱག་འཚལ་ལོ།།
བསྟོད་པའི་རྒྱལ་པོ་ཡིད་བཞིན་ནོར་བུ་འདི།།
དབྱངས་ཀྱི་ཡན་ལག་སྙན་པའི་སྒྲ་ཀུན་གྱིས།།
རྣམ་བསྟོད་བསོད་ནམས་དེ་ནི་བསམ་མཐའ་ཡས།།
རྫོགས་སངས་རྒྱས་དྲུང་ཅི་ནས་སྐྱེ་བར་བྱེད།།
གང་གིས་བོན་རྣམས་ཐམས་ཅད་བརྗོད་བྱེད་དང་།།
བསྟོད་པ་དམ་པ་འདི་ཉིད་བརྗོད་བྱེད་པ།།
བསོད་ནམས་ཆེ་བས་དེས་ན་འདི་བརྗོད་དོ།།
ཅི་ཕྱིར་ཞེ་ན་མི་མཇེད་སྟོན་པ་དེ།།
ཐུགས་རྗེ་ཆེ་ལྡན་མཆོག་ཡིན་དེ་བསྟེན་ན།།
དེ་ལས་ལྷག་པའི་བསོད་ནམས་ཆེར་བསྐྱེད་དོ།།
|